“རླབས་ཆེན་གྱི་དུས་རབས་ལ་རླབས་ཆེན་གྱི་གཙོ་འཛིན་དགོས་ཤིང་། རླབས་ཆེན་གྱི་གཙོ་འཛིན་གྱིས་མང་ཚོགས་ཀྱི་ཕྱོགས་བསྡུས་བློ་གྲོས་ལ་བརྟེན་ནས་རླབས་ཆེན་གྱི་བསམ་བློ་གསར་གཏོད་བྱེད་ཐུབ། ཞི་ཅིན་ཕིང་གིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་བ་ཡིན་ལ། ཏང་དང་མི་དམངས་ཀྱི་ལག་ལེན་ཉམས་མྱོང་དང་བློ་གྲོས་གཅིག་བསྡུས་ཀྱི་ཉིང་བཅུད་ཀྱང་ཡིན་ངེས། ”ཞེས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་འཐུས་མིའམ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་བུན་ཁོས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་གྲུབ་འབྲས་ནི་ཕྱོགས་ཡོངས་རང་བཞིན་དང་གསར་བསྐྲུན་རང་བཞིན་ཡིན་པས། དེས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་བསྒྱུར་བཅོས་བྱེད་པར་སྐུལ་འདེད་བཏང་ཡོད། ཀྲང་བུན་ཁོས་ཀྱིས་བཤད་རྒྱུར། ལོ་ལྔའི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བརྟན་པོར་འཛུགས་པ་དང་། དཔལ་འབྱོར་སྤྱི་ཚོགས་ཀྱི་རྗེས་འཕེལ་བསྙེགས་བརྒལ་དང་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་བསྐྲུན་བྱས་ཡོད། ལོ་ལྔའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཁྲོད་ནས་ང་ཚོར་ཤེས་རྟོགས་ཟབ་མོ་ཞིག་བྱུང་ཡོད་པ་ནི་བོད་ཁུལ་མཆོངས་སྐྱོད་ཀྱིས་འཕེལ་རྒྱས་མངོན་འགྱུར་བྱུང་དགོས་ན། ངེས་པར་དུ་གཅིག་གྱུར་འཆར་འགོད་ཀྱིས“གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྐུལ་འདེད་བཏང་ནས། “ཁྱོན་ཡོངས་བཞིའི”འཐབ་ཇུས་མཐུན་སྦྱོར་སྙོམ་སྒྲིག་ལ་སྐུལ་འདེད་གཏོང་དགོས་པ་དང་། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་རྩ་བའི་གཞི་འཛིན་ས་ཡིན་པ་དང་། “བསྒྱུར་བ་བཞི”བྱེད་ཕྱོགས་ཐབས་ལམ་དུ་བརྩིས་ནས་གཙང་གསུམ་འབྱུང་ཡུལ་གྱི་ལྗང་མདོག་ཐོན་ལས་ཕྱོགས་བསྡུས་འཕེལ་རྒྱས་ཀྱི་སྔོན་བསྐྱོད་ཁུལ་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད་མཚོ་ལྷོ་ཁུལ་གྱི་ཁྱད་ཐོན་ཐོན་ལས་རྒྱ་ཆེར་བསྒྲུབ་པ་དང་། ལྗང་མདོག་ཐོན་ལས་འདེབས་གསོ་དང་གསར་དར་ཐོན་ལས་འཕེལ་རྒྱས་བཅས་ཀྱིས་བོད་ཁུལ་གྱི་སྐོར་ཐེངས་གསར་བའི་འཕེལ་རྒྱས་ཁྲོད་ཀྱི་གོ་སྐབས་དམ་འཛིན་བྱེད་དགོས་པ་དེ་ཡིན།
ཀྲང་བུན་ཁོས་ཀྱིས་བཤད་རྒྱུར། “ཉིས་སྟོང་བཅུ་གཉིས་ལོར། ང་རང་གིས་མཚོ་ལྷོ་ཁུལ་དུ་རྟོག་ཞིབ་བྱེད་སྐབས་ཐུན་ཏེ་རྫོང་གི་ཞིང་ལས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་གི་ཁྱིམ་ལ་འགྲོ་མྱོང་བ་དང་། སྐབས་དེར། ཅང་སུའུ་ཞིང་ཆེན་གྱིས་ཁ་གཏད་རོགས་སྐྱོར་ལ་གནང་བའི་ཉི་འོད་ནུས་པའི་གློག་སྒྲོན་གྱི་སྒྲིག་ཆས་ཆ་ཚང་ཡོད་པ་དེ་ཕུད་རྗེས་ཁོའི་ཁྱིམ་གྱི་ཅ་ལག་ཡོད་ཚད་ཀྱི་རིན་གོང་སྒོར་སུམ་སྟོང་དྲུག་བརྒྱ་མ་གཏོགས་མེད་ལ། ན་ནིང་ང་རང་ཡང་བསྐྱར་སྡེ་བ་དེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚང་ལ་སོང་དུས་ཁོ་ཚང་ཁང་བ་གསར་བའི་ནང་དུ་བསྡད་ཡོད་པར་མ་ཟད་ཁྱིམ་སྤྱོད་གློག་ཆས་ཀྱང་མི་ཉུང་བ་ཞིག་ཁ་སྣོན་བྱས་ཡོད་ཟེར།”
སྙན་ཞུའི་ནང་བསྟན་དོན། རང་རྒྱལ་གྱི་དཔལ་འབྱོར་མགྱོགས་མྱུར་གྱི་འཕེལ་ཚུལ་ལས་རྒྱུ་སྤུས་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་བསྒྱུར་ཡོད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བའི་བྱེད་སྟངས་དེ་དཔལ་འབྱོར་གྱི་གྲུབ་ཚུལ་ལེགས་སྒྲིག་དང་། འཕེལ་ཚུལ་སྒུལ་ཤུགས་ཀྱི་འགག་རྒོལ་གྱི་རྣམ་པ་རུ་བསྒྱུར་ཡོད། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་ནི་འགག་སྒོ་ལས་བརྒལ་བའི་འདོད་བློ་དང་རང་རྒྱལ་འཕེལ་རྒྱས་ཀྱི་འཐབས་ཇུས་དམིགས་འབེན་ཡིན།
ཀྲང་བན་ཁོས་ཀྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་བཀོད་སྒྲིག་གསར་བ་དང་བླང་བྱ་གསར་བ་ལྟར་ཏུ། མཚོ་ལྷོ་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ང་ཚོས་མུ་མཐུད་དུ་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཧུར་ཐག་སྒོས་མཚོ་སྔོན་པོའི་མཐའ་སྐོར་གྱི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་སྒྲིག་གཞི་དང་རྨ་ཆུའི་འགྲམ་རྒྱུད་ཀྱི་སྐྱེ་ཁམས་འཁོར་སྐྱོད་ཀྱི་ཞིང་ལས་དང་ལྷོ་ཕྱོགས་མཐོ་འཁྱག་གི་སྐྱེ་ཁམས་ཕྱུགས་ལས་བཅས་ཀྱི“ཞིང་ཕྱུགས་ལས་ཆེན་པོ་གསུམ་གྱི་དཔལ་འབྱོར་དར་ཁུལ”ལ་ཤུགས་བསྣན་ནས། ཡང་བསྐྱར“མཚོ་སྔོན་གྱི་ཕྱུགས་ལས་ཀྱི་ཁུལ་ཆེན་པོ”ཞིག་ཏུ་བསྐྲུན་རྒྱུ་ཡིན་པ་དང་། མགྱོགས་མྱུར་གྱིས་དྭངས་གཙང་གི་ནུས་ཁུངས་གསར་བའི་ཐོན་ལས་འཕེལ་རྒྱས་སུ་བཏང་ནས“འཕྲིན་སྦྲེལ་དྲ་བའི་སྟེང་བློ་གྲོས་ཀྱི་ནུས་ཁུངས་སྣོན་པའི་བཟོ་སྐྲུན་”ལག་བསྟར་བྱས་ཏེ། མགྱོགས་མྱུར་གྱིས་དྲ་སྦྲེལ་གློག་སྒྱུར་དང་གློག་འདྲེན་སྐུད་ལམ་ཕྱིར་སྐྱེལ་གྱི་བཟོ་སྐྲུན་ལག་བསྟར་བྱས་ཏེ། ནུབ་བྱང་ས་ཁུལ་གྱི་“ནུབ་གློག་ཤར་སྐྱེལ་”གྱི་རྟེན་གཞི་གལ་ཆེན་ཞིག་བསྐྲུན་རྒྱུ། མགྱོགས་མྱུར་གྱིས་རིག་གནས་ཡུལ་སྐོར་དང་ཞབས་ཞུའི་ལས་རིགས་འཕེལ་རྒྱས་སུ་བཏང་སྟེ་མཚོ་སྔོན་པོ་ནས་ཚ་རྔ་འགག་དེ་ནས་ཁྲི་ཀའི་“གནས་གསུམ་ལམ་གཅིག་”གི་རྩེ་གྲའི་ཡུལ་སྐོར་ལམ་ཐིག་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། མགྱོགས་མྱུར་གྱིས་གཞི་གྲངས་ཆེན་མོ་སོགས་གསར་དར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་ཧྲིན་ཀྲིན་ཧྭ་བེ་ཀུང་ཟི་ནང་འདྲེན་བྱེད་པ་བརྒྱུད་ནས་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕེལ་ཚུལ་གསར་བ་ཞིག་ཆགས་སུ་འཇུག་རྒྱུ། མགྱོགས་མྱུར་གྱིས་གྲོང་རྡལ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ་གུང་ཧོ་དང་ཁྲི་ཀ་གཉིས་རྫོང་ནས་ གྲོང་ཁྱེར་དུ་བསྒྱུར་བའི་གོ་སྐབས་དམ་འཛིན་བྱས་ཏེ། གུང་ཧོ་མདོ་དབུས་ལམ་ཐིག་སྟེང་གི་དཔལ་འབྱོར་གྱི་གྲོང་ཁྱེར་གལ་ཆེན་ཞིག་དང་རིག་གནས་ཡུལ་སྐོར་གྱི་གྲོང་ཁྱེར་མིང་གྲགས་ཅན་ཞིག་ཏུ་བསྐྲུན་རྒྱུ་དང་། ཁྲི་ཀ་ནི་མཁར་གྲོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་དུ་བསྐྲུན་རྒྱུ། སྐྱེ་ཁམས་ཁོར་ཡུག་ལ་བདག་སྐྱོང་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པར་རྒྱུན་འཁྱོངས་བྱེད་པ་གཙིགས་འཛིན་བྱེད་རྒྱུ་ཡིན་ཟེར།
ན་གཞོན་དར་ན་རྒྱལ་ཁབ་དར་བ་དང་། ན་གཞོན་སྟོབས་ན་རྒྱལ་ཁབ་སྟོབས་པ། ན་གཞོན་དག་ལ་ཕུགས་བསམ་དང་ནུས་པ། འགན་འཁྲི་ཡོད་ན་རྒྱལ་ཁབ་ལ་མདུན་ལྗོངས་ཡོད་ལ་མི་རིགས་ལ་རེ་བ་ཡོད། “སྤྱི་ཁྱབ་ཧྲུའུ་ཅིའི་གསུངས་ཚིག་དེ་བདག་གིས་སེམས་གཏིང་ཏུ་བཟུང་ཡོད་ཟེར། ཀྲང་བུན་ཁོས་ཀྱིས་བཤད་རྒྱུར། ང་ཚོའི་སྔར་ལས་ལྷག་པའི་སྒོ་ནས་སློབ་གསོ་སྔོན་ལ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་དངོས་འབེབས་བྱས་ཏེ། སློབ་གསོའི་དབུལ་ཕུངས་ཀྱི་རྩ་བ་འགོག་པ་རྒྱུད་སྤྲོད་བྱེད་རྒྱུ་དང་། དུས་རབས་གསར་བའི་བོད་རིགས་ན་གཞོན་ཚོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གོ་རིམ་ཁྲོད་རྨི་ལམ་གྱི་གཤོགས་ཟུང་རིང་དུ་སྐྱོངས་པར་ཤོག་ཟེར།
ལོ་་ཙཱ་བ། བཀྲ་ཤིས་དོན་འགྲུབ།