རིག་གནས་རང་གཤིས་མངོན་པར་བཏོད་ནས་ཡུལ་སྐོར་ཐོན་རྫས་ཀྱི་རྒྱུ་སྤུས་ཇེ་མཐོར་བཏང་།
2017.10.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 30

ད་ལྟ་རྒྱལ་ནང་གི་ས་ཆ་མང་པོ་ཞིག་ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་ཆོག་པའི་ལམ་བུ་གསར་བར་བསྐྱོད་ནས། གྲོང་ཁྱེར་ཡོངས་ལ་སྐུལ་ཁྲིད་བྱེད་པ་དང་ཡུལ་ཁོངས་ཡོངས་ཀྱི་ལྗོངས་ཁུལ་འཕེལ་རྒྱས་བྱུང་བ། ཁྱད་ལྡན་ཐོན་ཁུངས་ལ་སྐུལ་འདེད་བྱེད་པ། ཐོན་ལས་གཏིང་ཟབ་ཏུ་མཉམ་འདྲེས་བྱུང་བ། ཡུལ་སྐོར་བྱེད་ནུས་ལ་རམ་འདེགས་བྱེད་པ་སོགས་ཀྱི་རྣམ་པ་གསར་བ་བྱུང་། ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་ཐོན་རྫས་མུ་མཐུད་དུ་ཡར་ཐོན་བྱུང་བ་དང་བསྟུན་ནས། ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་ལ་མ་རྩ་འཇོག་མཁན་ཇེ་མང་ནས་ཇེ་མང་ཡིན་པས། མ་འོངས་པའི་འཕེལ་རྒྱས་ཀྱི་ལམ་བུ་ཤིན་ཏུ་ཡངས།

ཉེ་ལམ། རྒྱལ་ཁབ་ཡུལ་སྐོར་ཅུའུ་ཡིས་ཁྱབ་སྒྲོག་བྱས་པའི«2017ལོའི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་ཚུལ་སྙན་ཞུ»ཡི་ནང་དུ། འདས་པའི་ལོ་ངོ་གཉིས་ཀྱི་རིང་ལ་བླངས་པའི་གྲུབ་འབྲས་རྩིས་བཤེར་བྱས་ཡོད་པར་མ་ཟད། ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་ལག་བསྟར་བྱས་པའི་ལོ་ངོ་གཉིས་ཀྱི“གྲུབ་འབྲས་ཐོ་ཡིག”ཀྱང་བསྒྲགས་ཡོད། གཞི་གྲངས་ལས་མངོན་པ་ལྟར་ན། 2016ལོར། རང་རྒྱལ་གྱི་རྒྱལ་ནང་གི་ཡུལ་སྐོར་པ་དང་མངའ་ཁོངས་ཕྱིའི་ཡུལ་སྐོར་པ། ཕྱི་རྒྱལ་དུ་བསྐྱོད་པའི་ཡུལ་སྐོར་པ་གསུམ་གྱི་ཡུལ་སྐོར་ཚོང་ཁྲོམ་གྱི་ཡུལ་སྐོར་མི་གྲངས་དུང་ཕྱུར་ཞེ་བདུན་ལ་བསླེབས་པ་དང་། ཡུལ་སྐོར་གྱི་འཛད་སྤྱོད་སྒོར་དུང་ཕྱུར་ཁྲི་ལྔ་དང་སྟོང་ལྔ་ལ་སླེབས། 2016ལོར་རྒྱལ་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཐད་མ་དངུལ་སྒོར་དུང་ཕྱུར་ཁྲི་གཅིག་དང་སྟོང་གཉིས་དགུ་བརྒྱ་གོ་བདུན་བཏང་བ་དང་། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉེར་དགུ་འཕར་ཡོད། ཐོན་ལས་གསུམ་པ་དང་བརྟན་འཇགས་རྒྱུ་ནོར་ཐད་བཏང་བའི་མ་དངུལ་དང་བསྡུར་ན་སོ་སོར་བརྒྱ་ཆའི་གྲངས་ཐིག་བཅོ་བརྒྱད་དང་བརྒྱ་ཆའི་གྲངས་ཐིག་ཉེར་གཅིག་གིས་མཐོ། ཐོན་ལས་ཐད་བཏང་བའི་མ་དངུལ་དང་བསྡུར་ན་བརྒྱ་ཆའི་གྲངས་ཐིག་ཉེར་གཉིས་ཀྱིས་མཐོ།

ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་ཆོག་པ་དེ་ནི་ཀྲུང་གོའི་དཔལ་འབྱོར་གྱི་གཙོ་གནད་ཞིག་ཏུ་གྱུར་ཡོད། རྒྱལ་ཁབ་ཡུལ་སྐོར་ཅུའུ་ཡི་ཅུའུ་ཀྲང་ལི་ཅིན་ཙའོ་ཡིས་བཤད་རྒྱུར། ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་ཆོག་པ་དེ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཤིག་ཏུ་གྱུར་ནས། ས་ཆ་སོ་སོའི་ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་པ་ནི་རྣམ་པ་སྣ་ཚོགས་ཏེ། གྲོང་ཁྱེར་ཡོངས་ལ་སྐུལ་ཁྲིད་བྱེད་པ་དང་ཡུལ་ཁོངས་ཡོངས་ཀྱི་ལྗོངས་ཁུལ་འཕེལ་རྒྱས་བྱུང་བ། ཁྱད་ལྡན་ཐོན་ཁུངས་ལ་སྐུལ་འདེད་བྱེད་པ། ཐོན་ལས་གཏིང་ཟབ་ཏུ་མཉམ་འདྲེས་བྱུང་བ། ཡུལ་སྐོར་བྱེད་ནུས་ལ་རམ་འདེགས་བྱེད་པ་སོགས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་རིམ་པ་མང་བའི་ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་པར་སྐུལ་འདེད་བྱེད་པའི་རྣམ་པ་གསར་པ་མངོན་ཟེར།

དཔེ་སྟོན་ཁུལ་བསྐྲུན་པའི་ཆུ་ཚད་ཇེ་མཐོར་སོང་བ།

ད་ལྟ་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་པའི་ལམ་བུ་གསར་པར་བསྐྱོད་མཁན་ཇེ་མང་ནས་ཇེ་མང་རེད། ས་ཆ་སོ་སོས་གཅིག་རྗེས་གཉིས་མཐུད་དུ་ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་པའི་དཔེ་སྟོན་ས་ཁུལ་བསྐྲུན་པའི་བྱ་བ་དེ་བཟོ་འགོད་གལ་ཆེན་དུ་བརྩི་བཞིན་ཡོད་ལ། ལྷག་ཏུ་ཧའེ་ནན་དང་ཉིན་ཞ། ཧྲའན་ཞི། ཀོས་ཀྲིག ཧྲན་ཏུང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་གྱིས་སྐབས་དེར་ཞིང་ལས་དང་བཟོ་ལས་གཙོ་བོར་བཟུང་བ་ལྟ་བུའི་ཤེད་ཤུགས་དེ་བཀོལ་བཞིན་ཡོད།

ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་པ་དེ་གནས་གཅིག་ནས་ཕྱོགས་མང་པོར་འགྱུར་བ་དང་། ཕྱོགས་མང་པོ་ནས་ཁྱོན་ཡོངས་ལ་ཁེབས་པའི་སྣང་ཚུལ་བྱུང་། «སྙན་ཞུ»ལས་མངོན་པ་ལྟར་ན། མིག་སྔའི་བར་དུ། རྒྱལ་ཁབ་ཡུལ་སྐོར་ཅུའུ་ཡིས་བསྡོམས་པས་སྐོར་ཐེངས་གཉིས་ལ་རྒྱལ་ཁབ་ཀྱི་ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་པའི་དཔེ་སྟོན་ས་ཁུལ་གསར་སྐྲུན་ལས་ཁུངས་ལྔ་བརྒྱ་ཆོག་མཆན་བཀོད། དེ་ནི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་གཅིག་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ས་ཡ་གཅིག་དང་འབུམ་བརྒྱད་ཡོད་ཅིང་། རྒྱལ་ཡོངས་ཀྱི་མངའ་ཁོངས་རྒྱ་ཁྱོན་གྱི་བརྒྱ་ཆའི་བཅུ་དགུ་ཟིན། སྤྱིའི་མི་འབོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་དྲུག་ལ་འབྲེལ་ཞིང་རྒྱལ་ཡོངས་ཀྱི་སྤྱིའི་མི་འབོར་གྱི་བརྒྱ་ཆའི་ཉི་ཤུ་ཟིན། དེ་ལས་གཞན། རྒྱལ་ཁབ་ཡུལ་སྐོར་ཅུའུ་ཡིས་ད་རུང་ཧའེ་ནན་དང་ཉིན་ཞ། ཧྲའན་ཞི། ཀོས་ཀྲིག ཧྲན་ཏུང་། ཧི་པེ། ཀྲེ་ཅང་བཅས་ཞིང་ཆེན་བདུན་ནི་ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་པའི་དཔེ་སྟོན་ས་ཁུལ་བསྐྲུན་པའི་སྡེ་ཚན་ཡིན་པའི་ཆོག་མཆན་བཀོད།

རྒྱལ་ཁབ་ཀྱི་ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་པའི་དཔེ་སྟོན་གསར་སྐྲུན་སྡེ་ཚན་ཁྲོད་ནས་ཡུལ་སྐོར་ལེགས་ཆ་ལྡན་པའི་ཐོན་ལས་ཆགས་མགོ་བརྩམས། གཞི་གྲངས་ལས་མངོན་པ་ལྟར་ན། 2016ལོར། རྒྱལ་ཁབ་ཀྱི་ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་པའི་དཔེ་སྟོན་ས་ཁུལ་གསར་སྐྲུན་སྡེ་ཚན་ལྔ་བརྒྱ་ཡིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མི་ཐེངས་དུང་ཕྱུར་བཅོ་བརྒྱད་སྣེ་ལེན་བྱས་ལ། རྒྱལ་ཡོངས་ཡུལ་སྐོར་མི་ཐེངས་ཀྱི་བརྒྱ་ཆའི་བཞི་བཅུ་དང་གྲངས་ཆུང་བརྒྱད་ཟིན། ལོ་སྔོན་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉི་ཤུ་འཕར། ཡུལ་སྐོར་གྱི་སྤྱིའི་ཡོང་སྒོ་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་གཅིག་དང་སྟོང་བདུན་དྲུག་བརྒྱ་བླངས་བ་དང་། ལོ་སྔོན་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉེར་བརྒྱད་འཕར་ཡོད།

ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་པའི་དཔེ་སྟོན་ས་ཁུལ་བསྐྲུན་པའི་བྱ་བར་དམིགས་ནས། ལི་ཅིན་ཙའོ་ཡིས་བཤད་རྒྱུར། ལྟ་ཞིབ་ཚད་ལེན་དང་ཞིབ་བཤེར་ནན་ཏན་བྱེད་པ། འགུལ་ཚུལ་དོ་དམ་ལག་བསྟར་བྱེད་དགོས་ཤིང་། གནད་དོན་ཚབས་ཆེན་བྱུང་བའི་ས་ཆར་ཐ་ཚིག་བསྒྲགས་པ་དང་ཐ་ན་དཔེ་སྟོན་ས་ཁུལ་གྱི་མཚན་མིང་དང་གསར་སྐྲུན་སྡེ་ཚན་གྱི་ཐོབ་ཐང་མེད་པར་གཏོང་དགོས་ཞེས་བཤད།ཧྲའན་ཞི་ཞིང་ཆེན་ཡུལ་སྐོར་གོང་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀའོ་ཀྲུང་དབྱིན་གྱིས་བཤད་རྒྱུར། ཧྲའན་ཞི་ཞིང་ཆེན་གྱིས་ཡུལ་ཁོངས་ཡོངས་ལ་ཡུལ་སྐོར་བྱེད་པའི་དཔེ་སྟོན་ས་ཁུལ་བསྐྲུན་པའི་བྱ་བ་གཅིག་གྱུར་གྱིས་འཛིན་པ་དང་། རྒྱལ་སྤྱིའི་རྩེ་གྲས་རིག་གནས་ཡུལ་སྐོར་ལྟེ་གནས་བསྐྲུན་པའི་བྱ་བ་གཅིག་གྱུར་གྱིས་འཛིན་རྒྱུ་ཡིན་ལ། ཡུལ་སྐོར་ལས་རིགས་ཀྱི་བཅོས་བསྒྱུར་གསར་གཏོད་བྱ་བ་གཅིག་གྱུར་བྱེད་པ་དང་། སྤུས་ཀ་ལེགས་པའི་ཡུལ་སྐོར་ལས་རིགས་གོང་སྤེལ་བྱ་བ་གཅིག་གྱུར་བྱེད་པ། ཡུལ་སྐོར་སྣང་བརྙན་གྱི་སྙན་གྲགས་ཇེ་མཐོར་གཏོང་བའི་བྱ་བ་གཅིག་གྱུར་གྱིས་འཛིན་རྒྱུ་ཡིན་ཟེར།

དཔེ་སྟོན་ཁུལ་ནི་མ་དངུལ་གཏོང་འཇོག་གི་རླུང་ཁ་ལྟ་བུར་གྱུར་པ།
ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་པ་མགྱོགས་མྱུར་གྱིས་སྐུལ་འདེད་བྱས་པ་དང་བསྟུན་ནས། ཡུལ་སྐོར་ལས་རིགས་དེ་མ་དངུལ་གཏོང་འཇོག་གི་རླུང་ཁ་ལྟ་བུར་གྱུར། 《སྙན་ཞུ》ལས་ཤེས་པ་ལྟར་ན། ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་པར་སྐུལ་སྤེལ་བྱེད་པའི་ཁྲོད་དུ། ས་ཆ་སོ་སོས་མཉམ་འདྲེས་འཕེལ་རྒྱས་དང་གསར་གཏོད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ཡུལ་ཁོངས་རིག་གནས་གཏིང་ཟབ་ཏུ་སྔོན་འདོན་བྱེད་པ་དང་རིག་གནས་རང་གཤིས་འབུར་དུ་བཏོད་པ། ཐོན་རྫས་ཀྱི་ཚན་རྩལ་འདུས་ཚད་ཇེ་མཐོར་གཏོང་བ། ཡུལ་སྐོར་ཐོན་རྫས་ཀྱི་རྒྱུ་སྤུས་ཇེ་མཐོར་བཏང་བས། ཡུལ་སྐོར་ཐོན་རྫས་གསར་པ་དང་ལས་རིགས་གསར་པ་མུ་མཐུད་དུ་བྱུང་བས། ཡུལ་སྐོར་པ་དང་མ་རྩ་གཏོང་མཁན་གཉིས་ནས་མཐོང་ཆེན་བྱས།

གསར་འགོད་པས་ཤེས་གསལ་ལྟར་ན། ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་དང་ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད། ཡུལ་སྐོར་ལྗོངས་ཁུལ་དང་གསོལ་ཁང་སོགས་ནི་མ་དངུལ་གཏོང་བའི་ཁ་ཕྱོགས་གཙོ་བོར་གྱུར། སྡོམ་རྩིས་བྱས་པ་ལྟར་ན། 2016ལོར། གསར་སྐྲུན་སྡེ་ཚན་རྣམས་ལ་གསར་དུ་བསྣན་པའི་ལས་གཞི་སྟོང་བདུན་དང་ཞེ་གསུམ་ལ་སླེབས་པ་དང་། དོན་དངོས་སུ་མ་དངུལ་སྒོར་དུང་ཕྱུར་སྟོང་གསུམ་དང་ཉིས་བརྒྱ་ཞེ་དགུ་བཏང་བས། ཡུལ་སྐོར་ཐད་བཏང་བའི་མ་དངུལ་གྱིས་སྤྱིའི་མ་དངུལ་གྱི་བརྒྱ་ཆའི་ཉེར་ལྔ་ཟིན། དེའི་ནང་དམངས་གཉེར་མ་དངུལ་ལས་ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་ལས་གཞིའི་ཐད་བཏང་བའི་མ་དངུལ་སྒོར་དུང་ཕྱུར་སྟོང་བརྒྱ་དང་བཅོ་བརྒྱད་ལ་སླེབས་པ་དང་བརྒྱ་ཆའི་སོ་བཞི་དང་གྲངས་ཆུང་བཞི་ཟིན།

ལས་རིགས་ནང་ཁུལ་གྱི་མི་སྣ་ཞིག་གིས་བཤད་དོན། 2017ལོ་ནི་ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་པ་དངོས་འབེབས་དང་འཛུགས་སྐྲུན་བྱེད་པའི་ལོ་ཞིག་ཡིན་སྲིད། མིག་སྔར། རྒྱལ་ཁབ་ཡུལ་སྐོར་ཅུའུ་ཡིས་ཁྱབ་སྒྲོག་བྱས་པའི་རྒྱལ་ཁབ་ཀྱི་ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་པའི་དཔེ་སྟོན་ཁུལ་བསྐྲུན་པའི་སྡེ་ཚན་ལྔ་བརྒྱ་ལ་སླེབས། དེ་ན་སྡེ་ཚན་རེ་རེས་ཧ་ལམ་མ་དངུལ་སྒོར་དུང་ཕྱུར་ཉི་ཤུ་རེ་གཏོང་བའི་དབང་དུ་བཏང་ན། མ་འོངས་པའི་ཚོང་ཁྲོམ་གྱི་བར་སྟོང་སྒོར་དུང་ཕྱུར་ཁྲི་ལ་བསླེབ་ཐུབ།

“ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་པ་དེ་དུས་ཡུན་རིང་འབྲིང་གི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་སྲིད་ཇུས་ཤིག་ཏུ་གྱུར་ཡོད་པས། སྔར་བས་ཇེ་དྲག་དང་སྲ་བརྟན་དུ་གཏོང་ངེས། འབྲེལ་ཡོད་སྡེ་ཁག་གིས་ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་པའི་སྲིད་ཇུས་དང་མ་དངུལ་གྱི་རམ་འདེགས་ནུས་པ་ཇེ་ཆེར་གཏོང་རྒྱུ་རེད”ཅེས་རྒྱལ་ཁབ་ཡུལ་སྐོར་ཅུའུ་ཡི་ཅུའུ་ཀྲང་ངམ་ཏང་ཙུའུ་ཧྲུའུ་ཅི་ལི་ཅིན་ཙའོ་ཡིས་དེ་ལྟར་བཤད། ནོར་སྲིད་ཀྱིས་རམ་འདེགས་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། ཡུལ་སྐོར་གོང་སྤེལ་གྱི་ཆེད་དམིགས་མ་དངུལ་ལོ་རེ་བཞིན་ཇེ་མང་དུ་གཏོང་བ་དང་། ཡུལ་སྐོར་རྨང་གཞི་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་དགོས། སྡེ་ཁག་སོ་སོའི་མ་དངུལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ་ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་པར་རམ་འདེགས་བྱེད་པར་སྐུལ་མ་གཏོང་བ་དང་། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་ཡུལ་སྐོར་ཐོན་ལས་ལ་སྐུལ་འདེད་གཏོང་བའི་ཐེབས་རྩ་འཛུགས་དགོས།

ཡུལ་སྐོར་གྱི་དངུལ་སྡུད་དངུལ་གཏོང་ནང་རྐྱེན་གསར་སྐྲུན་བྱེད་པའི་ཕྱོགས་ནས། ལི་ཅིན་ཙའོ་ཡིས་ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་སྤེལ་བའི་གོ་རིམ་ཁྲོད་དུ། སྲིད་གཞུང་ནི་ཡུལ་སྐོར་དངུལ་སྡུད་དངུལ་གཏོང་གི་གཙོ་ཁྲིད་སྡེ་ཁག་ཡིན་པའི་ཆ་ནས། ལྟོས་བཅས་ཀྱིས་དངུལ་སྡུད་དངུལ་གཏོང་གི་དམིགས་བསལ་སྲིད་ཇུས་གཏན་འབེབས་བྱས་ནས། འབྲེལ་ཡོད་སྲིད་ཇུས་ཡུན་རིང་པོར་བརྟན་བརླིང་ཡིན་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཡུལ་སྐོར་དངུལ་སྡུད་དངུལ་གཏོང་གི་ཚོང་ཁྲོམ་ལ་ཤུགས་སྣོན་གཏོང་དགོས། དུས་མཉམ་དུ། ཡུལ་སྐོར་ཕྱོགས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཡུལ་སྐོར་དངུལ་སྡུད་དངུལ་གཏོང་བྱ་འགུལ་སྤེལ་བའི་ཁྲོད་ཀྱི་བྱ་སྤྱོད་དང་ཡུན་ཐུང་བྱ་སྤྱོད་ལ་བཀག་འགོག་བྱེད་དགོས་ཟེར།

སྤྱི་ཡོངས་ནས་མཐུན་སྦྱོར་བྱེད་པའི་ནུས་པ་ཇེ་དྲག་ཏུ་སོང་།
ཆེད་མཁས་པ་འགའ་ཤས་ཀྱིས་བསྟན་དོན། ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་པའི་བྱ་བ་སྤེལ་བའི་ཚུན་དུ། ས་ཆ་སོ་སོས་གཅིག་གྱུར་གྱིས་བཀོད་སྒྲིག་དང“1+3”ལམ་ལུགས་ལག་བསྟར་བྱེད་པའི་ཕྱོགས་སུ་གོམ་པ་སྤོས། མིག་སྔར། རྒྱལ་ཡོངས་སུ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་ཉེར་གསུམ་དང་། ས་གནས་བརྒྱ་དང་དྲུག་ཅུ་ནས་ཡུལ་སྐོར་གོང་སྤེལ་ཨུ་ཡོན་ལྷན་ཁང་བཙུགས་ཡོད། ས་ཁུལ་མང་པོ་ཞིག་ཏུ་ཡུལ་སྐོར་ཉེན་རྟོག་པ་དང་ཡུལ་སྐོར་་སྐོར་སྐྱོད་ཁྲིམས་ཁང་། བཟོ་ཚོང་ཡུལ་སྐོར་ཡན་ལག་ཅུའུ་བཅས་བཙུགས་ཡོད། “1+1+N”ཡི་ཕྱོགས་བསྡུས་སྒྲིག་སྲོལ་བཅོས་བསྒྱུར་བྱས་པའི་གྲུབ་འབྲས་ནི་ཧ་ཅང་མངོན་གསལ་ཡིན། ཡུལ་སྐོར་ལས་རིགས་གོང་དུ་སྤེལ་བའི་སྤྱི་ཡོངས་མཐུན་སྦྱོར་ནུས་པ་ཇེ་དྲག་ཏུ་བཏང་བས། ཕྱོགས་བསྡུས་ཐོན་ལས་དང་ཕྱོགས་བསྡུས་ལྟ་ཞིབ་དོ་དམ་ཕྱོགས་ཀྱི་དགོས་མཁོ་དང་སྔར་ཡོད་སྒྲིག་སྲོལ་བར་གྱི་འགལ་བ་ཐག་གཅོད་གང་ལེགས་བྱས།

གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། ན་ནིང་གི་ཟླ་གཉིས་པར་རྒྱལ་ཁབ་ཡུལ་སྐོར་ཅུའུ་ཡིས“ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་པའི་དཔེ་སྟོན་ཁུལ”བསྐྲུན་པའི་བྱ་བ་དངོས་སུ་སྤེལ་མགོ་བརྩམས། ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་པའི་དཔེ་སྟོན་ཁུལ་བསྐྲུན་པའི་བྱ་བའི་ཁྲོད་དེང་རབས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཐོན་ལས་དང་ཕྱོགས་བསྡུས་ཁྲིམས་བསྟར་གྱི་བླང་བྱ་དང་འཕྲོད་པར་བྱས་ཏེ། ཡུལ་སྐོར་ལས་རིགས་ཀྱི་དོ་དམ་ནང་རྐྱེན་དང་ཁྲིམས་བསྟར་ནང་རྐྱེན་བཅོས་བསྒྱུར་གསར་སྐྲུན་བྱེད་པ་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས་ཞེས་གསལ་བོར་བཏོན།

རྨང་གཞིའི་སྒྲིག་བཀོད་ཀྱི་ཕྱོགས་ནས། གསང་སྤྱོད་ཁང་གསར་དུ་ལས་པའི་བྱ་བ་དེ་ལྗོངས་ཁུལ་ནས་ཞིང་སྡེར་ཐོན་ཡོད། ཆ་མི་ཚང་བའི་སྡོམ་རྩིས་ལྟར་ན། 2016ལོར། ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་པའི་དཔེ་སྟོན་ཁུལ་བསྐྲུན་པའི་སྡེ་ཚན་གྱིས་བསྡོམས་པས་གསང་སྤྱོད་ཁང་ཁྲི་གཉིས་དང་སྟོང་ལྔ་བརྒྱད་བརྒྱ་གསར་ལས་དང་བསྐྱར་ལས་བྱས་པ་དང་། ས་ཆ་སོ་སོའི་སྲང་འགྲམ་དང་ལྗོངས་ཁུལ་འགྲམ་དུ་གསང་སྤྱོད་ཁང་ཡོད་ལ་གླའང་སྟེར་མི་དགོས། གསང་སྤྱོད་ཁང་གསར་ལས་ལ་སྐུལ་འདེད་ཀྱི་ནུས་པ་ཐེབས་ཏེ། ས་ཆ་སོ་སོའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཀྱང་ཁྱོན་ཡོངས་ནས་ཇེ་ལེགས་ཇེ་མཐོར་སོང་།

དེ་ལས་གཞན། ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་པར་བསྟུད་མར་སྐུལ་འདེད་བྱས་པ་དང་བསྟུན་ནས། རྒྱུད་རིམ་ལྡན་པའི་བདག་གཉེར་ནང་རྐྱེན་འཛུགས་པའམ་ཡང་ན“མ་རྩ་མི་རྡིབ་ལ་དྲིལ་སྒྲོག་གི་ནུས་པའང་ཐོན་ཐུབ་པ”ནི་ཡུལ་སྐོར་ལས་རིགས་ཀྱི་རྒྱུན་རྣམ་གསར་བ་ཞིག་ཏུ་འགྱུར་སྲིད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།