ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་ཉིན་རེར་གོང་འཕེལ་དུ་འགྲོ་བཞིན་པའི་མཛེས་སྡུག་གི་འཚོ་བའི་དགོས་པ་དང་དོ་མི་མཉམ་ལ་ཕུན་སུམ་ཚོགས་པ་མིན་པའི་འཕེལ་རྒྱས་བར་གྱི་འགལ་བ་རུ་གྱུར་བ་དང་། ཤན་གཅོད་གལ་ཆེན་འདིས་དུས་རབས་གསར་བའི་འཕེལ་རྒྱས་ལ་ཇུས་འགོད་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཡང་དག་པའི་ཁ་ཕྱོགས་གསལ་སྟོན་བྱས། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་བ་བྱུང་བའི་ཁྱད་ཆོས་གསར་བར་ངོས་འཛིན་ཟབ་མོ་བྱས་ན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁའི་ཕུ་ཐག་ཆོད་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཀྱི་རྒྱལ་ཁབ་སྟོབས་ལྡན་དུ་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན།
ལོ་རྒྱུས་ནི་མདུན་དུ་བསྐྱོད་བཞིན་ཡོད་པ་དང་། ང་ཚོ་ཏང་གིས་ལག་ལེན་ལ་ཡར་སྐུལ་བྱེད་པའི་རྨང་གཞིའི་སྟེང་གཞུང་ལུགས་གསར་སྐྲུན་གྱི་གོམ་སྟབས་མཚམས་བཞག་མ་མྱོང་། ཏང་གི་ཚོགས་ཆེན་ཐེངས་བརྒྱད་པ་ནས་བསྟན་དོན། རྒྱལ་ནང་གི་འགལ་བ་གཙོ་བོ་ནི་མི་དམངས་ཀྱིས་དཔལ་འབྱོར་རིག་གནས་མྱུར་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་དགོས་པ་དང་དེང་སྐབས་ཀྱི་དཔལ་འབྱོར་རིག་གནས་ཀྱིས་མི་དམངས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱིན་མེད་པའི་གནས་ཚུལ་བར་གྱི་འགལ་བ་དེ་ཡིན་ཞེས་པ་ནས་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་། རང་རྒྱལ་གྱིས་ཐག་གཅོད་བྱེད་དགོས་པའི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་ཉིན་རེར་འཕར་སྣོན་འགྲོ་བཞིན་པའི་དངོས་པོའི་རིག་གནས་ཀྱི་དགོས་པ་དང་རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད་བར་གྱི་འགལ་བ་དེ་ཡིན་པ་དང་། དེ་ནས་ཡང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྟེང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེར་འགྱུར་བ་ཆེན་པོ་བྱུང་བ་གསལ་བཤད་བྱས་པ་དེས་ང་ཚོ་ཏང་གིས་མུ་མཐུད་དུ་དུས་རབས་ཀྱི་འགྱུར་བ་དང་བསྟུན་པ་དང་། འགལ་བ་གཙོ་བོ་དམ་འཛིན་བྱེད་ཤེས་པ། འབུར་ཐོན་གནད་དོན་ཐག་གཅོད་བྱེད་པའི་ལག་ལེན་དང་གཞུང་ལུགས་ཀྱི་རང་གཤིས་དེ་མངོན་ཡོད།
རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བའི་ཁྱད་ཆོས་གསར་བར་གཏིང་ཟབ་སྒོས་ངོས་འཛིན་བྱེད་དགོས་ན། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་འཚོ་བར་རེ་སྙེག་བྱེད་པའི་རེ་སྒུག་གསར་བར་ངོས་འཛིན་ཟབ་མོ་བྱེད་དགོས། མུ་མཐུད་དུ་འབད་བརྩོན་བྱས་པ་བརྒྱུད། རང་རྒྱལ་གྱིས་མི་གྲངས་དུང་ཕྱུར་བཅུ་ལྷག་གི་ཁ་རྒྱབ་གནད་དོན་བརྟན་འཇགས་སྒོས་ཐག་གཅོད་བྱས་པས། སྤྱིའི་ཕྱོགས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱུང་། དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས། མི་དམངས་ཀྱི་མཛེས་སྡུག་འཚོ་བའི་དགོས་པ་ཉིན་རེར་ཇེ་ཆེར་འགྲོ་བཞིན་པ་དང་། དངོས་པོའི་རིག་གནས་འཚོ་བར་རེ་བ་སྔར་ལས་མཐོན་པོ་འདོན་བཞིན་པར་མ་ཟད། དམངས་གཙོ་དང་། ཁྲིམས་སྐྱོང་། འདྲ་མཉམ། དྲང་བདེན། བདེ་འཇགས། ཁོར་ཡུག་སོགས་ཕྱོགས་ཀྱི་དགོས་བ་ཡང་ཉིན་རེར་འཕར་བཞིན་ཡོད་པ་རེད། དེ་དང་ཆབས་ཅིག རང་རྒྱལ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་པའི་ཆུ་ཚད་སྤྱིའི་ཕྱོགས་ནས་ཇེ་མཐོར་སོང་བ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་དེ་ཕྱོགས་མང་པོ་ནས་འཛམ་གླིང་གི་སྔོན་གྲལ་དུ་སླེབས་ཡང་། འཕེལ་རྒྱས་དོ་མི་མཉམ་པ་དང་ཕུན་སུམ་ཚོགས་པ་མིན་པའི་གནད་དོན་སྔར་ལས་འབུར་ཐོན་ཡིན་པས། དེ་ནི་མི་དམངས་ཀྱི་ཉིན་རེར་འཕར་སྣོན་འགྲོ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་པ་སྐོང་བའི་ཚོད་འཛིན་གྱི་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བའི་ཁྱད་ཆོས་གསར་བ་ཁོང་དུ་ཆུད་པར་བྱེད་དགོས་ན། འགྱུར་དང་མི་འགྱུར་བའི་རྩོད་སྒྲུབ་འབྲེལ་བ་ཁོང་དུ་ཆེད་པར་བྱེད་དགོས། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་བ་བྱུང་ཡང་། རང་རྒྱལ་དུས་ཡུན་རིང་བོར་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་འགྱུར་བ་བྱུང་མེད་པ་དང་། རང་རྒྱལ་ནི་འཛམ་གླིང་གི་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་གོ་གནས་ལའང་འགྱུར་མེད། འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བ་ཤེས་དགོས་ལ། འགྱུར་བ་བྱུང་མེད་པ་གཉིས་ལའང་ངོས་འཛིན་ཟབ་མོ་ཡོད་དགོས། དེ་ལྟར་བྱས་ན་ད་གཟོད་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་དོན་དངོས་ཆེན་པོ་ཁོང་དུ་ཆུད་ནས་རྐང་ཚུགས་ཐུབ་པ་དང་། ཏང་གི་གཞི་རྩའི་ལམ་ཕྱོགས་དེ་ཏང་དང་རྒྱལ་ཁབ་ཀྱི་ཚེ་སྲོག་གི་ལམ་ཐིག་དང་། མི་དམངས་ཀྱི་བདེ་སྐྱིད་ཀྱི་ལམ་ཐིག་ཡིན་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་། འབྱོར་ཕྱུག་དང་། དམངས་གཙོ། རིག་གནས། འཆམ་མཐུན་མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས།
དཔྱོད་ལྡན་ལ་ནི་དུས་ཀྱི་འགྱུར་ལ་བསྟུན་པར་མཁས། ། ཤེས་ལྡན་ལ་ནི་དོན་གྱི་གནད་ལ་ཞུགས་པར་མཁས། ། ཞེས་པ་བཞིན། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་བ་ནི་ཁྱོན་ཡོངས་ཀྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་བ་དང་འབྲེལ་བ་ཡོད་པ་དང་། དེས་ཏང་དང་རྒྱལ་ཁབ་ཀྱི་ལད་དོན་ལ་རེ་བ་གསར་བ་བཏོན། མུ་མཐུད་དུ་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བའི་རྨང་གཞིའི་སྟེང་། འཕེལ་རྒྱས་དོ་མི་མཉམ་པ་དང་ཕུན་སུམ་ཚོགས་པ་མིན་པའི་གནད་དོན་ཐག་གཅོད་གང་ལེགས་བྱས་ཏེ། ཤུགས་ཆེན་པོའི་སྒོ་ནས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་ཀྱི་ཉིན་རེར་འཕེལ་རྒྱས་སུ་འགྲོ་བཞིན་པའི་ཕྱོགས་ཡོངས་ཀྱི་དགོས་པ་བསྐངས་སྟེ། མིའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་དང་། སྤྱི་ཚོགས་ཁྱོན་ཡོངས་ནས་གོང་འཕེལ་གཏོང་བའི་རྒྱུགས་གཞི་གསར་བར་ལན་འདེབས་པར་ཡར་སྐུལ་གཏོང་བ་དེ་ནི་དུས་རབས་གསར་བས་ང་ཚོ་ལ་བཏོན་པའི་གནད་དོན་འགངས་ཆེན་ཞིག་རེད།
འཕེལ་རྒྱས་ཀྱི་རྒྱུགས་གཞི་གསར་བར་ལན་བཏབ་ན། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཁྱོན་ཡོངས་ནས་ཏང་གི་གཞི་རྩའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་འཐབ་ཇུས་དངོས་འབེབ་བྱས་ཏེ། ཕྱོགས་ཡོངས་ནས་མཛེས་སྡུག་འཚོ་བ་སྔར་ལས་གསར་སྐྲུན་བྱེད་དགོས། འཕེལ་རྒྱས་གསར་བའི་འདུ་ཤེས་དངོས་འབེབ་བྱེད་དགོས་ན། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་དུ་སྤེལ་བ་དང་། འདོན་སྤྲོད་སྒྲིག་གཞིའི་སྤུས་ཚད་མཐོར་འདེགས་གཏོང་བ་དེ་གཙོ་གནད་ཁ་ཕྱོགས་སུ་བརྩི་བ། ཚད་མཐོའི་འདོན་སྤྲོད་རྒྱ་སྐྱེད་དགོས། ས་ཁོངས་བཟང་པོའི་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་དང་། ཞང་སྡེའི་འཐབ་ཇུས་དར་བར་བྱེད་པ་ལག་བསྟར་བྱས་ཏེ། ས་ཁུལ་ཆུང་བ་བར་གྱི་འཕེལ་རྒྱས་བར་ཐག་དང་། མཁར་གྲོང་གི་བར་ཐག་སྔར་ལས་ཇེ་ཆུང་དུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་སུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱས་ནས། མི་དམངས་ཀྱི་དམངས་གཙོའི་དབང་ཆར་འགན་སྲུང་གང་ལེགས་བྱེད་པ་དང་། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་ཡར་སྐུལ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་དུ་གཏོང་བར་སྐུལ་འདེད་བཏང་སྟེ། མི་དམངས་ལ་བསམ་བློའི་རྒྱགས་ཕྱེ་འདོན་སྤྲོད་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་པོའི་དཔལ་ཡོན་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་དང་། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཐོན་རྫས་སྔར་ལས་མང་པོ་འདོན་སྤྲོད་བྱེད་དགོས།
དམངས་ཚིས་ཞན་ཆ་ཁ་གསབ་དང་། དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་བ་གཏིང་དུ་སྤེལ་ནས། བྱིས་པ་ཆུང་དུས་ནས་གཉོར་མཁན་ཡོད་པ་དང་། སློབ་གྲྭ་རུ་ཁྲིད་མཁན་ཡོད་པ། ངལ་རྩོལ་བྱས་ན་ཐོབ་ཆ་ཡོད་པ། ནད་བྱུང་ཚེ་སྨན་པར་སྟོན་ས་ཡོད་པ། རྒས་ན་གཉོར་ས་ཡོད་པ། འདུག་ས་ཡོད་པ། ཉམས་ཆུང་ལ་རོགས་སྐྱོར་བྱེད་མཁན་ཡོད་པ་བཅས་ཀྱི་ཐད་མུ་མཐུད་དུ་གྲུབ་འབྲས་གསར་བ་ལེན་བཞིན་ཡོད་ལ། མི་དམངས་ཡོངས་ཀྱིས་མཉམ་སྐྲུན་མཉམ་སྤྱོད་ཀྱི་འཕེལ་རྒྱས་ཁྲོད་ཐོབ་བྱ་སྔར་ལས་མང་པོ་ཡོད་པར་ཁག་ཐེག་བྱས་ཏེ། མུ་མཐུད་དུ་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་། མང་ཚོགས་ཡོངས་མཉམ་དུ་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པར་སྐུལ་འདེད་བྱེད་དགོས། ཀྲུང་གོ་མི་དམངས་ཀྱིས་བདེ་སྐྱིད་འཚོལ་རྒྱུ་དེ་ནི་ང་ཚོ་ཏང་གི་ཆེས་ཐོག་མའི་མི་འགྱུར་བའི་སེམས་འདུན་ཡིན་པ་དང་། མི་དམངས་ཀྱི་སྣེ་ཁྲིད་དེ་མཛེས་སྡུག་འཚོ་བར་རེ་སྙེག་བྱེད་པ་དེ་ནི་ང་ཚོ་ཏང་གིས་དུས་དང་རྣམ་པ་ཀུན་ཏུ་འབད་བརྩོན་བྱེད་སའི་དམིགས་འབེན་ཡིན། བདེ་སྐྱིད་ནི་གནམ་ནས་ལྷུང་མི་སྲིད་ལ། ཕུགས་འདུན་ཡང་རང་འགུལ་གྱིས་མངོན་འགྱུར་ཡོང་མི་སྲིད། དུས་རབས་གསར་བར་ཞུགས་པས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག མུ་མཐུད་དུ་མཐུན་སྒྲིལ་བརྟན་པོ་དང་། དཀའ་སྤྱད་དངོས་འབེབ། མཉམ་དུ་མཛེས་སྡུག་གི་མ་འོངས་པ་སྔར་ལས་གསར་སྐྲུན་བྱེད་དགོས།