རང་སྐྱོང་ཁུལ་སོ་སོས་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་ལག་བསྟར་རྒྱུན་འཁྱོངས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་ཇེ་བཟང་དུ་བཏང་།
2017.10.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 31

གསར་འགོད་པས་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་བསྡུས་པའི་རྒྱལ་ཡོངས་མི་རིགས་རང་སྐྱོང་ཁུལ་གྱི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཉམས་མྱོང་བརྗེ་རེས་སྐབས་གསུམ་པའི་ཡུལ་དངོས་ཀྱི་གྲོས་ཚོགས་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། རང་རྒྱལ་གྱི་མི་རིགས་རང་སྐྱོང་ཁུལ་སུམ་བཅུ་ཡིས་འཕེལ་རྒྱས་འདུ་ཤེས་ཆེན་པོ་ལྔ་ལག་བསྟར་རྒྱུན་འཁྱོངས་བྱས་ཏེ། ཤུགས་ཆེན་པོས་མདུན་དུ་སྐྱོད་པའི་རྣམ་པ་མངོན་གསལ་དུ་གྱུར། ཉིས་སྟོང་བཅུ་དྲུག་ལོའི་འབྲེལ་ཡོད་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་དེ་ཉིས་སྟོང་བཅུ་ལོ་དང་བསྡུར་ན་ལྡབ་འགྱུར་གྱིས་འཕར་བ་མངོན་འགྱུར་བྱུང་།

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་པཱ་ཐུར་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། རང་རྒྱལ་གྱི་མི་རིགས་རང་སྐྱོང་ཁུལ་སུམ་བཅུ་ལ་མཚོན་ན་མང་ཆེ་བ་རྒྱང་རིང་མཐའ་འཁོབ་ཏུ་གནས་པ་དང་སྔོན་ཆད་འཕེལ་རྒྱས་རྗེས་ལུས་ཡིན། ཉེ་བའི་ལོ་འགའི་རིང་དུ། ཁུལ་སོ་སོས་གསར་གཏོད་དང་མཐུན་འགྲིག ལྷད་མེད། སྒོ་འབྱེད་པ། མཉམ་རོལ་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་བསྟར་རྒྱུན་འཁྱོངས་བྱས་པས། དཔལ་འབྱོར་འཕེལ་རྒྱས་ཐད་ལེགས་ཆ་ངེས་ཅན་ལྡན་པ་རེད།

དཔེར་ན། ཀོས་ཀྲོའུ་ཞིང་ཆེན་ཆན་ཏུང་ནན་ཁུལ་གྱིས་གཞི་གྲངས་ཆེ་བ་དེ་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་དང་། ཁོངས་ཡོངས་གནས་སྐོར། གནད་ཁེལ་དབུལ་སྐྱོར་བཅས་དང་ཟུང་འབྲེལ་བྱས་པས་དཔལ་འབྱོར་སྤྱི་འབོར་མུ་མཐུད་དུ་འཕར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱིས་ཚྭ་འདམ་གཞོང་ས་ནས་འཁོར་རྒྱུག་ཐོན་ལས་མུ་འབྲེལ་བསྐྲུན་ཏེ་ལྗང་མདོག་འཕེལ་རྒྱས་ཕྱོགས་སུ་སྔོན་གྲལ་དུ་བསྐྱོད་པ། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཡེ་ལེ་ཁུལ་གྱིས“རྒྱུད་གཅིག་ལམ་གཅིག”གི་གོ་སྐབས་དམ་འཛིན་བྱས་ཏེ་ཧའོ་ཨར་ཀོ་སི་དཔལ་འབྱོར་གསར་སྤེལ་ས་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱས། ལོ་ལྔ་ཡི་རིང་ལ་རིམ་རྩིས་ཀྱིས་ཕྱི་གཏོང་ནང་འདྲེན་བྱས་པའི་ཉོ་ཚོང་དངུལ་འབོར་ཨ་སྒོར་དུང་ཕྱུར་སུམ་བརྒྱ་དང་གོ་གཉིས་ལ་སླེབས་པ་རེད།

དེ་དང་མཉམ་དུ། ཉེ་བའི་ལོ་འགའི་རིང་ཁུལ་སོ་སོའི་སྤྱི་ཕན་རྨང་གཞིའི་སྒྲིག་བཀོད་དང་ལྷག་པར་འགྲིམ་འགྲུལ་སྒྲིག་བཀོད་འཛུགས་སྐྲུན་ཕྱོགས་སུ་འཕེལ་རྒྱས་ཆེན་པོ་བྱུང་བས། རྗེས་ཤུགས་སྤེལ་བར་རྨང་གཞི་བཏིང་བ་རེད། དཔེར་ན་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་ཁུལ་དང་ཡུས་ཧྲུའུ་ཁུལ་གྱིས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་སྟོང་བཞི་ཡོད་པའི་མཐོ་སྒང་དུ་ཡན་ལག་གནམ་གྲུ་ཐང་བསྐྲུན་པ་དང་། ཡུན་ནན་ཞིང་ཆེན་ཝུན་ཧྲན་ཁུལ་སོགས་རང་སྐྱོང་ཁུལ་བདུན་ལ་མྱུར་སྐྱོད་མེ་འཁོར་ཤར་གཏོང་བྱས་ཤིང་། གྲུབ་འབྲས་འདི་དག་ནི་སྔོན་ཆད་བློ་ཡུལ་དུའང་ཤོང་དཀའ་བ་ཞིག་རེད།

“མིག་སྔའི་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བལྟས་ན། རང་སྐྱོང་ཁུལ་སོ་སོའི་འཕེལ་ཚུལ་ཧ་ཅང་བཟང་།”ཞེས་པཱ་ཐུར་གྱིས་དེ་ལྟར་བཤད་བྱུང་། ཐོག་མའི་ཞིབ་རྩིས་བྱས་པ་ལྟར་ན། ཉིས་སྟོང་བཅུ་དྲུག་ལོར་རང་རྒྱལ་གྱི་མི་རིགས་རང་སྐྱོང་ཁུལ་སུམ་བཅུ་ཡི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཁྲི་གཅིག་དང་གྲངས་ཆུང་བདུན་གཉིས་ལ་སླེབས་པ་དང་། དེ་ཉིས་སྟོང་བཅུ་ལོ་དང་བསྡུར་ན་ལྡབ་འགྱུར་གྱིས་འཕར་བ་མངོན་འགྱུར་བྱུང་།

དེ་ལྟ་ནའང་། རང་སྐྱོང་ཁུལ་སོ་སོས་དབུལ་ཐར་ཕྱུག་བསྒྱུར་དང་འབྱོར་འབྲིང་གི་ལམ་དུ་སྐྱོད་པའི་ཁྲོད་གནོན་ཤུགས་ཆེན་པོ་ཐེག་ཡོད། པཱ་ཐུར་གྱིས་བཤད་རྒྱུར། རང་རྒྱལ་གྱི་མི་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ཡོངས་ཀྱི་ས་ཁྱོན་ཁྲོད་བཞི་ཆའི་གཅིག་ཟིན་ཡོད་མོད། འོན་ཀྱང་དཔལ་འབྱོར་སྤྱི་འབོར་ཅུང་ཉུང་བ་རེད། ཉིས་སྟོང་བཅུ་དྲུག་ལོའི་ལོ་མཇུག་བར། རང་རྒྱལ་གྱི་མི་རིགས་རང་སྐྱོང་ཁུལ་གྱི་དབུལ་ཕོངས་མི་གྲངས་ཀྱི་ཚད་ཁྲི་ལྔ་བརྒྱ་དང་ལྔ་བཅུ་ཙམ་དུ་བསླེབས་པ་དང་། དེས་རྒྱལ་ཡོངས་ཀྱི་བརྒྱ་ཆའི་བཅུ་གསུམ་ཟིན། དབུལ་ཕོངས་བྱུང་ཚད་བརྒྱ་ཆའི་དགུ་ལ་སླེབས་པ་དང་། དེ་རྒྱལ་ཡོངས་ལས་ལྡབ་གཅིག་གིས་མཐོ། ཉིས་སྟོང་བཅུ་དྲུག་ལོར་རང་རྒྱལ་གྱི་མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་རྒྱལ་ཡོངས་ཀྱི་ཆུ་ཚད་ལས་བརྒལ་བའི་རང་སྐྱོང་ཁུལ་གཅིག་ཀྱང་མེད།

པཱ་ཐུར་གྱིས་བཤད་དོན། རང་སྐྱོང་ཁུལ་སོ་སོས་དུས་ལྟར་དབུལ་ཐར་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ན། ངེས་པར་བློ་སྟོབས་ཆེན་པོས་བྱས་རྗེས་ཆེན་པོ་འཇོག་དགོས། ཕྱོགས་གཅིག་ནས་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་སྲིད་ཇུས་བཟང་པོ་སྔར་ལས་ལག་བསྟར་ནན་མོ་བྱས་ནས་ཡུལ་དེའི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ཧུར་པོར་གཏོང་དགོས། ཕྱོགས་གཞན་ཞིག་ནས་འཐུས་ཚང་ཅན་དང་ནུས་ལྡན་ཅན་གྱི་དབུལ་ཐར་དང་འཕེལ་རྒྱས་ནང་རྐྱེན་འཚོལ་ཞིབ་བྱས་ནས་འཛུགས་དགོས། རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་པ་དང་ཞིང་ཆེན་གཞན་པས་རོགས་སྐྱོར་བྱེད་པ། ནང་ཁུལ་དུ་འགུལ་ཤུགས་འབྱུང་བ་བཅས་མཉམ་དུ་མཆོང་བརྒལ་ཚུལ་གྱིས་འཕེལ་བའི་སྟོབས་ཤུགས་ཆེན་པོར་བསྒྱུར་དགོས།

རྩོམ་སྒྲིག་པ། སྐར་མ་འཚོ །