ད་ལྟ། ཏང་རྟགས་འདོགས་པ་ནི་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་མི་སྣའི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད་ལ།མཚོ་སྔོན་གྱིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བའི་དགོས་ངེས་ཀྱི་བླང་བྱར་ཡང་གྱུར་ཡོད། ང་ཚོ་མཚོ་སྔོན་གྱི་འཐུས་མི་བབ་འགན་དྲག་པོས་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་ཏེ།ཚོགས་ཆེན་བདེ་བླག་ངང་མཇུག་སྒྲིལ་བར་ནུས་པ་གང་ལེགས་འདོན་ངེས། ཞེས་ཟླ་བཅུ་བའི་ཚེས་བཅུ་དགུའི་ཉིན་གྱི་སྔ་དྲོར།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་སྨྱན་བྱད་མཛད་སྒོའི་བྱ་འགུལ་སྟེང་།ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཀོ་ཧྲིན་གྱིས་མི་དམངས་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པས་བཅར་འདྲི་བྱེད་སྐབས་དེ་ལྟར་བཤད།
ཝང་ཀོ་ཧྲིན་གྱིས་བཤད་རྒྱུར། ད་ལོའི་ཟླ་ལྔ་བར་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྐབས་སུ།ང་ཚོས་འཐུས་མི་ཡོངས་ཀྱིས་ཏང་རྟགས་འདོགས་དགོས་པའི་བླང་བྱ་བཏོན་པས། ཚང་མའི་སེམས་སུ་གཟི་བརྗིད་ཆེན་པོ་དང་སྤོབས་སེམས་ཆེན་པོ། དེ་བས་ཀྱང་འགན་འཁྲི་ཆེན་པོ་བཅས་ཀྱི་སྣང་བ་དང་ལྡན་པར་གྱུར་ཟེར། དངོས་གནས་དེ་ལྟར་ཡིན་ལ།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྐབས་སུ།འཐུས་མིའི་ཚོགས་པ་བཅའ་སྡོད་བྱེད་པ་འམ་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་འདུར་ཞུགས་པ། ཡང་ན་སྨྱན་བྱད་མཛད་སྒོའི་བྱ་འགུལ་བསྡུ་བ་གང་ཡིན་ཡང་།མཚོ་སྔོན་འཐུས་ཚབ་ཚོགས་པའི་འཐུས་མི་དང་ལས་བྱེད་མི་སྣའི་བྲང་ཁའི་ཏང་རྟགས་དེ་མིག་ལ་རྣམ་པར་འཚེར་འོངས། མཚོ་སྔོན་ནས་ཡོང་བའི་གཞི་རིམ་འཐུས་མི་ཞིག་ཡིན་པའི་ཆ་ནས། བྲང་ཁའི་ཏང་རྟགས་འདིས་ངའི་ཕྲག་སྟེང་གི་བབ་འགན་དང་འགན་འཁྲི་ལ་རྟག་པར་དྲན་སྐུལ་བྱེད་བཞིན་ཡོད། ཏང་རྟགས་འདོགས་པ་ནི་ཏང་ཡོན་གྱི་ཐོབ་ཐང་མངོན་པ་ཡིན་། ངས་ནན་ཏན་སྒོས་ལས་དོན་བཟང་བོར་བསྒྲུབ་སྟེ།ཚད་མཐོ་བའི་འགན་འཁྲི་དང་བབ་འགན་གྱི་བསམ་པས་ཚོགས་ཆེན་གྱི་ལས་རིམ་སོ་སོར་ཞུགས་དགོས། ཏང་རྟགས་བཏགས་ནས་ཏང་གི་ཚོགས་འདུ་འཚོགས་པའི་ཞིབ་ཆ་འདི་གླེང་ཚེ།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་རང་ཞིང་གི་འཐུས་མིས་གཅིག་རྗེས་གཉིས་མཐུད་དུ་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཤིང་། ཁོ་ཚོས་བཤད་པའི་སྐད་ཆའི་ཚིག་འབྲུ་རེ་རེ་ལས་རང་ཉིད་ཏང་ཡོན་ཞིག་ཡིན་པའི་ཐོབ་ཐང་ལ་བརྩི་འཇོག་བྱས་པ་མཚོན་པར་བྱས། ཉིན་འགའི་སྔོན་དུ།པེ་ཅིན་ལ་འགྲོ་དགོས་པའི་གནས་ཚུལ་འབྱོར་རྗེས།ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནས་འོང་བའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི་ཚེ་རིང་སྐྱིད་འཛོམས་ལ་སེམས་འགུལ་ཚད་མེད་ཐེབས།ལམ་ལ་ཆས་སྐབས། ལོ་རབས་བརྒྱད་ཅུའི་ནང་སྐྱེས་པའི་ཁོ་མོ་ནམ་རྒྱུན་དང་འདྲ་བར།ཏང་རྟགས་དེ་བྲང་ཁར་གྲལ་དག་པོར་བཏགས། ལོ་ངོ་ལྔའི་རིང་ལ། ང་ཚོའི་ཡུས་ཧྲུའུ་ལ་འགྱུར་ལྡོག་ཧ་ཅང་ཆེ་ལ།མང་ཚོགས་ཀྱི་འགྲོ་འོངས་དེ་ལས་ཀྱང་སྟབས་བདེར་གྱུར་པ་དང་། སྨན་ཁང་དང་སློབ་གྲྭར་འགྲོ་བའི་ཆ་རྐྱེན་མངོན་གསལ་གྱིས་ལེགས་བཅོས་བྱུང་ཡོད། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་རྒྱལ་ཁ་འཐོབ་པའི་རེ་བ་ཆེ་ཞིང།མི་དམངས་ཀྱི་འཚོ་བ་སྔར་ལས་མཛེས་སྡུག་ལྡན་ངེས།བྱང་ལམ་རིང་མོ་གཅོད་དུས་།འདོ་བ་རྟ་ཕོ་མི་བརྗེད་ཞེས་པའི་དཔེ་ལྟར།ང་ཚོས་ཏང་གི་མགོ་ཁྲིད་ལ་བཀའ་དྲིན་ཞུ། འདས་པའི་ལོ་ལྔ་ཡི་རིང་། ཁྱོན་ཡོངས་ནས་ཏང་ནན་མོས་སྐྱོང་བའི་གྲུབ་འབྲས་མངོན་གསལ་ཡིན།ཁྱོན་ཡོངས་ནས་ཏང་གི་མགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། བློ་ཐག་རྦད་ཆོད་ཀྱིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ལྷོད་གཡེང་རྣམ་པ་བསྒྱུར་བ།ཏང་ཡོངས་ཀྱིས་ཏང་གི་སྒྲིག་ཡིག་གུང་བཀུར་ལ་སྐུལ་འདེད་དང་།ཆབ་སྲིད་འདུ་ཤེས་དང་སྤྱི་ཡོངས་འདུ་ཤེས་།སྲོག་ཤིང་གི་འདུ་ཤེས།མིག་ལྟོས་ཀྱི་འདུ་ཤེས་ལ་ཤུགས་སྣོན་པ།བློ་ཐག་རྦད་ཆོད་ཀྱིས་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོབ་དང་གཅིག་གྱུར་མགོ་ཁྲིད་ཕྱོགས་བསྡུས་བྱེད་པ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་སྲུང་བྱེད་པ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འོས་འགན་རབ་དང་རིམ་པ་དོན་འཁྱོལ་བྱེད་དགོས། ཏང་རྟགས་ཆུང་ཆུང་ཞིག་ལས་། ང་ཚོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་པའི་གྲུབ་འབྲས་བཟང་པོ་མངོན་ཡོད།ཚོར་སྣང་འདི་ལྟ་བུ་ནི་ད་ལོའི་ཟླ་ལྔ་བར་ཏང་གི་འཐུས་མི་བྱས་ཏེ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པར་ཞུགས་པའི་ཐིན་ཞའོ་ཝུའུ་ལ་མཚོན་ནས་བཤད་ན་རྒྱུས་མེད་ཅིག་གཏན་ནས་མིན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པར་ཞུགས་སྐབས།ང་ཚོ་ཏང་གི་འཐུས་མི་ཚང་མས་ཏང་རྟགས་བཏགས་ཡོད།ཏང་རྟགས་ཆུང་ནའང་། མཐོང་མ་ཉིད་ནས་ལྗིད་ཏིག་ཏིག་གི་འོས་འགན་ཕྲག་ཏུ་ཁུར་ཡོད་པ་ཚོར་ཐུབ།ཏང་རྟགས་འདོགས་ཐེངས་རེར། སེམས་སུ་བཤད་མི་ཤེས་པའི་སྤྲོ་བ་ཟབ་མོས་ཁེངས་ཡོང་། འཐུས་མི་རེ་རེར་ཏང་རྟགས་འདོགས་པའི་བླང་བྱ་བཏོན་པ་ནི་མཚོ་སྔོན་གོང་འོག་གི་རང་འགུལ་གྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད།
གུང་ཁྲན་ཏང་མི་རེ་རེས་བབ་འགན་ཕྲག་པར་འཁུར་དགོས། ཞེས་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ཞའོ་ཆའོ་སྲང་ལམ་ཞིན་ཧེ་སྡོད་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཐེན་ཞའོ་ཧོང་གིས་གསར་འགོད་པར་དེ་ལྟར་བཤད།ལོ་ངོ་ལྔའི་རིང་།ང་ཚོའི་ཏང་གིས་ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་པའི་ཁས་ལེན་མངོན་འགྱུར་བྱས་ཏེ།ཏང་སེམས་དང་དམངས་སེམས་འཐོབ་པར་བྱས།ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོས་ཏང་གི་གོང་བུར་འགྲིལ་ཤུགས་དང་འཐབ་རྩོད་ནུས་ཤུགས།མགོ་ཁྲིད་ནུས་ཤུགས་དང་འབོད་སྐུལ་ནུས་ཤུགས་བཅས་ཤུགས་ཆེ་རུ་བཏང་། ཚོགས་ཆེན་བཅུ་དགུ་པའི་འཐུས་མི་རེ་རེ་ནི་ཚད་ཐུབ་རེ་དང་དར་ཆ་རེ་ཡིན།འཐུས་མི་རྣམས་ཀྱི་བརྩེ་སེམས་འཕྲིན་ཡིག་ནི་སྒེའུ་ཁུང་ཆུང་ཆུང་རེ་ཡིན་ཅིང་།དེ་ལས་འདས་པའི་ལོ་ལྔ་ཡི་རིང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་ཏེ་ཐོབ་པའི་གཡུར་ཟའི་འབྲས་བུ་མངོན་ཡོད། ཏང་རྟགས་བྲང་ཁར་བཏགས་པ་དེས། ངས་ཚོགས་ཆེན་གྱི་སྐབས་སུ་བློ་སེམས་གཅིག་ཏུ་སྒྲིམ་པར་སྐུལ་སློང་དང་། ཚོགས་ཆེན་རྒྱལ་ཁའི་ངང་བསྡུས་ཤིང་བདེ་བླག་ངང་མཇུག་སྒྲིལ་བར། ང་ཚོས་བྱས་རྗེས་འཇོག་པ་དང་འགན་ལེན་བཟང་བོ་ཞིག་བྱེད་པར་སྐུལ་སློང་བཟང་བོ་བྱས།ངས་བལྟས་ན། འདི་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཞིག་ཀྱང་རེད།ཞེས་ཏང་གི་འཐུས་མི་ཧི་ཧྲིུན་ལན་གྱིས་དེ་ལྟར་བཤད། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོས་ནམ་ཡང་མདུན་དུ་བསྐྱོད་དགོས།མ་འོངས་པར་ཁ་ཕྱོགས་ཏེ།ཁོ་ཚོ་སྤོབས་སེམས་ཀྱིས་ཁེངས་ཤིང་ཡིད་ཆེས་ཀྱིས་གཏམས་ཡོད། ཏང་གི་འཐུས་མིའི་བྲང་ཁའི་ཏང་རྟགས་དེས།ཚང་མར་ནན་ཏན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་བར་སྐུལ་མ་བཏང་།
ལོ་ཙཱ་བ། རྟ་མགྲིན་སྐྱབས།