རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱས་ནས། མི་དང་རང་བྱུང་འཆམ་མཐུན་ངང་འཕེལ་རྒྱས་ཡོང་བར་བྱེད་པ་ནི། མཚོ་སྔོན་མི་དམངས་ཀྱི་ཕུགས་འདུན་ཡིན་ལ། “ཀྲུང་ཧྭའི་ཆུ་མཛོད”དང“གཙང་གསུམ་འབྱུང་ཡུལ”ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་རྨང་གཞི་གལ་ཆེན་ཡིན།
སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་དེ་དང་ཐོག་གི་ཕྱུགས་ལས་རྐྱང་བའི་སྡེ་བའི་མཉམ་ལས་ཁང་བདུན་གྱི་ཚོད་ལྟ་ནས། ཞིང་ཆེན་ཡོངས་ཀྱི་ཕྱུགས་ལས་རྐྱང་བའི་སྡེ་བ་བརྒྱད་བརྒྱ་གྱ་གསུམ་དུ་ཡོངས་སུ་ཁེབས་པ་དང་། དེ་ནས་ད་ལྟའི་སྡེ་བ་དགུ་བརྒྱ་རེ་གཅིག་དང་འབྲོག་པ་ཁྱིམ་ཚང་འབུམ་གཅིག་ཁྲི་གཅིག་སྟོང་ལྔ་ལ་ཕན་ཁེ་ཐོབ་པར་བརྟེན། ཞིང་ལས་པུའུ་ཡིས་མཚོ་སྔོན་དུ་ཐོག་མར“རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ”བཙུགས་པས། མཚོ་སྔོན་གྱི་རྩྭ་སའི་སྐྱེ་ཁམས་ཐད་སྔ་ན་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་ལེགས་པོ་བསྐྲུན་པ་དང་། ལྷག་པར་དུ་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ཐད་གསོན་ཤུགས་གསར་བ་བསྣན།
མཚོ་སྔོན་ཞིང་ཆེན་གྱིས“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ལྟར། མ་རྐང་ལམ་ལུགས་གཙོ་བོ་ཡིན་པ་དང་། ཁྱིམ་འབྲེལ་ལམ་ལུགས་དང་འཚོ་ཚབ་ལམ་ལུགས། ཁྱིམ་ཚང་ཆེན་པོའི་ལམ་ལུགས་ཁ་གསབ་ཡིན་པ། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གཞི་རྩའི་རྩ་འཛུགས་སྡེ་ཁག་ཡིན་པ་བཅས་ཀྱི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་དཔེ་དབྱིབས་འཚོལ་ཞིབ་བྱུང་བ་དང་། རྒྱལ་ཡོངས་ནས་ཐོག་མར་སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་ལ་ཕན་ནུས་ལྡན་པའི་རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་བ་ཞིག་བཏོད།
“བསྒྱུར་བ་བཞིར”དམ་པོར་དམིགས་པ་དང་ལྷག་པར་དུ“རོང་འབྲོག་པའི་སྣ་གཅིག་རང་བཞིན་གྱི་འདེབས་འཛུགས་དང་གསོ་སྤེལ། ལྟ་སྲུང་བཅས་ནས་སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བའི་འཁོར་སྐྱོད་ལེགས་པའི”ཕྱོགས་སུ་བསྒྱུར་བར་དམ་པོར་དམིགས་སྟེ། མཚོ་སྔོན་མི་དམངས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་གཞི་ཁྱོན་ཆུང་ཞིང་ཐར་ཐོར་ཡིན་པའི་སྲོལ་རྒྱུན་དཔེ་དབྱིབས་དོར་ཏེ། ལེགས་བསྡུས་ཞིབ་གཉེར་ཅན་དང་གཞི་ཁྱོན་ཅན། ཐོན་ལས་ཅན་བཅས་ཀྱི་དེང་རབས་ཕྱུགས་ལས་ཀྱི་དཔེ་དབྱིབས་ཕྱོགས་སུ་གོམ་པ་བརྟན་པོས་བསྐྱོད།
ལག་ལེན་ལས་མ་རྐང་ལམ་ལུགས་མཉམ་ལས་ཁང་འཛུགས་སྐྲུན་བྱས་ཚེ། སྒྲིག་སྲོལ་གྱི་སྟེང་ནས་རྩྭ་སའི་ཤོང་ཚད་ལས་བརྒལ་ནས་ཕྱུགས་འཚོ་བ་དང་རྩྭ་ཕྱུགས་དོ་མཉམ་མིན་པའི་གནད་དོན་ཐག་གཅོད་བྱས་ཏེ། སྐྱེ་ཁམས་ཀྱི་འགན་འཁྲི་བྱེ་བྲག་ཅན་དུ་གཏོང་ཐུབ་པ་ར་སྤྲོད་བྱུང་།
མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་ཕྱུགས་ལས་ཆེད་མཁས་པ་བང་ཧོས་ལིན་གྱིས་བཤད་རྒྱུར། 2014ལོར་རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་བཙུགས་རྗེས། ཞིང་ཆེན་ཡོངས་ཀྱིས་གཏན་ལ་ཕབ་པའི་འཐབ་ཇུས་ལྟར་མུ་མཐུད་དུ་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱས་པ་དང་། “6381”དཀྱིལ་སྙིང་ཡིན་པའི་རྩེ་གྲས་ཇུས་འགོད་གཅིག་བསྡུས་སྒོས་ལེགས་བཅོས་བྱས་ཏེ། སྟོབས་ཤུགས་ཡོད་དགུས་རིམ་བསྒྱུར་རིམ་སྤར་དང་ནང་གནས་སྒུལ་ཤུགས་ཇེ་དྲག་ཏུ་བཏང་ཞིང་། སྔར་བྱས་ཀྱི་འཛུགས་སྐྲུན་ཉམས་མྱོང་གི་རྨང་གཞིའི་སྟེང་། ཐོན་སྐྱེད་འབྲེལ་བ་ལེགས་སྒྲིག་དང་བྱ་བའི་བསམ་ཕྱོགས་དང་བྱེད་ཕྱོགས། བྱེད་ཐབས་བཅས་གསར་བསྐྲུན་བྱས།
ཁྱད་པར་དུ་ཞིང་ཆེན་ཡོངས་ཀྱི་ཚོད་ལྟའི་ཁུལ་ཆིག་བརྒྱ་ནས་མ་རྐང་ལམ་ལུགས་བསྒྱུར་བཀོད་བྱེད་པར་ངོ་བོ་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་། སྦྲ་དཀར་དང་མེ་ལོང་སོགས་དཔེ་མཚོན་རང་བཞིན་གྱི་མཉམ་ལས་ཁང་སྐོར་ཞིག་བྱུང་སྟེ། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྩལ།
བང་ཧོས་ལིན་གྱིས་བཤད་རྒྱུར། མ་རྐང་ལམ་ལུགས་ཀྱི་མཉམ་ལས་ཁང་ནི་མིག་སྔའི་གནས་བབ་འོག་སྲོལ་རྒྱུན་ཕྱུགས་ལས་དེ་མཐོ་སྒང་གི་ཁྱད་ལྡན་དེང་རབས་ཕྱུགས་ལས་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བྱེད་པའི་བྱེད་ཐབས་གཙོ་བོ་ཡིན་ལ། བྱེད་ཐབས་འདིས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་གང་ལེགས་སྒོས་མཚོན་པ་དང་། ལག་ལེན་ཁྲོད་ནས་དུས་ཡུན་རིང་བོར་རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི“གཅིག་གྱུར་བདག་གཉེར་དང་ཐར་ཐོར་བདག་གཉེར་གཉིས”ཟུང་འབྲེལ་གྱི་གནད་དོན་ཐག་གཅོད་བྱས་པར་མ་ཟད། སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བ་འཁོར་སྐྱོད་ལེགས་པོའི་ཕྱོགས་སུ་བསྒྱུར་བར་ཉམས་མྱོང་འདོན་སྤྲོད་དང་། ཐབས་ལམ་འཚོལ་ཞིབ་བྱུང་བ་རེད།
ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་ཐིན་ཀྲང་གཞོན་པ་མྭ་ཆིན་ཏི་ཡིས་བཤད་རྒྱུར། མ་རྐང་ལམ་ལུགས་ཀྱི་མཉམ་ལས་ཁང་ལ་རང་ཉིད་ཀྱི་རྩྭ་ས་གཅིག་གྱུར་བཀོད་སྒྲིག་བྱེད་པའི་ནུས་ཤུགས་ལྡན་པས། རྩྭ་ས་རིགས་བཀར་ནས་དོ་དམ་བྱེད་པར་ཐོག་མའི་གྲུབ་འབྲས་བླངས་ཤིང་། ཕྱུགས་བཀག་རྩྭ་གསོ་དང་རྩྭ་ས་བཅོས་སྐྱོང་སོགས་བྱས་ཏེ། འཁོར་རྒྱུགས་བེད་སྤྱོད་བྱེད་མགོ་བརྩམས། རྩེ་ཁོག་སོགས་ས་ཁུལ་ཁ་ཤས་ཀྱིས་ཐོག་མར་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་ལམ་ལུགས་ལག་བསྟར་བྱས་ཏེ། རྩྭ་ས་སྲུང་སྐྱོབ་བྱས་པའི་མཉམ་ལས་ཁང་དང་འབྲོག་པ་ཁྱིམ་ཚང་དག་ལ་བྱ་དགའ་ཐོབ་པ་དང་། མང་ཚོགས་ཀྱི་རྩྭ་ས་སྲུང་སྐྱོབ་ཀྱི་བརྩོན་སེམས་སྔར་ལས་ཇེ་དྲག་ཏུ་གྱུར།
མ་རྐང་ལམ་ལུགས་བསྒྱུར་བཀོད་ཀྱི་དཔེ་མཚོན་མཉམ་ལས་ཁང་ཞིག་ཡིན་པའི་ཆ་ནས། ཉེ་བའི་ལོ་ལྔའི་རིང་ལ་སྦྲ་དཀར་མཉམ་ལས་ཁང་གི་ཕྱུགས་རྩྭའི་ཐོན་ཚད་བརྒྱ་ཆའི་བཅུ་ལྷག་ཏུ་ཇེ་མཐོར་སོང་བ་དང་། སྔོ་ཁེབས་ཀྱི་ཚད་བརྒྱ་ཆའི་དྲུག་ཅུ་ནས་བརྒྱ་ཆའི་བརྒྱད་ཅུར་ཇེ་མཐོར་སོང་། བྲ་ཁུང་སྔོན་ཆད་ལས་སུམ་ཆའི་གཅིག་ཇེ་ཉུང་དུ་སོང་། རྩྭ་ས་མུའུ་ཆིག་བརྒྱ་ཡི་ཕྱུགས་ཀྱི་ཤོང་ཚད་ལུག་གི་རྩིས་གཞི་གཉིས་ལྷག་ཇེ་ཉུང་དུ་བཏང་། 2008ལོར་མེ་ལོང་སྡེ་བའི་རྩྭ་ས་མུའུ་རེའི་ཕྱུགས་རྩྭའི་ཐོན་ཚད་སྤྱི་རྒྱ་ཆིག་བརྒྱ་ང་གཉིས་ཡིན་པ་དང་། 2015ལོར་རྩྭ་ས་མུའུ་རེའི་ཕྱུགས་རྩྭའི་ཐོན་ཚད་སྤྱི་རྒྱ་སུམ་བརྒྱ་ང་བཅུར་ཇེ་མཐོར་སོང་། རྩེ་ཁོག་རྫོང་གི་ས་ནག་སྤྱི་ཆིང་ཁྲི་བཞི་སྟོང་ལྔ་སུམ་བརྒྱ་ནས་སྤྱི་ཆིང་ཁྲི་གཅིག་སྟོང་གཅིག་སུམ་བརྒྱར་ཇེ་ཉུང་དུ་སོང་བ་དང་། མུག་སྐྱོབ་ལ་བརྟེན་ནས་འཚོ་བ་རོལ་བའི་དབུལ་ཕོངས་འབྲོག་དམངས་བརྒྱ་དང་ཉི་ཤུ་དབུལ་ཕོངས་ལས་ཐར།
ལག་ལེན་ལས་མ་རྐང་ལམ་ལུགས་ཀྱི་མཉམ་ལས་ཁང་འཛུགས་སྐྲུན་བྱས་ཚེ། ཕྱུགས་ལས་ཐོན་སྐྱེད་ཀྱི་རྣམ་པ་རྗེས་ལུས་ཡིན་པའི་གནད་དོན་ཐག་གཅོད་བྱས་ཏེ། ཐོན་སྐྱེད་ཀྱི་ཕན་འབྲས་ཆེན་པོ་མངོན་འགྱུར་བྱེད་ཐུབ་པ་ར་སྤྲོད་བྱུང་།
བང་ཧོས་ལིན་གྱིས་བཤད་རྒྱུར། མཚོ་སྔོན་གྱིས་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་སྐབས། མ་རྐང་ལམ་ལུགས་ཀྱི་བདག་གཉེར་བྱེད་སྟངས་ནི་རྩྭ་ས་དང་ཕྱུགས་ཟོག་མ་རྐང་དུ་འཇོག་པ་དང། ཁྱུ་བགོས་ནས་གསོ་བ། ས་ཁག་བགོས་ནས་རེས་མོས་ཀྱིས་འཚོ་བ། ངལ་རྩོལ་པར་ལས་ཀ་བགོ་བ། ཕན་འབྲས་ལྟར་ཁེ་སྤོགས་བགོ་བ་བཅས་ཡིན་པ་གསལ་བོར་བསྟན་ལ། འདི་ལྟ་བུའི་བསམ་བློའི་མཛུབ་སྟོན་འོག ཞིང་ཆེན་ཡོངས་སུ་མ་རྐང་བསྒྱུར་བཀོད་དོན་ཐོག་ཏུ་འཁྱོལ་བ་དང་། ནང་གནས་སྒུལ་ཤུགས་ཇེ་དྲག་ཡིན་པ། བདག་གཉེར་ལ་རྩ་འཛུགས་ལྡན་པ། མང་ཚོགས་ཀྱི་ཡོང་སྒོ་རྒྱུན་ལྡན་སྒོས་མཐུད་འཕར་སྣོན་གྱི་དཔེ་མཚོན་མཉམ་ལས་ཁང་སྐོར་ཞིག་བྱུང་།
ད་སྐབས་ང་ཚོས་དགའ་འོས་པ་ཞིག་ནི་མཚོ་སྔོན་གྱི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ཁྲོད་ནས་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བའི་བར་གྱི་འགལ་བ་ཐག་གཅོད་ལེགས་པོ་བྱས་པ་དང་། ཐོན་སྐྱེད་རྒྱུ་ཆ་དང་ངལ་རྩོལ་ནུས་ཤུགས་རྩ་འཛུགས་ཅན་གྱི་རིམ་ཚད་མངོན་གསལ་སྒོས་མཐོར་འདེགས་བྱུང་ཞིང་། ཁྱུ་བགོས་ནས་གསོ་བ་དང་། ས་ཁག་བགོས་ནས་རེས་མོས་ཀྱིས་འཚོ་བ། རྩྭ་འདེབས་འཚོ་གསོ་དང་རྒྱུད་བཟང་གསོ་སྤེལ་སོགས་ཀྱི་བྱེད་ཐབས་བདེ་བླག་ངང་ལག་བསྟར་བྱས་ཏེ་ཕན་འབྲས་ཆེན་པོ་ཐོབ་ཡོད་པ་རེད།
ཁྱད་པར་དུ་སྦྲ་དཀར་ཕྱུགས་ལས་མཉམ་ལས་ཁང་གིས་ཕྱུགས་རྒྱུད་ལ་རྩ་འཛུགས་ཅན་གྱི་ཐོན་སྐྱེད་ལག་བསྟར་བྱས་ཏེ། 2012ལོ་ནས2015ལོའི་བར་གྱི་ལོ་གསུམ་གྱི་ནང་རྒྱུད་བཟང་ནོར་གནག་གསོ་སྤེལ་གྱི་ཚད་བརྒྱ་ཆའི་དྲུག་ནས་བརྒྱ་ཆའི་བདུན་ཅུར་ཇེ་མཐོར་སོང་བ་དང་། མོ་ཕྱུགས་ཀྱི་བསྡུར་ཚད་དེ་བརྒྱ་ཆའི་ཞེ་ལྔ་ནས་བརྒྱ་ཆའི་རེ་ལྔར་ཇེ་མཐོར་སོང་། མ་རྐང་མཉམ་ལས་ཁང་གིས་བྱས་འབྲས་དོ་དམ་དང་བྱ་དགའ་སྟེར་བ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་ཤིང་། མཉམ་ལས་ཁང་ཁ་ཤས་ཀྱི་བེའུ་དང་ལུ་གུའི་གསོན་ཚད་བརྒྱ་ཆའི་དགུ་ཅུ་ཡན་དུ་བསླེབས།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁུལ་མང་པོའི་ཐོན་མཐོའི་གསོ་སྤེལ་ར་བའི་ལུ་གུའི་ལྗིད་ཚད་སྤྱི་རྒྱ་སོ་ལྔ་ཡོད་པ་དང་། ལོ་དེར་རྒྱུད་སྤེལ་ཆོག་པ་དང་། མོ་ལུག་ཞིག་གིས་ལོ་གཉིས་ཀྱི་ནང་ཐེངས་གསུམ་ལ་རྩེབས་ཐུབ་པ་མངོན་འགྱུར་བྱུང་། སྦྲ་དཀར་མཉམ་ལས་ཁང་གི་ཁོངས་མི་ཆིག་བརྒྱ་ཉེར་དགུ་ཡིས་ཕྱུགས་ལས་གཉེར་གྱིན་ཡོད་པ་དང་། ལྷག་མའི་ཁོངས་མི་ཉིས་བརྒྱ་བཅུ་གཉིས་ཀྱིས་ཐོན་ལས་གཉིས་པ་དང་ཐོན་ལས་གསུམ་པ་གཉེར་གྱིན་ཡོད།
ཐེམ་ཆེན་རྫོང་གི་མེ་ལོང་མཉམ་ལས་ཁང་གི་ཁྱིམ་ཚང་བདུན་ཅུའི་ཁྲོད་ཀྱི་ཁྱིམ་ཚང་སོ་དྲུག་གིས་རྫོང་མཁར་དུ་རླངས་འཁོར་བཀྲུ་བ་དང་། གླ་གཏོང་རླངས་འཁོར་བསྐོར་བ། ཕྱུགས་ལས་ཐོན་རྫས་བཙོང་བ་སོགས་ཀྱི་ལས་ཀ་གཉེར་ནས་ཡོང་སྒོ་བཙལ་གྱིན་ཡོད། སྡོམ་རྩིས་བྱས་པ་ལྟར་ན། མིག་སྔར། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ཁྲོད་ཀྱི་བརྒྱ་ཆའི་རེ་ལྔ་ཡན་གྱི་མཉམ་ལས་ཁང་གིས་གཞི་ཁྱོན་མི་འདྲ་བའི་ཁྱད་ལྡན་ཕྱུགས་ལས་ཐོན་རྫས་དང་མི་རིགས་བཟོ་རྩལ་ཐོན་རྫས་ལས་སྣོན་སོགས་ཀྱི་ཐོན་ལས་གཉེར་གྱིན་ཡོད།
2016ལོར་དཔེ་འཐེན་བརྟག་དཔྱད་བྱས་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ཚོད་ལྟའི་ཁུལ་གྱི་ཚོད་ལྟ་བྱེད་སའི་མཉམ་ལས་ཁང་གི་ཐོན་ལས་དང་པོ་དང་ཐོན་ལས་གཉིས་པ། ཐོན་ལས་གསུམ་པ་བཅས་ཀྱི་ཡོང་སྒོའི་བསྡུར་ཚད་དེ་བརྒྱ་ཆའི་ལྔ་གཉིས་ལྷག་དང་བརྒྱ་ཆའི་ཉི་ཤུ་ལྷག བརྒྱ་ཆའི་ཉེར་དྲུག་ལྷག་བཅས་སུ་བསླེབས། 2008ལོའི་ཚུན་གྱི་དཔེ་དབྱིབས་སྣ་ཚོགས་ཀྱི་ལག་ལེན་ལས་བལྟས་ན། མ་རྐང་ལམ་ལུགས་ཀྱི་མཉམ་ལས་ཁང་ནི་མིག་སྔའི་གནས་བབ་འོག་ཁྱོན་ཡོངས་ནས་རྩྭ་སའི་ཕྱུགས་ལས་ཐོན་སྐྱེད་ཀྱི་སྤུས་ཚད་མཐོར་འདེགས་དང་རིམ་པ་བསྒྱུར་བའི་ཐབས་ལམ་ཁོ་ན་ཡིན་པས། ཐོན་སྐྱེད་ཀྱི་ཕན་འབྲས་ཆེས་ཆེན་པོ་མངོན་འགྱུར་བྱེད་ཐུབ་པར་སྙམ།
ལག་ལེན་ལས་མ་རྐང་ལམ་ལུགས་ཀྱི་མཉམ་ལས་ཁང་འཛུགས་སྐྲུན་བྱས་ཚེ། གཞི་རྩའི་སྟེང་ནས་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་དང་འཚོ་བའི་ཆུ་ཚད་མཐོར་འདེགས་གཏོང་ཐུབ་པ་ར་སྤྲོད་བྱུང་།
2016ལོར་ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་སྡོམ་རྩིས་བྱས་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ཚོད་ལྟའི་མཉམ་ལས་ཁང་ཆིག་བརྒྱ་ཡི་ཁོངས་མི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཅིག་ལྷག་ཡིན་པ་དང་། ཁུལ་དྲུག་གི་རོང་འབྲོག་མང་ཚོགས་ཀྱི་ཆ་སྙོམས་ཆུ་ཚད་ལས་སྒོར་ཆིག་སྟོང་བརྒྱད་བརྒྱ་ལྷག་གིས་མཐོ་བ་རེད། སྦྲ་དཀར་མཉམ་ལས་ཁང་གི2016ལོའི་སྤྱིའི་ཡོང་སྒོ་སྒོར་ས་ཡ་དགུ་འབུམ་བཞི་ཁྲི་བརྒྱད་ལྷག་ཡིན་པ་དང་། ཡོང་སྒོ་རྐྱང་བ་སྒོར་ས་ཡ་བཞི་འབུམ་དགུ་ཁྲི་གསུམ་ལྷག་ཡིན་པས། མི་རེའི་ས་སྙོམས་ཡོང་སྒོ་སྒོར་ཁྲི་གཅིག་སྟོང་ལྔ་ལས་བརྒལ།
ཁྱད་པར་དུ་མེ་ལོང་མཉམ་ལས་ཁང་གི་སྤྱིའི་ཡོང་སྒོ་སྒོར་ས་ཡ་དྲུག་འབུམ་དྲུག་ཁྲི་གཉིས་ཡིན་པ་དང་། ཡོང་སྒོ་རྐྱང་བ་ས་ཡ་གསུམ་འབུམ་བརྒྱད་ཁྲི་གསུམ་ཡིན་པས། མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཅིག་སྟོང་བདུན་ལྷག་ཏུ་བསླེབས་པ་དང་། 2008ལོ་ལས་ལྡབ་གསུམ་ཙམ་འཕར། ཆི་ལེན་རྫོང་མདའ་བཞི་མཉམ་ལས་ཁང་གི་ཁྱིམ་ཚང་སོ་གཉིས་ཀྱིས་མ་རྐང་ལམ་ལུགས་ལག་བསྟར་བྱས་ནས་ལོ་གཅིག་རྗེས་ཀྱི་ཡོང་སྒོ་རྐྱང་བ་སྒོར་ས་ཡ་གཉིས་འབུམ་གཅིག་ཏུ་བསླེབས།
མིག་སྔར། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱས་པ་བརྒྱུད། དབུལ་ཕོངས་མང་ཚོགས་ཀྱིས་རྩྭ་ས་དང་ནོར་ལུག་མ་རྐང་དུ་བཞག་ནས་ཡུན་རིང་གི་ཡོང་སྒོ་མངོན་འགྱུར་བྱས། ནང་སྒོས་སུ་སྦྲ་དཀར་དང་མེ་ལོང་སྡེ་བ་གཉིས་ཀྱིས་མཉམ་ལས་ཁང་གི་ཁེ་སྤོགས་དང་ཐོན་ལས་གཉིས་པ་དང་ཐོན་ལས་གསུམ་པ་གོང་དུ་སྤེལ་ནས། དབུལ་ཕོངས་ཁྱིམ་ཚང་ཚང་མ་དབུལ་ཕོངས་ལས་ཐར་བ་མངོན་འགྱུར་བྱས།
ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་ཐིན་ཀྲང་བང་ཡུས་ཧུའུ་ཡིས་བཤད་རྒྱུར། མ་རྐང་ལམ་ལུགས་ཀྱི་མཉམ་ལས་ཁང་གིས་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་དང་འཚོ་བའི་ཆུ་ཚད་ཇེ་མཐོར་བཏང་། རྗེས་ཕྱོགས་སུ་ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས“བསྒྱུར་བ་བཞིའི”བླང་བྱ་ལག་ལེན་དངོས་འབེབས་དང་། སྐྱེ་ཁམས་དང་མ་རྐང་། ཚད་ལྡན། གསར་སྐྲུན། དཔེ་སྟོན། སྐྱེ་ལྡན་བཅས་ཀྱི་བྱེད་ཐབས་དམ་འཛིན་བྱས་ཏེ། མུ་མཐུད་དུ་ཚོད་ལྟའི་ཁུལ་གྱི་བྱ་བ་སྣ་ཚོགས་ལེགས་སྒྲུབ་བྱེད་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་གཏོད་བྱེད་རྒྱུ་ཡིན་ཟེར།
མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་གལ་ཆེ་ཞིང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས། ངེས་པར་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་གོ་གནས་གལ་ཆེན་དུ་བཞག་ནས་དམ་འཛིན་བྱེད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་ཏུ་བཏང་སྟེ། དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་དགོས།
རྩྭ་ས་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་ནི་ང་ཚོ་འཚོ་སྡོད་ཀྱི་ཁྱིམ་གཞིས་སྲུང་སྐྱོབ་བྱེད་པ་དེ་ཡིན། ཇི་ལྟར་རྩྭ་སའི་ཕྱུགས་ལས་རྒྱུན་མཐུད་ངང་འཕེལ་རྒྱས་དང་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་མཚོ་སྔོན་གྱིས་དངོས་གནས་ཐག་གཅོད་བྱེད་དགོས་པའི་གནད་དོན་གལ་ཆེན་དུ་གྱུར་ཡོད།
ལོ་ངོ་དུ་མའི་རིང་ལ་འཚོལ་ཞིབ་བྱས་ཏེ། མཚོ་སྔོན་གྱིས་སྒྲིག་སྲོལ་ནང་རྐྱེན་ཕྱོགས་སུ་ཐོག་མར་མཚོ་སྔོན་གྱི་དོན་དངོས་དང་མཐུན་པའི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་བ་ཞིག་བཏོད། ནང་སྒོས་སུ2014ལོར་ཞིང་ལས་པུའུ་ཡིས་མཚོ་སྔོན་དུ“རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ”དང་པོ་བཙུགས་ཏེ། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་དེ་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་ཞུགས།
མ་རྐང་ལམ་ལུགས་ཀྱི་མཉམ་ལས་ཁང་ནི་མིག་སྔའི་གནས་བབ་འོག་སྲོལ་རྒྱུན་ཕྱུགས་ལས་ནས་མཐོ་སྒང་གི་ཁྱད་ལྡན་དེང་རབས་ཕྱུགས་ལས་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བྱེད་པའི་ཐབས་ལམ་ལེགས་པོ་ཞིག་ཡིན་ལ། ཐབས་ལམ་འདིས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་གང་ལེགས་སྒོས་མཚོན་པ་དང་། ལག་ལེན་ཁྲོད་ནས་དུས་ཡུན་རིང་བོར་རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་གནད་དོན་ཐག་གཅོད་བྱས་པར་མ་ཟད། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་འཁོར་སྐྱོད་ལེགས་པོའི་ཕྱོགས་སུ་བསྒྱུར་བར་ཉམས་མྱོང་འདོན་སྤྲོད་དང་ཐབས་ལམ་འཚོལ་ཞིབ་བྱས།
ལོ་ཙཱ་བ།སྒྲོལ་མ་སྐྱིད།