ན་གོར་མོ་གྲོང་ཁྱེར་གདང་ལ་རི་བོ་གྲོང་རྡལ་འབྲི་ཆུའི་མགོ་ཁུངས་སྡེ་བའི་སྡེ་མི་རྣམས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་ཐད་གཏོང་ལ་ལྟ་བཞིན་པ།
སྟོན་ཟླ་བཅུ་བའི་མཐོ་སྒང་ལ་ཉི་འོད་རབ་ཏུ་འཕྲོ་ཞིང་ཡུལ་གྲུ་སོ་སོར་དགའ་སྤྲོའི་གྲུབ་འབྲས་ཀྱི་ཁེངས་འདུག ཟླ10པའི་ཚེས18ཉིན། ན་གོར་མོ་གྲོང་ཁྱེར་གདང་ལ་རི་བོ་གྲོང་རྡལ་གྱི་འབྲི་ཆུའི་མགོ་ཁུངས་སྡེ་བ་རུ། ཏང་ཡོན་ལས་བྱེད་པ་དང་སྡེ་དམངས་ཀྱིས་དུས་ཆེན་གྱི་གཟབ་མཆོར་སྤྲས་ནས་སྔ་མོ་ནས་ཕྱོགས་གཅིག་ཏུ་འཛོམས་ཏེ། བརྙན་འཕྲིན་འཕྲུལ་ཆས་ལས་ཚོགས་ཆེན་བཅུ་དགུ་བའི་གནས་ཚུལ་དངོས་ལ་བལྟས།
ན་གོར་མོ་གྲོང་ཁྱེར་གདང་ལ་རི་བོ་གྲོང་རྡལ་གྱི་འབྲི་ཆུའི་མགོ་ཁུངས་སྡེ་བ་ནི་བོད་རིགས་གནས་སྤོར་བྱས་པའི་སྡེ་བ་ཞིག་ཡིན་ལ། ན་ནིང་ལོའི་ཟླ་བརྒྱད་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གནས་དེར་གཟིགས་ཞིབ་དུ་ཕེབས་པ་དང་། ལས་བྱེད་པ་དང་མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོབ་དང་བྱ་གཞག་གསར་སྐྲུན་བྱེད་པ། ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་བའི་ཡིད་ཆེས་དང་ཆོད་སེམས་ལ་སྐུལ་ལྕག་ཆེན་པོ་ཐེབས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་ཚོགས་པས་ཡིད་ཆེས་སྔར་ལས་ཇེ་དྲག་ཏུ་བཏང་།
འབྲི་ཆུའི་མགོ་ཁུངས་སྡེ་བའི་ལོ་བཅུ་དགུ་ཅན་གྱི་ངག་དབང་སངས་རྒྱས་ཀྱིས་ལག་འཁྱེར་ཁ་པར་དང་པར་ཆོས་ཀྱི་ལམ་ནས་སྡེ་མི་ཚོས་མཛད་སྒོའི་གནས་ཚུལ་དངོས་ལྟ་བའི་རྣམ་པ་པར་དང་བརྙན་བླངས་ཤིང་། ཁོས་གསར་འགོད་པར་བཤད་རྒྱུར། “སྡེ་མི་ཚོའི་སེམས་སུ་ཏང་གི་ཚོགས་ཆེན་བཅུ་དགུ་བ་ཚོགས་མགོ་བརྩམས་པའི་ཉིན་དེ་ནི་དུས་ཆེན་ཞིག་ཏུ་བརྩིས་ནས་སྔ་མོ་ནས་དུས་ཆེན་གྱི་གཟབ་མཆོར་གྱོན་ཏེ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཁང་དུ་འཛོམས་ནས། ཚང་མ་སྤྲོ་སེམས་རབ་ཏུ་རྒྱས་ཡོད་ལ། ངས་སྒྲུབ་ཐུབ་པ་ནི་ཚང་མར་འདྲ་པར་བླངས་ནས་བླ་མེད་མཆོག་གྱུར་གྱི་དུས་ཚོད་དེ་ཟིན་ཐོ་རུ་འགོད་རྒྱུ་དེ་ཡིན་ཟེར།”
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྙན་ཞུ་འབུལ་བའི་གསུང་སྐད་ཐོས་མ་ཐག སེམས་པ་སྤྲོ་བས་ཁེངས་བྱུང་། ཁོང་གི་ཐུགས་ཁུར་ནམ་ཡང་ང་ཚོའི་སེམས་ཁོངས་སུ་ཡོད” ཏང་ཡོན་རྒན་པ་སེང་གེ་ཚང་དུ། རྒད་པོ་ཁོ་རང་ནང་སྔ་མོ་ཞིག་ནས་བརྙན་འཕྲིན་འཕྲུལ་ཆས་ཀྱི་མདུན་དུ་བསྡད་ཡོད་པ་དང་། ཞི་ཅིན་ཕིང་མཐོང་མ་ཐག་ཁོ་རང་དགའ་སྤྲོའི་མིག་ཆུ་ཤོར་བྱུང་། “ཀྲུང་དབྱང་གི་སྲིད་ཇུས་ཀྱིས་གང་ས་གང་ནས་ང་ཚོར་ཐུགས་ཁུར་གནང་བཞིན་ཡོད”ཟེར།
ཏང་ནང་དུ་ཞུགས་ནས་ལོ་བཅུ་བཞི་ལྷག་འགོར་ཡོད་པའི་ཏང་ཡོན་རྒན་པ་བསོད་ནམས་རྡོ་རྗེའི་ལུས་ཕུང་དེ་འདྲའི་བདེ་ཐང་མིན་མོད། འོན་ཀྱང་ཚོགས་ཆེན་ཐེངས་བཅུ་དགུ་བ་དོ་སྣང་བྱེད་པའི་སྤྲོ་སེམས་ཉམས་མེད་པར། ནང་སྔ་མོ་ཞིག་ནས་གྲོགས་པོ་འགའ་ཁྱིམ་དུ་བསུས་ཏེ་མཉམ་དུ་ཚོགས་ཆེན་བཅུ་དགུ་བ་མགོ་རྩོམ་པའི་གནས་ཚུལ་དངོས་ལ་བལྟས། “ང་རང་སྡེ་བའི་འཕེལ་རྒྱས་ལ་ཡིད་ཆེས་ཀྱི་ཁེངས་ཡོད་པ་དང་སྲིད་ཇུས་ཀྱིས་རྒྱབ་སྐྱོར་ཡོད་པས་འཚོ་བ་སྔར་ལས་ཇེ་བཟང་ཡིན་པ་ཁོ་ཐག་ཡིན”ཟེར།
སྙན་ཞུ་ལས་འཐབ་ཇུས་བཀོད་སྒྲིག་དང་སྲིད་ཇུས་ཀྱི་ལང་ཕྱོགས་རབ་དང་རིམ་པ་བསྟན་ཡོད་པས། ཡོད་ཚད་མི་དམངས་ཀྱི་ཁེ་ཕན་མངོན་ཡོད་པ་དང་། ནམ་རྒྱུན་སྙན་ཞུ་ལས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་གྲུབ་པར་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་། རྒྱུན་མཐུད་སྒོས་འཕེལ་རྒྱས་གཏོང་བ་མངོན་འགྱུར་བྱེད་པ་སོགས་ལ་འབྲེལ་བའི་ནང་དོན་ཡོད་པས། དེར་ཡོད་ཀྱི་ཏང་ཡོན་དང་སྡེ་མི་ཚོར་ཡིད་འགུལ་ཆེན་པོ་ཐེབས་དེ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་བཞིན་ཡོད།
སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་ཀུན་དགའ་རྣམ་རྒྱལ་གྱིས་བཤད་རྒྱུར། འབྲི་ཆུའི་མགོ་ཁུངས་ནི་ང་ཚོའི་ཁྱིམ་གཞི་ཡིན་པས། ས་དེ་གའི་སྐྱེ་ཁམས་ལ་སྲུང་སྐྱོབ་བཟང་བོ་བྱེད་རྒྱུ་ནི་ང་ཚོའི་མཚོ་སྔོན་ལ་ཕན་པ་མ་ཟད། རྒྱལ་ཁབ་ཡོངས་ལ་ཕན་པ་ཆེན་པོ་ཡོད། སྙན་ཞུ་ལས་ང་ཚོའི་ཡིད་ཆེས་ཇེ་དྲག་ཏུ་བཏང་བས། ང་ཚོས་ངེས་པར་དུ་རང་ཉིད་ཀྱི་མིག་འབྲས་ལ་སྲུང་ཇི་བཞིན་སྐྱེ་ཁམས་ཁོར་ཁུག་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།
སྙན་ཞུ་བསྟན་དོན། འཕེལ་རྒྱས་ཁྲོད་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། འབྲི་ཆུའི་མགོ་ཁུངས་སྡེ་བའི་“ཧྲུའུ་ཅི་དང་པོ”་ཆིན་ཏཱ་ཡོང་གིས་བཤད་རྒྱུར། འབྲི་ཆུའི་མགོ་ཁུངས་སྡེ་བ་གནས་སྤར་བའི་ཚུན་ལ། ཐབས་བརྒྱ་ཇུས་སྟོང་སྒོས་སྡེ་མིའི་ཡོང་སྒོ་འཕར་སྣོན་བྱུང་དེ། རྒྱུད་མཐུད་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས། ང་ཚོས་ངེས་པར་དུ་སྙན་ཞུའི་ནང་བཏོན་པའི་རེ་བ་ལྟར། དམངས་ཚིས་ཁེ་ཕན་མང་བོ་རག་པ་དང་འཕེལ་རྒྱས་ཁྲོད་དམངས་ཚིས་ཆད་ལྷག་ཁ་གསབ་བྱེད་རྒྱུ་ཡིན་ཟེར།
འབྲི་ཆུའི་མགོ་ཁུངས་ཀྱི་མི་རིགས་སློབ་འབྲིང་གི་སློབ་རའི་རྒྱང་སྒྲོག་ཁང་དུ། སྙན་ཞུའི་གསུང་སྐད་སློབ་ར་ཧྲིལ་བོར་ཁྱབ་ཡོད། སློབ་གཙོ་ལེའི་ཅོན་གྱིས་གསར་འགོད་པར་བཤད་རྒྱུར། སློབ་གྲྭའི་ཏང་ཡོན་ལས་བྱེད་པས་ཚོགས་ཆེན་བཅུ་དགུ་བའི་སྙན་ཞུ་ལ་ཉན་པའི་དུས་མཚུངས་སུ། སློབ་མ་རྣམས་ལའང་ཏང་གི་གསུང་སྐད་རོལ་མྱོང་བྱེད་དུ་བཅུག སློབ་གསོ་དམར་ཁྲིད་བྱས་པ་བརྒྱུད་བྱིས་པ་རྣམས་ཀྱི་རྒྱལ་གཅེས་བརྩེ་སེམས་ཇེ་དྲག་ཏུ་བཏང་བ་དང་ཏང་གི་སྲིད་ཇུས་བཟང་བོ་རོལ་མྱོང་བྱེད་དུ་བཅུག
ལོ་ཙཱ་བ། སྟོབས་ལྡན་བཀྲ་ཤིས།