ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགུལ་སྐྱོད་ཀྱི་ཕྱོགས་སྟོན་སྟེ། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ནས་བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་ས
2017.10.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 105

གཞུང་ལུགས་རིགས་ཤིག་དུས་རབས་དང་བསྟུན་ནས་མདུན་བསྐྱོད་བྱས་ན། ད་གཟོད་ཚེ་སྲོག་གི་གསོན་ཤུགས་བརྟན་ཐུབ།

བསམ་བློ་རིགས་ཤིག་ལ་དུས་རབས་ཀྱི་སྣེ་ཁྲིད་ཡོད་ན། ད་གཟོད་རླབས་ཆེན་གྱི་སྟོབས་ཤུགས་མངོན་ཐུབ།

དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དེ་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུ་ཁྲོད་མངོན་སྐབས། འཛམ་གླིང་གི་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁའི་ཕུ་ཐག་བཅད་དེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དུས་རབས་གསར་བར་ཞུགས།

ཏང་ཡོན་བྱེ་བ་བརྒྱད་དང་ས་ཡ་དགུ་ལྷག་ཡོད་པའི་འཛམ་གླིང་གི་ཏང་ཆེན་པོ་དང་པོས་མུ་མཐུད་དུ་ལག་ལེན་གྱི་རྨང་གཞིའི་སྟེང་གི་གཞུང་ལུགས་གསར་སྐྲུན་ལ་སྐུལ་འདེད་བཏང་སྟེ། མར་ཁེ་སི་རིང་ལུགས་ཀྱི་འོད་སྟོང་འབར་བའི་བདེན་ལུགས་ཀྱི་འོད་སྣང་དེ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྟེང་འཕྲོ་བར་བྱེད་དགོས།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་བསྐྱོད་པའི་བརྗོད་གཞི་གལ་ཆེན་ལ་ལན་བཏབ་ན། བསམ་བློ་བཅིངས་འགྲོལ་དང་། དུས་རབས་དང་བསྟུན་ནས་མདུན་བསྐྱོད་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་གྲུབ་པར་འཚོལ་ཞིབ་བྱེད་པ་དེ་ཡིན།

གསེར་མདོག་གི་སྟོན་ཟླ་བཅུ་བ་ནི། འབྲས་བུས་ཕྱུག་པ་དང་རེ་བས་གཏམས་པའི་དུས་ཚིགས་ཤིག་ཡིན།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས་འཛམ་གླིང་ལ་ཁྱབ་སྒྲོག་བྱས་དོན། ལོ་ལྔའི་རིང་ལ། ང་ཚོའི་ཏང་གིས་ཆབ་སྲིད་ཀྱི་བློ་སྤོབས་ཧ་ཅང་ཆེན་པོ་དང་འགན་ལེན་གྱི་ཁག་ཁུར་ཧ་ཅང་དྲག་པོས་འདུ་ཤེས་གསར་པ་དང་། བསམ་བློ་གསར་བ། འཐབ་ཇུས་གསར་བ་རབ་དང་རིམ་པ་བཏོན་པ་དང་། བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་ཞིང་བྱ་བ་གལ་ཆེན་རབ་དང་རིམ་པ་བསྒྲུབས་པ་དང་། ཡུན་རིང་བོར་ཐག་གཅོད་བྱེད་བསམ་ཡང་ཐག་གཅོད་བྱེད་མ་ཐུབ་པར་ལུས་པའི་དཀའ་གནད་མང་པོ་ཞིག་ཐག་བཅད་པ་དང་། སྔོན་ཆད་བསྒྲུབ་བསམ་ཡང་བསྒྲུབས་མ་ཐུབ་པར་ལུས་པའི་དོན་ཆེན་མང་པོ་ཞིག་བསྒྲུབས་ཏེ། ཏང་དང་རྒྱལ་ཁབ་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་བསྒྱུར་བཅོས་བྱས།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ། ཀྲུང་དབྱང་ཡིག་ཚགས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ལིན་རོང་གིས་བཤད་རྒྱུར། ལོ་རྒྱུས་རང་བཞིན་གྱི་བསྒྱུར་བཅོས་ཀྱི་གཞི་རྩ་ནི་ང་ཚོའི་ཏང་གི་ཚན་རིག་གཞུང་ལུགས་ཀྱི་མཛུབ་ཁྲིད་ཡིན་ཟེར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་བའི་ཆ་རྐྱེན་དང་ལག་ལེན་དགོས་མཁོར་ཟུང་འབྲེལ་དམ་པོ་བྱས་ཏེ། དཀའ་སྤྱད་ཀྱིས་གཞུང་ལུགས་འཚོལ་ཞིབ་བྱས་པས། གཞུང་ལུགས་གསར་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་གྲུབ་ཡོད།

བསམ་བློ་ནི་དུས་རབས་ཀྱི་སྔོན་བརྡ་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ། ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཆུས་ཆིན་ཧྲན་གྱིས་བཤད་རྒྱུར། “ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་གསར་བརྗེ་འཛུགས་སྐྲུན་བཅོས་སྒྱུར་གྱི་ལོ་རྒྱུས་ལ་མགོ་ཁྲིད་པ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་གཞི་རྩའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཕན་ཚུན་ཟུང་དུ་སྦྲེལ་ཏེ། མུ་མཐུད་དུ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་དང་། གཞུང་ལུགས་གསར་གཏོད་ཀྱི་ལོ་རྒྱུས་ལ་སྐུལ་སྤེལ་བྱེད་པ་ཞིག་ཡིན། ”

ཀྲུང་གོ་གུང་ཁྲན་ཏང་གི་ཉེ་བའི་ལོ་བརྒྱའི་ལོ་རྒྱུས་ཁྲོད། མར་ཁེ་སི་རིང་ལུགས་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱས་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་བསྐྱོད་ཀྱིས། མའོ་ཙེ་ཏུང་གི་དགོངས་པ་དང་ཏིང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་གལ་ཆེའི་བསམ་བློ། ཚན་རིག་འཕེལ་རྒྱས་ལྟ་བ་བཅས་འདུས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་གཞུང་མ་ལག་ཞིག་གྲུབ་པར་བྱས་ཤིང་། ཀྲུང་གོས་ཅིའི་ཕྱིར་གསར་བརྗེ་བྱེད་པ་དང་སུས་ཆེད་དུ་གསར་བརྗེ་བྱེད་པ། སུ་ལ་བརྟེན་ཏེ་གསར་བརྗེ་བྱེད་པ་སོགས་གནད་དོན་གལ་ཆེན་དང་། སྤྱི་ཚོགས་རིང་ལུགས་ནི་ཅི་ཞིག་ཡིན་པ་དང་སྤྱི་ཚོགས་རིང་ལུགས་ཇི་ལྟར་འཛུགས་བསྐྲུན་བྱེད་པ། ཏང་ཇི་ལྟ་བུ་ཞིག་འཛུགས་པ་དང་ཇི་ལྟར་འཛུགས་པ། འཕེལ་རྒྱས་ཇི་ལྟ་བུ་ཞིག་མངོན་འགྱུར་བྱེད་པ་དང་ཇི་ལྟར་འཕེལ་རྒྱས་སོགས་གནད་དོན་ལ་རེ་རེ་བཞིན་ལན་བཏབ་ཡོད།

“ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རྒྱལ་ཁབ་ཕྱི་ནང་གི་གནས་བབ་འགྱུར་ལྡོག་དང་ལས་རིགས་སོ་སོའི་འཕེལ་རྒྱས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཇི་ལྟ་བུ་ཞིག་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཇི་ལྟར་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་དྲི་གཞི་གལ་ཆེན་ཞིག་ཡང་བསྐྱར་བཏོན་ཡོད།”ཞེས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་གླིང་གཙོ་ཝང་ཝུའུ་ཀོང་གིས་དེ་ལྟར་བཤད།

ལོ་ངོ་སུམ་ཅུ་ལྷག་གི་བཅོས་སྒྱུར་སྒོ་འབྱེད་བྱས་པ་བརྒྱུད་ནས། མི་གྲངས་དུང་ཕྱུར་བཅུ་ལྷག་གི་ཁ་རྒྱབ་གནད་དོན་ཐག་གཅོད་བྱས་པ་དང་། དམངས་གཙོ་དང་ཁྲིམས་སྐྱོང་། འདྲ་མཉམ། དྲང་བཞག བདེ་འཇགས། ཁོར་ཡུག་སོགས་ཐད་ཀྱི་དགོས་མཁོ་ཉིན་བཞིན་འཕར་སྣོན་བྱུང་སྟེ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་མངོན་གསལ་གྱིས་མཐོར་འདེགས་བྱུང་བ་དང་ཕྱོགས་བསྡུས་རྒྱལ་ཤུགས་མངོན་གསལ་གྱིས་ཇེ་དྲག་ཏུ་སོང་། འཕེལ་རྒྱས་དོ་མི་མཉམ་པ་དང་ཕུན་སུམ་ཚོགས་པ་མིན་པའི་གནད་དོན་སྔར་ལས་འབུར་དུ་ཐོན་ཡོད་ལ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེ་བ་དང་། “ཡོང་འབབ་འབྲིང་རིམ་གྱི་གནད་དོན་དང་གནའ་བོའི་ཞིས་ལ་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་པ་བ་ཆེན་མོ་ཞུག་ཞིས་ཏིས་ཏི་ཡི་སྡོམ་ཚིག”དེས་ཕྱི་ནང་ལ་མགོ་འཐོམས་པར་བྱེད་པའི་སྣང་ཚུལ་དེ་ཚབས་ཆེན་དུ་འགྱུར་བཞིན་ཡོད།

རྙོག་འཛིང་དང་ཐག་གཅོད་དཀའ་བའི་གནད་དོན་འདི་དག་ལ་གདོང་གཏད་དེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཆབ་སྲིད་ངེས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། རིགས་གཞུང་གདེང་ཚོད་སྲ་བརྟན་དུ་གཏོང་བ། ཕུགས་རིང་བའི་ལོ་རྒྱུས་ཀྱི་སྟེགས་བུ་དང་ཁོད་ཡངས་བའི་འཛམ་གླིང་གི་མིག་རྒྱང་ལས། རྒྱལ་སྐྱོང་སྲིད་གཉེར་གྱི་ལྟ་བ་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་རབ་དང་རིམ་པ་བཏོན་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ལེའུ་གསར་བ་བཀོད།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་གཏན་འཁེལ་བརྒྱད་བཀོལ་ནས་རྒྱས་བཤད་གསལ་པོ་བྱས།

ཀྲུང་གོ་མི་དམངས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཆིས་ཕིན་ཧྥེ་ཡིས་བཤད་རྒྱུར། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དེ་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བའི་མཐོ་ཚད་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་ཞུགས་རྗེས། ཀྲུང་གོ་གུང་ཁྲན་ཏང་གིས་དར་ཆ་ཅི་ཞིག་སྒྲེང་བ་དང་། ལམ་གང་དུ་སྐྱོད་པ། བསམ་བློའི་རྣམ་པ་ཅི་ལྟ་བུ་འཛིན་པ། ལོ་རྒྱུས་ཀྱི་འགན་འཁྲི་ཅི་འདྲ་ཁུར་དུ་ལེན་པ། འབད་འཐབ་ཀྱི་དམིགས་འབེན་ག་འདྲ་མངོན་འགྱུར་བྱེད་པ་སོགས་གཞི་རྩའི་རང་བཞིན་གྱི་དྲི་བ་རབ་དང་རིམ་པར་ལན་ཟབ་མོ་བཏབ་ཡོད་པས། ཉེ་བའི་ལོ་བརྒྱ་ཕྲག་རིང་གི་ཀྲུང་གོ་གུང་ཁྲན་ཏང་གི་འཕེལ་རྒྱས་ལོ་རྒྱུས་དང་ཡང་ན་དུས་རབས་ཕྱེད་ཀའི་རིང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ལོ་རྒྱུས་གང་ཡིན་རུང་། ལོ་རྒྱུས་ཀྱི་དོན་སྙིང་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཟེར།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་གཞི་རྩའི་བྱེད་ཕྱོགས་བཅུ་བཞི་ལ་བྱེ་བྲག་གི་འཆར་འགོད་བྱས།

ཀྲུང་དབྱང་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ། མར་ཁེ་སི་རིང་ལུགས་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་སྐྲུན་སློབ་གཞི་ཚན་ཆུང་གི་ཆེད་མཁས་པ་གཙོ་བོ་ཡན་ཧྲུའུ་ཧན་གྱིས་བཤད་རྒྱུར། “དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་གཏན་འཁེལ་བརྒྱད་དང་གཞི་རྩའི་བྱེད་ཕྱོགས་བཅུ་བཞི་ནི་བློ་མཐུན་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བའི་ཉིང་བཅུད་གཅིག་བསྡུས་ཡིན་ལ། ཉམས་མྱོང་རང་བཞིན་གྱི་གྲུབ་འབྲས་སྣ་ཚོགས་གཅིག་བསྡུས་ཀྱིས་མཚོན་པའང་ཡིན”ཟེར།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་ཀྲུང་གོ་བརྒྱུད་དེ་མ་འོངས་པའི་ཁ་ཕྱོགས་འཚོལ་འདོད་པའི་འཛམ་གླིང་གི་མི་ཚོགས་དབང་མེད་དུ་འགུག་བཞིན་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོག་ལ་ཉེ་བའི་སྐབས་སུ། འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་དྲུག་ཅུ་ནས«ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ»ཞེས་པའི་གསུང་རྩོམ་དེབ་ས་ཡ་དྲུག་འགྲེམ་སྤེལ་བྱས་པས། ཞིབ་འཇུག་དང་ཀློག་འདོན་གྱི་ཚ་རླབས་ཞིག་ཡང་བསྐྱར་བསླངས།

དུས་ཡུན་རིང་བོར་ཀྲུང་གོ་ལ་ཞིབ་འཇུག་རྩེ་གཅིག་ཏུ་བྱེད་པའི་ཨ་རིའི་ཆེད་ལས་མཁས་པ་ལོ་པོ་ཏི.ཁོའུ་ཨན་གྱིས་བཤད་རྒྱུར། “དཔེ་ཆ་འདིའི་ནང་དུ་རྒྱལ་ཁབ་བཅོས་སྐྱོང་ནི་ཆབ་སྲིད་ཀྱི་ཁྱབ་ཁོངས་ཁོ་ན་ནས་བཅོས་སྐྱོང་བྱ་རྒྱུ་མ་ཡིན་ལ། རྒྱལ་ཁབ་ཀྱི་འཚོ་བ་དང་མང་ཚོགས། སྤྱི་ཚོགས་སོགས་ཕྱོགས་ཡོངས་ཀྱི་འཐབ་ཇུས་ལག་ཏུ་བསྟར་བ་དང་། འཛམ་གླིང་ཡོངས་ལ་ཁ་ཕྱོགས་པའི་རྣམ་པ་གསལ་བའི་སྒོ་ནས་སྲིད་ཇུས་གསལ་སྟོན་བྱས་ཡོད”ཞེས་བསྟན་ཡོད་ཟེར།
ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ནི། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་བའི་མཚོན་རྟགས་ཡིན།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ང་ཚོའི་ཏང་གིས་འགྱུར་ལྡོག་ཆེ་བའི་དུས་རབས་དང་། རླབས་ཆེན་གྱི་འཐབ་རྩོད་གསར་བའི་ཁྲོད་དུ། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིག་པ་དག་སྤྱད་ནས་རྒྱུན་ཆད་མེད་པར་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བཞིན་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་རྣམ་པ་གསར་བའི་སྒོ་མོ་ཕྱེས་ཡོད། དཔེར་ན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཆབ་སྲིད་དཔལ་འབྱོར་རིག་པའི་གཞུང་ལུགས་ཀྱི་འོད་ཟེར་འཕྲོ་རུ་འཇུག་པ། མི་དང་རང་བྱུང་ཁམས་གཉིས་འཆམ་མཐུན་མཉམ་གནས་རྒྱུན་འཁྱོངས་བྱེད་པ། གོམ་གང་མདུན་སྤོས་སྒོས་མར་ཁེ་སི་རིང་ལུགས་ཀྱི་སྐྱེ་ཁམས་འདུ་ཤེས་མངོན་དུ་འགྱུར་བ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱེད་པ། གོམ་གང་མདུན་སྤོས་སྒོས་མར་ཁེ་སི་རིང་ལུགས་ཀྱི་ཏང་སྲིད་འཛུགས་སྐྱོང་གི་གཞུང་ལུགས་འཕེལ་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་ཡིན།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་འཐུས་མིའམ་ཀོང་ཏོང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་རྒྱུན་ལས་སློབ་གཙོ་གཞོན་པ་ཡང་ཧན་ལིག་གིས་སེམས་ཚོར་ཟབ་མོས་བཤད་རྒྱུར། “ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ནང་དོན་གཙོ་བོ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་བསྟན་པ་དེ་ཡིན་ལ། དེ་ནི་ང་ཚོའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་ལ་གལ་ཆེ་བའི་རྡོ་རིང་གསར་བ་ཞིག་བཞེངས་ཡོད་པ་དེས། མར་ཁེ་སི་རིང་ལུགས་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱས་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མཚོན་ཡོད། ”ཆུ་མགོ་ཡོད་ན་ཆུ་རྔ་ཡོད་པའི་དཔེ་བཞིན་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ནི། བཅོས་བསྒྱུར་སྒོ་འབྱེད་ཀྱི་རླབས་ཆེན་ལག་ལེན་དང་མི་དམངས་མང་ཚོགས་ཀྱི་རླབས་ཆེན་གསར་གཏོད་ལས་ཐོན་པའི་བློ་གྲོས་ཡིན་ལ། རྒྱལ་སྐྱོང་སྲིད་འཛིན་རྒྱུན་ཆད་མེད་པར་འཕེལ་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་བྱས་ཡོད།

འཛམ་གླིང་ལ་དུས་དང་རྣམ་པ་ཀུན་ཏུ་འགྱུར་ལྡོག་འབྱུང་བཞིན་ཡོད་པ་དང་། ཀྲུང་གོ་ཡང་དུས་ཚོད་སྐར་ཆ་རེ་རེར་འགྱུར་ལྡོག་འབྱུང་བཞིན་ཡོད་པས། ང་ཚོས་ངེས་པར་དུ་གཞུང་ལུགས་ཀྱི་སྟེང་ནས་དུས་རབས་ཀྱི་རྗེས་ཆོད་པར་བྱས་ཏེ། རྒྱུན་ཆད་མེད་པར་ཆོས་ཉིད་ཤེས་རྟོགས་བྱུང་དགོས་པ་དང་། རྒྱུན་ཆད་མེད་པར་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད་དང་། དེ་མིན་ཕྱོགས་གཞན་དག་གི་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་དགོས།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་མཆན་འགྲེལ་ལས། འདས་པའི་ལོ་ངོ་ལྔའི་རིང་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སྐུལ་ཁྲིད་འོག ཀྲུང་གོའི་ས་གཞི་ཆེན་མོར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་མཚོན་ཡོད།

མིང་དུ་གྲགས་པའི་ཀྲུང་གོའི་གནད་དོན་ཆེད་མཁས་པ་མཱ་ཏཱེན་ཡཱ་ཁུས་གདེང་འཇོག་གི་ཚུལ་དུ་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་ལ་གསོན་ཤུགས་དང་རྒྱལ་ཁ་ཐོབ་པའི་རྒྱུ་རྐྱེན་གཙོ་བོ་ནི། མར་ཁེ་སི་རིང་ལུགས་ས་གནས་ཅན་དང་ཀྲུང་གོ་ཅན་དུ་འགྱུར་བར་ལེགས་འགྲུབ་བྱུང་བ་དང་། མར་ཁེ་སི་རིང་ལུགས་དེ་ཀྲུང་གོའི་གནས་ཚུལ་དང་མཐུན་ཞིང་། བརྒྱུད་རིམ་དེ་ད་དུང་མུ་མཐུད་དུ་རྒྱུན་སྐྱོང་དགོས་ཟེར།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པའི་སྐབས་འདིར། མར་ཁེ་སི་རིང་ལུགས་ཀྱིས་ཇི་ལྟར་དུས་རབས་ལ་ལྟ་ཞིབ་དང་དུས་རབས་ལ་ཀློག་འགྲེལ། དུས་རབས་ལ་སྣེ་ཁྲིད་བྱེད་དགོས་སམ་ཞེ་ན།
ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། བབ་བསྟུན་མདུན་སྐྱོད་དང་། དངོས་སྒྲུབ་དངོས་གཉེར་བཅས་ རྒྱུན་འཁྱོངས་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་དོན་དོན་དངོས་དང་ཟུང་འབྲེལ་བྱས་ནས། རྒྱུན་ཆད་མེད་པར་རིགས་གཞུང་གསར་སྐྲུན་བྱས་ཏེ་ལག་ལེན་ལ་མཛུབ་སྟོན་བྱས་པས། མི་དམངས་ཀྱི་འདོད་བློ་ཚིམས་པ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་གྲུབ་འབྲས་ལ་འཛམ་གླིང་གི་མི་རྣམས་ཧ་ལས་པར་གྱུར་ཡོད།

འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་དེ་དཔལ་འབྱོར་རྒྱུན་རྣམ་ཅན་གྱི་བྱེད་ཐབས་ཆེན་པོ་རུ་གྱུར་ཡོད་པ་དང་། འཛམ་གླིང་དཔལ་འབྱོར་དངོས་ཕུང་གཉིས་པས་འཛམ་གླིང་གི་དཔལ་འབྱོར་གྲུབ་ཆར་སྲུང་འཛིན་བྱེད་ཀྱིན་ཡོད།

བཅོས་སྒྱུར་སྒོ་འབྱེད་ནི་དུས་རྒྱུན་དུ་སྒྲུབ་དགོས་པ་ཞིག་ལས་རེ་ཞིག་སྒྲུབ་ཚར་བ་ཞིག་མིན་པས་བཅོས་སྒྱུར་སྒོ་འབྱེད་ཀྱི་བྱེད་ཐབས་སྣ་ཚོགས1500ལྷག་རྒྱུན་བསྲིངས་ནས་བསྒྲུབ་དགོས་ལ། དཔེར་བཞག་ན་རུས་པ་སྲ་མོ་ཡིན་ཡང་ལྡད་དགོས་པའི་གནས་ལུགས་ལྟར་ཡིན།

རུལ་སུངས་མགོ་ཁྲིད་ལ་མཐོ་དམའ་མེད་པར་མཉམ་དུ་རྡུང་རྡེག་བྱེད་པ་དང་། སྔར་མེད་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རླུང་འཚུབ་ཞིག་ལྡིང་ངེས་ཡིན་ལ། རྡོ་ཐོག་ཏུ་རྐང་རྗེས་ཕབ་ཡོད་པ་དང་ལྕགས་ཐོག་ཏུ་ལག་རྗེས་བཞག་ཡོད་པའི་རྣམ་གནོན་རང་བཞིན་གྱི་རྣམ་པ་ཞིག་གྲུབ་དགོས།

འབྱོར་འབྲིང་གྱི་ལམ་དུ་མི་གཅིག་ཀྱང་ཕྱིར་ནུར་མི་བྱེད་པར་འཛམ་གླིང་སྟེང་གཞི་ཁྱོན་ཆེས་ཆེ་བ་དང་མི་གྲངས་ཆེས་མང་པའི་དབུལ་སྐྱོར་མཁྲེགས་གཏོར་གྱིས་དུས་ཚོད་རེ་རེའི་ནང་དུ་མི་1500ལྷག་དབུལ་ཐར་བྱེད་ཐུབ་པའི་མིའི་རིགས་ཀྱི་ཟིན་ཐོ་བསྐྲུན་ཡོད།

རི་བོ་སྔོ་ཞིང་ཆུ་བོ་དྭངས་བ་ནི་གསེར་རི་དངུལ་རི་ལྟ་བུ་ཡིན་པས། མཛེས་སྡུག་ཀྲུང་གོའི་རྔམ་བརྗིད་ཀྱི་ལེའུ་གསར་འབྲི་དགོས། འཁོར་ལོ་གཉིས་མཉམ་དུ་འཁོར་བ་ལྟ་བུའི་མྱུར་ཚད་ཀྱིས་ཁྱོན་ཡོངས་ནས་གསར་སྐྲུན་གྱི་ནུས་པར་སྣེ་ཁྲིད་བྱེད་དགོས།

དངོས་སྒྲུབ་རྒྱལ་དར་དང་སྟོང་བཤད་རྒྱལ་ཕུང་ལ་མི་གྲངས་དུང་ཕྱུར་བཅུ་གསུམ་གྱི་ཐུན་མོང་ཡིད་ཆེས་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་ནི་ཆེས་ཡུན་རིང་དུ་གནས་པ་དང་། ཆེས་རིམ་པ་ཡོད་པའི་ནུས་པ་བཅས་མཉམ་འདྲེས་བྱས་ཡོད།

འཛམ་གླིང་ཡོངས་ཀྱི་མི་དམངས་ཧ་ལས་ཤིང་བསྟོད་བསྔགས་བྱེད་པའི་མདུན་ལྗོངས་སུ། གསར་གཏོད་རང་བཞིན་དང་ཁྱོན་ཡོངས་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་གཞུང་ལུགས་དང་ལག་ལེན་ལེགས་པའི་སྒོ་ནས་ཟུང་འབྲེལ་བྱེད་དགོས།

2017ལོར། ཅིན་ཀང་ཧྲན་གྲོང་ཁྱེར་ལན་ཁོ་རྫོང་སྔོན་ལ་དབུལ་ཐར་བྱས་ཤིང་། ཀྲུང་གོའི་དབུལ་ཕུངས་རྫོང་གི་ཁྲོད་དུ་ཐེངས་དང་པོར་གྲངས་འབོར་གྱི་ངོས་ནས་ཇེ་ཉུང་དུ་སོང་།

ཕྱི་ཚུལ་འཛིན་པ་ནས་གནད་ས་མིའི་སྟེང་དུ་འབབ་པ་དང་། གཙོ་ཕལ་མེད་པར་འཛིན་པ་ནས་གནད་དུ་ཕིགས་པར་འཛིན་པ། བརྟན་འཇགས་ཀྱི་ཁེ་ཕན་ནས་གནད་འཁེལ་སྐྱོད་འཐེན་བཅས་སུ་འགྱུར་ལྡོག་བྱུང་ཞིང་། ཀྲུང་གོ་གུང་ཁྲན་ཏང་གིས་གསར་དུ་བཏོན་པའི་གནད་ཕིགས་དབུལ་སྐྱོར་གྱི་སྲིད་ཇུས་ཀྱིས་ལོ་རེར་མི་བྱེ་བ་གཅིག་ས་ཡ་གསུམ་ལྷག་གི་དབུལ་བོ་ཇེ་ཉུང་དུ་གཏོང་ཐུབ་པའི་གྲུབ་འབྲས་དེས་མིའིརིགས་ཀྱི་དབུལ་ཕོངས་ངོ་རྒོལ་གྱི་འཐབ་རྩོད་ཁྲོད་དུ་ལོ་རྒྱུས་རང་བཞིན་གྱི་རླབས་ཆེ་བའི་གཏམ་རྒྱུད་ཅིག་བྲིས་པ་རེད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ་ཅིན་ཀང་ཧྲན་གྲོང་ཁྱེར་གྱི་ཧྲུའུ་ཅི་ལིག་ཧོང་གིས་བཤད་རྒྱུར། ང་ཚོའི་ཏང་གི་གཞུང་ལུགས་གསར་སྐྲུན་གྱི་སྣེ་ཁྲིད་དང་མི་དམངས་མང་ཚོགས་ཀྱི་འབད་བརྩོད་ལྷོད་མེད་ཀྱི་སྙིང་སྟོབས་མེད་ཚེ། ཅིན་ཀང་ཧྲན་གྱིས་དབུལ་ཐར་གྱི་ཞྭ་མོ་ཕུད་ཐུབ་པའི་རླབས་ཆེན་གྱི་རྒྱལ་ཁ་ཡོད་མི་སྲིད། དེ་ལས་བདེན་དཔང་བྱེད་ཐུབ་པ་ཞིག་ནི། ཚན་རིག་གི་གཞུང་ལུགས་དེ་དོན་དངོས་དང་ཟུང་དུ་འབྲེལ་ཞིང་མི་དམངས་ཀྱིས་ཁོང་དུ་ཆུད་པར་བྱས་ན། ད་གཟོད་བདེན་དོན་གྱི་འོད་ཟེར་འཕྲོས་ཤིང་འཛད་མཐའ་མེད་པའི་སྟོབས་ཤུགས་འབུལ་ཐུབ་ཟེར།

ཀྲུང་གོས་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གཏོས་ཆེ་ཞིང་ཁྱད་འཕགས་ཀྱི་གཞུང་ལུགས་དང་ལག་ལེན་གསར་གཏོད་སྤེལ་བཞིན་ཡོད་པས། སྔར་ལས་ལྷག་པའི་མི་མང་པོ་ཞིག་ལ་གོ་རིམ་དེའི་ཁྲོད་དུ་ཕན་ཁེ་རེག་ཐུབ་པར་གྱུར་ཡོད། འཛམ་གླིང་གི་མིང་གྲགས་ཆེ་བའི་དམངས་སེམས་ཞིབ་འཇུག་ལྟེ་གནས་ཕིས་ཡིག་ཞིབ་འཇུག་ལྟེ་གནས་ཀྱི་རྟོགས་ཞིབ་མཇུག་འབྲས་ལྟར་ན། ཀྲུང་གོའི་སྤྱི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་སྲིད་གཞུང་ལ་ཡིད་ཆེས་ཚུལ་དེ་འཛམ་གླིང་གི་སྲིད་ཇུས་སྒྲིག་གཞིའི་འོག་གི་རྒྱལ་ཁབ་མང་ཆེ་བ་ལས་མཐོ་བ་རེད་ཟེར།

ཆིན་ཧྭ་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་སློབ་དཔོན་ཆེན་མོ་ཏེ་མོ་ཚེ་ཡིས་བཤད་རྒྱུར། མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་རེ་སྙེག་བྱེད་པ་ནི་ང་ཚོའི་འབད་འཐབ་བྱེད་པའི་དམིགས་འབེན་ཡིན་པ་ནས་ནམ་ཡང་མི་དམངས་སེམས་ཁོངས་ཀྱི་ཆེས་མཐོ་བའི་གོ་སར་འཛིན་པ་དང་། ནམ་ཡང་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ནས་དམངས་སེམས་ནི་ཆེས་ཆེ་བའི་ཆབ་སྲིད་ཡིན་པ་བཅས་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་གཙོ་བོར་འཛིན་པའི་ལྟ་བ་དེ་ཏང་གི་ལམ་ཕྱོགས་བྱེད་ཕྱོགས་ཀྱི་སྲིད་ཇུས་སུ་བསྒྱུར་ནས། སྲིད་འཛིན་གྱི་དམིགས་འབེན་དང་། སྲིད་འཛིན་གྱི་ཐབས་ཇུས། སྲིད་འཛིན་གྱི་རྣམ་པ་སོགས་རྒྱལ་སྐྱོང་སྲིད་འཛིན་གྱི་དགོས་ངེས་ཁྲོད་དུ་འཐིམས་སུ་འཇུག་དགོས། ལོ་ལྔའི་སྔོན་ལ། ཞི་ཅིན་ཕིང་གིས་ཐོག་མར་འགན་བཞེས་སྐབས་མི་དམངས་མང་ཚོགས་ནི་ང་ཚོའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་ཞེས་གསུངས་མྱོང་།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཁོང་ཉིད་རྒྱལ་ཡོངས་ཀྱི་གཅིག་སྡུད་མུ་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་ཁག་ལ་ཕེབས་ནས། ཡུལ་དངོས་ནས་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་གཟིགས་ཞིབ་མཛད་ཅིང་། བཟོ་གྲྭ་དང་གཏེར་ཁུལ། ཁེ་ལས། ཞིབ་འཇུག་རྟེན་གཞི་སོགས་སུ་ཕེབས་ནས་སེམས་ཞིབ་མོས་བཅོས་སྒྱུར་གྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་། ཞིང་ཁྱིམ་དང་སྡོད་ཁུལ། རྒན་གསོ་ཁང་སོགས་སུ་ཕེབས་ནས་ དམངས་ཚོགས་ལ་ཐུགས་ཁུར་དང་ཞིབ་འདྲི་མཛད་པ་དང་། གཏིང་ཟབ་མོའི་མཐའ་སྲུང་སོ་ལྟ་ཁང་དང་བརྒྱ་ཤོག་གི་དམག་སྒར། དམག་དོན་སྦྱོང་བརྡར་གྱི་གདོང་མཆོངས་གཡུལ་ས་རུ་ཕེབས་ནས་དམག་དཔུང་སྟོབས་ལྡན་དང་དར་རྒྱས་སུ་གཏོང་བའི་བཀའ་ཁྱབ་བསྒྲགས་པ་རེད།

མི་དམངས་མང་ཚོགས་ཀྱིས་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་དུ་རྒྱལ་སྐྱོང་སྲིད་འཛིན་གྱི་བློ་གྲོས་དང་ཉམས་མྱོང་བླངས་ཡོད་ལ། ཧ་ཅང་བབ་ཆག་གི་སྐད་ཆས་ལྟ་བ་དང་གཞུང་ལུགས་གསལ་བཤད་བྱས་ཡོད་པས། མི་སེམས་ཁྲི་མ་འབུམ་གྱི་བློ་སེམས་གཅིག་ལ་སྦྲེལ་བའི་མཛེས་སྡུག་གི་རེ་སྨོན་ཁྲོད་གོང་བུ་ཆགས་པའི་གསར་སྐྲུན་གྱི་མདུན་ལྗོངས་ལ་ཆོད་སེམས་དང་ཡིད་ཆེས་ཀྱིས་ཁེངས་ཡོད།

ཀོང་ཀྲུའུ་ཕཱ་ཀྲུའུ་དྲྭ་སྦྲེལ་གསར་སྐྲུན་མང་འདུས་ཁུལ་དུ། མ་རྩའི་རིན་ཐང་སྒོར་དུང་ཕྱུར་ཡན་ལས་བརྒལ་བའི་ཚབ་མཚོན་རང་བཞིན་གྱི་ཁེ་ལས་མང་པོ་གཅིག་རྗེས་གཉིས་མཐུད་ནང་ཞུགས་བྱེད་ཀྱིན་ཡོད་པར་མ་ཟད། མི་མང་པོས་མཉམ་དུ་འཛམ་གླིང་ཡོངས་ཀྱི་དྲྭ་སྦྲེལ་ཐོན་ལས་ཀྱི་ལས་སྒོ་གསལ་སྤེལ་གསར་སྐྲུན་བྱེད་སའི་གནས་གཙོ་བོ་ཞིག་ལའང་ངོས་འཛིན་བྱས་ཡོད།

ཡོན་ནན་རོའུ་ལིས་རྒྱལ་ཁབ་གསར་སྤེལ་སྒོ་འབྱེད་ཚོད་ལྟ་ཁུལ་གྱི་གཞུང་ལམ་དང་། ལྕགས་ལམ། མཁའ་ལམ་སོགས་གསར་འཛུགས་ཀྱི་ཡོ་ལང་རྣམ་པར་རྒྱས་ཡོད་པ་དང་། དེ་ནི་ཨེ་ཤ་ཡ་ཤར་མ་དང་ལྷོ་མའི་ཕྱོགས་ལ་བསྐྱོད་པའི་ལམ་གཙོ་བོ་ཞིག་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱ་བའི་ཁྲོད་དུ་ཀྲུང་གོའི་ནུབ་རྒྱུད་གསར་སྤེལ་གྱི་སྒོ་ཆེན་གཙོ་བོ་ཞིག་ཏུ་གྱུར་ཡོད།

ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཨུའི་ཨུ་ཡོན། སློབ་གསོའི་འགན་འཛིན་གཞོན་པ་ཧན་ཆཱིན་ཞང་གིས་བཤད་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རང་ལུགས་ཀྱི་བསམ་བློ་ནི་དུས་རབས་ལ་འདྲི་ཚིག་འདོན་པ་དང་དེང་འདིར་ལག་ལེན་བྱེད་ཀྱིན་པའི་གཞུང་ལུགས་མ་ལག་གི་མཐའ་སྐོར་དུ་གྲུབ་ཡོད་པ་དང་། དེ་ནི་བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རང་ལུགས་ཀྱི་རླབས་ཆེན་ལག་ལེན་གྱི་མ་ལག་རང་བཞིན་གྱི་སྤྱི་བསྡོམས་ཤིག་དང་། ཏང་དང་མི་དམངས་ཀྱི་ལག་ལེན་ཉམས་མྱོང་དང་ཐུན་མོང་གི་བློ་གྲོས་ལས་ཐོན་པའི་འོད་སྟོང་ལྡན་པའི་གྲུབ་འབྲས་ཤིག་ཡིན་པས། དུས་རབས་ཉེར་གཅིག་པའི་མར་ཁེ་སི་རང་ལུགས་འཕེལ་རྒྱས་ལ་བཞག་པའི་བྱས་རྗེས་ཆེན་པོ་ཞིག་ཀྱང་རེད་ཅེས་བཤད།

ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཕྱོགས་སྟོན་ནི། ཁྱོན་ཡོངས་ནས་ཏང་གི་གཞི་རྩའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་འཐབ་ཇུས་བཅས་ལག་ལེན་མཐར་ཕྱིན་བྱས་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་ཕུ་ཐག་ཆོད་དགོས་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པར་འབད་བརྩོན་ལྷོད་མེད་བྱེད་དགོས།

ཐོག་དང་པོར་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་མ་ཡིག་ལེགས་སྒྲིག་བྱ་བའི་ནང་ཞུགས་པའི་ཕྱི་རྒྱལ་གྱི་གདན་ཞུའི་ཆེད་མཁས། ད་ལྟ་ལོ་དྲུག་ཅུར་སོན་པའི་ཨ་རབ་ཀྱི་ཡིག་རིགས་མཁས་པ་ཡཱིས་ཧེ་ཡ་ལ་དུས་རབས་གསར་བའི་བརྗོད་སྟངས་ལ་བག་ཆགས་ཟབ་མོ་ཞིག་ཡོད་པ་སྟེ། དེ་ནི་ཀྲུང་གོའི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་བ་ཞིག་ཡིན་པས། ཀྲུང་གོས་སྔར་ལས་མགྱོགས་མྱུར་ངང་ཁྱོན་ཡོངས་ནས་དེང་རབས་ཅན་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་ཡོད་ལ། དེ་དང་མཉམ་དུ་འཛམ་གླིང་སྟེང་མགྱོགས་མྱུར་འཕེལ་རྒྱས་གཏོང་འདོད་ཀྱི་རེ་བ་ཡོད་པའི་རྒྱལ་ཁབ་གཞན་དག་ལའང་ཀྲུང་གོའི་བློ་གྲོས་འདོན་སྤྲོད་བྱས་ཡོད་ཟེར།
ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་བ་དང་ལོ་རྒྱུས་ཀྱི་ཉམས་མྱོང་གསར་བ།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ནང་ནན་གྱིས་བསྟན་དོན། རང་རྒྱལ་སྤྱི་ཚོགས་རང་ལུགས་ཀྱི་འགལ་བ་གཙོ་བོ་དེ་ནི་མི་དམངས་ཀྱི་ཉིན་རེར་གོང་དུ་འཕེལ་བཞིན་པའི་མཛེས་སྡུག་གི་འཚོ་བའི་དགོས་པ་དང་དོ་མི་མཉམ་ལ་ཕུན་སུམ་ཚོགས་པ་མིན་པའི་འཕེལ་རྒྱས་གྱི་འགལ་བ་རུ་གྱུར་བའི་ཕྱོགས་སུ་བསྒྱུར་ཡོད།

ཆིན་ཧྭ་སློབ་གྲྭ་ཆེན་མོའི་རྒྱལ་ཁབ་གནས་ཚུལ་ཞིབ་འཇུག་གླིང་གི་གླིང་གཙོ་ཧོའུ་ཨན་ཀང་གིས་བཤད་རྒྱུར། འགྱུར་གྱིན་པ་ནི་འགལ་བ་གཙོ་བོ་ཡིན་ལ། འགྱུར་མི་སྲིད་པ་ནི་སྤྱི་ཚོགས་རང་ལུགས་ཀྱི་ཐོག་མའི་དུས་རིམ་དེ་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རང་ལུགས་དུས་རབས་གསར་བར་ཞུགས་རྗེས། འགྱུར་དང་མི་འགྱུར་བ་ལས་སྔར་ལས་ལྷག་པའི་སྒོ་ནས་ཏང་གི་སྲིད་འཛིན་ནུས་པ་དང་རྒྱལ་སྐྱོང་སྲིད་འཛིན་ཆུ་ཚད་ལ་ཉམས་སད་ཆེན་པོ་བྱེད་ངེས་རེད།
དཔལ་འབྱོར་གྱི་སྤྱིའི་འཕར་ཚད་ཇེ་ཆེར་གཏོང་བ་དང་མི་གྲངས་ཆེས་མང་ཞིང་། མི་རེའི་ཆ་སྙོམས་ཐོན་ཁུངས་ཇེ་ཉུང་དུ་འགྲོ་བའི་འགལ་བ་སྔར་བཞིན་གནས་ཡོད་པས། ལྗང་མདོག་འཕེལ་རྒྱས་རྒྱུན་རྣམ་ཅན་དུ་གྱུར་བ་དང་། སྐྱེ་ཁམས་ཀྱི་རྨང་གཞི་ཞན་ཞིང་ཁོར་ཡུག་གི་སྤུས་ཚད་ལ་ཚོད་འཛིན་ཐེབས་པའི་ཞན་ཆ་ད་དུང་མངོན་གསལ་ཡིན་པ་དང་། ས་ཁུལ་འཕེལ་རྒྱས་ཀྱི་ཁྱད་པར་དང་མཁར་གྲོང་གི་ཡོང་སྒོའི་ཁྱད་པར་དེ་རྒྱུན་མཐུད་སྒོས་ཇེ་ཆུང་དུ་སོང་ཞིང་། དབུལ་ཕོངས་མི་གྲངས་དང་མ་མཐའི་འཚོ་བ་འགན་སྲུང་མི་ཚོགས་ཀྱི་སྤྱི་པའི་ཞབས་ཞུ་སྔར་བཞིན་མི་འདང་བས། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཀྲུང་གོའི་མདུན་དུ། མདུན་ལྗོངས་ཆེན་པོ་ཡོད་ལ། དཀའ་ངལ་ཆེན་པོ་ཡང་འབྱུང་སྲིད།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཡིས་ཏང་དང་མི་དམངས་ལ་ལོ་རྒྱུས་ཀྱི་དུས་རིམ་གསར་བ་ནས་ནུས་ལྡན་གྱི་བསམ་བློའི་དྲག་ཆས་དང་བྱ་སྤྱོད་ཕྱོགས་སྟོན་འདོན་སྤྲོད་བྱས།
“གསར་སྐྲུན་རིག་གཞུང་གིས་ཏང་གི་གསར་སྐྲུན་ནུས་ཤུགས་འདོན་སྤེལ་བྱེད་ཐུབ་པས། སྲོལ་རྙིང་དམ་སྲུང་བྱེད་པར་བརྟེན་ནས་རང་འཇགས་སུ་མི་སྡོད་པ་དང་། ཁ་ཕྱོགས་ནོར་ནའང་ལོག་ལམ་དུ་འགྲོ་མི་སྲིད་པ་ཡིན”ཞེས་ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཁྲིན་ཞན་ཏ་ཡིས་དེ་ལྟར་བཤད་བྱུང་།

ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་བ་དང་འབད་འཐབ་དམིགས་འབེན་གསར་བ།

དེང་རབས་ཀྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་དང་། མི་དམངས་རང་ཁྱིམ་རང་བདག་གི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་བྱེད་པ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་བ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་དང་འཛམ་གླིང་སྟེང་ཡང་རྩེ་ཡིན་པའི་དམག་དཔུང་འཛུགས་སྐྲུན་བྱེད་པ་བཅས་ནི། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྟེང་རིས་སུ་བཀོད་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐབས་ལམ་ཡིན་ལ། “འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན”།“མཛེས་སྡུག”བཅས་ནི་ཆེས་བཀྲག་མདངས་ལྡན་པ་རེད།
རྒྱལ་སྲུང་སློབ་གྲྭ་ཆེན་མོའི་མར་ཁེ་སི་རིང་ལུགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཡན་ཞོ་ཧྥིན་གྱིས་བཤད་རྒྱུར། “བརྒྱ་ལོ་དང་པོའི་དམིགས་འབེན་མངོན་འགྱུར་བྱུང་བའི་ཉིན་མོ་ནི་བརྒྱ་ལོ་གཉིས་པའི་དམིགས་འབེན་ལག་བསྟར་བྱེད་མགོ་རྩོམ་པའི་དུས་སྐབས་ཡིན” ། ལོ་རྒྱུས་ཀྱི་དུས་རིམ་འདི་ནི་བརྒྱ་ལོ་དང་པོའི་དམིགས་འབེན་གྱི་མཇུག་མཐའི་དུས་རིམ་དང་བརྒྱ་ལོ་གཉིས་པའི་དམིགས་འབེན་མགོ་རྩོམ་པའི་དུས་རིམ་གཉིས་འབྲེལ་མཐུད་བྱེད་པའི་བར་བརྒལ་དུས་སྐབས་ཡིན་ལ། ལམ་ལུགས་སྔར་ལས་འཐུས་ཚང་ཞིང་འཕེལ་རྒྱས་མགྱོགས་པ་དང་། བཅོས་སྐྱོང་ལ་ཆུ་ཚད་ལྡན་པ། མི་དམངས་ཀྱི་ཐོབ་ཚོར་སྔར་ལས་ཇེ་མཐོ་ཡིན་པའི་མཆོང་བསྐྱོད་དུས་སྐབས་ཡིན།
ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་བ་དང་འཐབ་ཇུས་ཀྱི་བཀོད་སྒྲིག་གསར་བ།

དཔེ་རིས་གཉིས་སུ་བགོས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འགྲུབ་པར་བྱེད་པའི་དུས་ཚོད་རེའུ་མིག་གསལ་བོ་བསྟན་པ་དང་། 2020ལོ་ནས2035ལོའི་བར་གྱི་དུས་རིམ་དང་པོར། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་པ་དང་། 2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་གྱི་དུས་རིམ་གཉིས་པར། འབྱོར་ཕྱུག་དམངས་གཙོ་དང་དཔལ་ཡོན་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འགྲུབ་པར་བྱེད་རྒྱུ་རེད།

སྐབས་དེར། ཏིན་ཞོ་ཕེན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྟེང་དེང་རབས་ཅན་མངོན་འགྱུར་བྱེད་པའི་གོམ་རིམ་གསུམ་གྱི་འཐབ་ཇུས་བཏོན་ནས་ཏག་ཏག་ལོ་ངོ་སུམ་བཅུ་འགོར་བ་རེད།

དུས་རབས་གཅིག་ནས་དུས་རབས་གཅིག་ཏུ་ཀྲུང་གོ་གུང་ཁྲན་ཏང་མིས་སྔ་མཐུད་ཕྱི་སྐྱོང་དང་། གཅིག་རྗེས་གཉིས་མཐུད་སྒོས་ཀྲུང་གོའི་དེང་རབས་ཅན་མངོན་འགྱུར་བྱེད་པར་འབད་འཐབ་ལྷོད་མེད་བྱས་དང་བྱེད་ཀྱིན་ཡོད།
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ་ནན་ཅིན་སློབ་གྲྭ་ཆེན་མོའི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཡེ་པེན་གྱིས་བཤད་རྒྱུར། “ལོ་ངོ་སུམ་ཅུ་ལྷག་གི་བཅོས་སྒྱུར་གསར་སྐྲུན་ལས་ང་ཚོའི་ཏང་ལ་དེང་རབས་ཅན་ཕལ་ཆེན་མངོན་འགྱུར་བྱེད་པའི་དམིགས་འབེན་ལོ་བཅོ་ལྔའི་སྔོན་ལ་འགྲུབ་ཐུབ་པར་གདེང་ཚོད་ཆེན་པོ་ཡོད་པར་མ་ཟད་ཡིད་ཆེས་ཡོད་པའི་སྒོ་ནས་2050ལོའི་དམིགས་འབེན་གསར་བ་བཏོན། དེས་ཁྱོན་ཡོངས་ནས་ང་ཚོའི་ཏང་གི་བསམ་བློ་དང་གཞུང་ལུགས། འཐབ་ཇུས་བཅས་ལ་དུས་རབས་ཀྱི་ཞིབ་དཔྱད་བྱེད་ཐུབ་པ་ཁྱོན་ཡོངས་ནས་གསལ་བཤད་བྱས་ཡོད། དེ་ནི་ཀྲུ་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཆོས་ཉིད་དང་མཐུན་ཞིང་རྒྱལ་ཁབ་དང་མི་དམངས་ལ་ཚད་མཐོན་པོས་འགན་འཁུར་བ་ཡིན” ཟེར།

ལོ་རྒྱུས་གསར་བའི་གནས་ཡུལ་དང་དུས་རབས་གསར་བའི་འོས་འགན།

ཏང་གི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ལས་བསྟན་པའི་“ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས”ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་བསྟན་པའི“གོམ་རིམ་གསུམ་དུ་འགྲོ་བའི”་འཐབ་ཇུས་ནས། ཏང་གི་ཚོགས་ཆེན་ཐེངས་བཅོ་ལྔ་བར་བསྟན་པའི“བརྒྱ་ལོ་གཉིས”ཀྱི་དམིགས་འབེན་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པ་དང་ཐེངས་བཅུ་བདུན་པ། ཐེངས་བཅོ་བརྒྱད་པ་བཅས་ནས་ཀྱང་ཁྱོན་ཡོངས་ཀྱི་འབྱོར་འབྲིང་དམིགས་འབེན་ལ་རྒྱུན་ཆད་མེད་པར་ཇུས་གཞི་གསར་བ་དང་རེ་བ་གསར་བ་བསྒྲུབས་ནས་མར་ཁེ་སི་རིང་ལུགས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱིས་ཀྲུང་གོའི་ཡུལ་གྲུ་ཀུན་དུ་རླབས་ཆེན་གྱི་ཁྱད་མཚར་གྲུབ་འབྲས་མང་པོ་བསྐྲུན་པ་རེད།

ད་ལྟ། “བརྒྱ་ལོ་གཉིས”ཀྱི་ལོ་རྒྱུས་ཀྱི་འདྲེས་མཚམས་སུ་འགྲེང་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ཁྲོད་དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འོས་འགན་གསལ་བཤད་བྱས་ཡོད། རླབས་ཆེན་གྱི་འཐབ་འཛིང་དང་རླབས་ཆེན་གྱི་བཟོ་སྐྲུན་སྤེལ་ནས། རླབས་ཆེན་གྱི་ལས་དོན་ལ་སྐུལ་འདེད་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཕུགས་འདུན་མངོན་འགྱུར་བྱེད་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་འགུལ་སྐྱོད་དར་རྒུད་ལ་ཕྱིར་མིག་ལྟས་ཚེ། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་ཉམས་མྱོང་ལས་ཐོབ་པའི་རྒྱལ་ཕམ་ལ་སྤྱི་བསྡོམས་བྱས་ནས། ཞི་ཅིན་ཕིང་གིས་མངོན་གསལ་དོད་པོས་བསྟན་དོན། འཛམ་གླིང་གི་གནས་བབ་ལ་འགྱུར་ལྡོག་སྣ་ཚོགས་བྱུང་བའི་ལོ་རྒྱུས་ཀྱི་གོ་རིམ་ཁྲོད་ཏང་ནམ་ཡང་དུས་རབས་ཀྱི་མདུན་གྲས་སུ་བསྐྱོད་པ་དང་རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་ཉམས་སད་ལ་ཁ་གཏད་འཇལ་བ་དེ་ལོ་རྒྱུས་ཀྱི་གོ་རིམ་ཁྲོད་ནམ་ཡང་རྒྱལ་ཡོངས་མི་དམངས་ཀྱི་སྲོག་ཤིང་ལྟ་བུར་འགྱུར་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་འཕེལ་རིམ་རྒྱུན་མཐུད་དང་འཕེལ་རྒྱས་གཏོང་བའི་ཁྲོད་ནམ་ཡང་སྲ་བརྟན་གྱི་མགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་ཁག་ཐེག་བྱེད་དགོས།
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ་ཁྲིན་ཅང་སྡེ་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཕེ་ཁྲོན་ལང་གིས་བཤད་རྒྱུར། “ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དེ་ལས་སླ་མོའི་མངོན་འགྱུར་བྱེད་ཐུབ་པ་ཞིག་མིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་འོག ང་ཚོའི་ཏང་གིས་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཆོས་ཉིད་ཀྱི་ངེས་ཤེས་སྔར་ལས་ལྷག་པའི་གཏིང་ཇེ་ཟབ་དུ་གཏོང་དགོས་ལ། མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་འགན་འཁྲི་དང་ལམ་ཐིག་སྔར་ལས་གསལ་བོ་མངོན་འགྱུར་བྱེད་དགོས། ང་ཚོས་ངེས་པར་དུ་ཡིད་ཆེས་བརྟན་པོ་དང་འབད་བརྩོན་ལྷོད་མེད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་སྔར་ལས་སྟོབས་དང་ལྡན་པའི་གསོན་ཤུགས་གསར་བ་མངོན་དུ་འཇུག་དགོས” ཟེར།

«གུང་ཁྲན་ཏང་གི་བསྒྲགས་གཏམ»སྤེལ་བའི་ཚུན་གྱི་ལོ་བརྒྱ་དང་བདུན་ཅུ་ལྷག་གི་ལག་ལེན་ལས་བདེན་དཔང་བྱས་པ་ལྟར་ན། མར་ཁེ་སི་རིང་ལུགས་དེ་རང་རེའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱེད་པ་དང་། དུས་རབས་འཕེལ་རྒྱས་དང་མཉམ་སྐྱོད་བྱེད་པ། མི་དམངས་མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་བཅས་བྱས་ན། ད་གཟོད་སྐྱེ་སྟོབས་ཀྱི་ནུས་པ་དང་གསར་སྐྲུན་ནུས་ཤུགས། ཡིད་འགུག་ནུས་པ་བཅས་སྔར་ལས་ཆེན་པོ་བསྐྱེད་ཐུབ།

“ གསར་སྐྲུན་པ་ཡིན་ན་གོང་འཕེལ་འབྱུང་ངེས་ལ། གསར་སྐྲུན་པ་ཡིན་ན་སྟོབས་ཤུགས་ལྡན་ངེས་ཤིང་། གསར་སྐྲུན་པ་ཡིན་ན་རྒྱལ་ཁ་ཐོབ་ངེས། ” ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ་རྒྱལ་ཁབ་རིམ་འདས་རྩིས་འཁོར་ཐེན་ཅིན་ལྟེ་གནས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་མིན་ཞང་ཧྥེ་ཡིས་བཤད་རྒྱུར། “96ལོ་ནས་བཟུང་ང་ཚོས་ཏང་གིས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁ་ཆེན་པོ་བླངས་པ་དེ་གཙོ་བོ་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་དང་གཞུང་ལུགས་ཀྱིས་ལག་ལེན་ལ་མཛུབ་སྟོན་བྱས་པས་རེད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཡང་དག་པའི་སྣེ་ཁྲིད་འོག ང་ཚོའི་རྒྱལ་ཁབ་ཀྱིས་མ་འོངས་པར་སྔར་ལས་མདུན་སྐྱོད་ཆེན་པོ་དང་ཐོད་བརྒལ་གསར་བ་མངོན་འགྱུར་བྱེད་ཐུབ་ངེས་རེད་ཟེར།
 

ལོ་ཙཱ་བ། སྟོབས་ལྡན། སྟོབས་ལྡན་རྒྱལ། སྒྲོལ་མ་སྐྱིད། རྟ་མགྲིན་སྐྱབས། ཤ་བོ་རིན་མཚོ། ཚེ་རིང་སྒྲོལ་མ། བཀྲ་ཤིས་དོན་གྲུབ། ལྷ་རྒྱལ་བཀྲ་ཤིས། སྐར་མ་མཚོ།