ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་ཤིང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་ཉིན་རེར་གོང་དུ་འཕེལ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་པ་དང་དོ་མི་མཉམ་ལ་ཕུན་སུམ་ཚོགས་པ་མིན་པའི་འཕེལ་རྒྱས་བར་གྱི་འགལ་བ་རུ་གྱུར་ཡོད་པ་གསལ་བོར་བསྟན།
ཅི་ལྟར་འཕེལ་རྒྱས་དོ་མཉམ་མིན་པ་དང་ཕུན་སུམ་ཚོགས་པ་མིན་པར་དམིགས་ཏེ་དམངས་ཚིས་ཐད་ཀྱི་མི་འདང་ས་ཁ་གསབ་བྱས་ནས་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་མི་དམངས་ཡོངས་ལ་འདྲ་མཉམ་གྱི་ཕན་ཐོགས་པར་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་བཏོན་པའི་དམངས་ཚིས་ཀྱི་བྱེད་ཐབས་གསར་བར་འཐུས་མི་དང་མང་ཚོགས་ཀྱིས་དོ་སྣང་བྱས།
ཡོང་འབབ་འབྲིང་ཙམ་གྱི་མི་ཚོགས་ཇེ་མང་དུ་གཏོང་བ།
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་བསྟན་དོན། ཡོང་འབབ་འབྲིང་ཙམ་གྱི་མི་ཚོགས་ཇེ་མང་དུ་གཏོང་དགོས། ཉེ་བའི་ལོ་འགའི་རིང་། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་འབྱུང་བའི་མགྱོགས་ཚད་དེ་རྒྱལ་དམངས་དཔལ་འབྱོར་གྱི་འཕེལ་ཚད་ལས་མགྱོགས་ཤིང་། ཡོང་འབབ་འབྲིང་ཙམ་གྱི་མི་ཚོགས་ཀྱི་གཞི་ཁྱོན་རྒྱུན་མཐུད་སྒོས་ཇེ་ཆེར་གྱུར།
ཡོང་འབབ་འབྲིང་ཙམ་གྱི་མི་ཚོགས་ཇེ་མང་དུ་གཏོང་བ་ནི་ཡོང་འབབ་ཉུང་བ་དང་མང་བ་བལྟོས་བཅས་ཀྱིས་ཉུང་ཞིང་ཡོང་འབབ་འབྲིང་ཙམ་གྱིས་མང་པོ་ཟིན་པའི་བགོ་བྱའི་གྲུབ་ཚུལ་གྱི་གནད་འགག་ཡིན་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་འབྲེལ་བ་ཡོད།
ཀྲུང་གོ་ངལ་རྩོལ་ཚོགས་པའི་ཚོགས་གཙོ་གཞོན་པ་སའོ་ཧའེ་ནན་གྱིས་བཤད་རྒྱུར། དཔལ་འབྱོར་རྒྱུན་མཐུད་ནས་འཕར་སྣོན་བརྟན་པོ་ཡོང་བར་ཁག་ཐེག་དང་ཡོང་འབབ་འབྲིང་ཙམ་གྱི་མི་ཚོགས་ཇེ་མང་དུ་གཏོང་བའི་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། དཔལ་འབྱོར་གྲུབ་ཚུལ་དང་ཐོན་ལས་གྲུབ་ཚུལ། ལས་རིགས་གྲུབ་ཚུལ། ལས་རྐང་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་བཅས་གནད་འགག་ཏུ་བརྩི་བ་དང་། མི་ཤུགས་ཐོན་ཁུངས་ཀྱི་ངོ་བོའི་གྲུབ་ཚུལ་ལེགས་བཅོས་བྱེད་པ་དེ་ཐབས་ལམ་གལ་ཆེན་དུ་བརྩི་བ། འབྲེལ་ཡོད་ཀྱི་ཡོང་སྒོའི་རྒྱུ་ནོར་བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དེ་ཐད་ཀའི་བྱེད་ཐབས་སུ་བརྩིས་ནས་མཉམ་དུ་ཡོང་སྒོ་དམའ་བའི་མི་ཚོགས་སྔར་ལས་མང་པོ་ཡོང་འབབ་འབྲིང་ཙམ་གྱི་མི་ཚོགས་སུ་འགྱུར་བར་སྣེ་ཁྲིད་བྱེད་དགོས་ཟེར།
ཞིང་པ་ཞོར་ལས་པ་དག་ཐབས་ལམ་སྣ་ཚོགས་ཀྱིས་ལས་ཞུགས་བྱེད་པར་སྐུལ་འདེད་བྱེད་དགོས།
ལས་ཞུགས་ནི་དམངས་ཚིས་ཀྱི་ལས་དོན་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་ཞིང་པ་ཞོར་ལས་པ་ཐབས་ལམ་སྣ་ཚོགས་ཀྱིས་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཉེ་བའི་ལོ་འདི་འགར། ཞིང་སྡེའི་ངལ་རྩོལ་པའི་ལས་ཞུགས་ཀྱི་རྣམ་པ་དེ་འཕེལ་ཚུལ་བརྟན་པོའི་ངང་ཇེ་མཐོར་འགྲོ་གྱིན་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཞིང་པ་ཞོར་ལས་པ་དེ་ཉིས་སྟོང་བཅུ་གཉིས་ལོའི་ལོ་མཇུག་གི་མི་གྲངས་དུང་ཕྱུར་གཉིས་དང་བྱེ་བ་དྲུག་ས་ཡ་གསུམ་ནས་ཉིས་སྟོང་བཅུ་དྲུག་ལོའི་ལོ་མཇུག་གི་མི་གྲངས་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་ས་ཡ་གཉིས་ལ་འཕར་ཡོད། རབས་གསར་བའི་ཞིང་པ་ཞོར་ལས་པས་དེའི་ཁྲོད་ཀྱི་བརྒྱ་ཆའི་ལྔ་བཅུ་ཟིན་ཡོད། ཀྲུང་གོའི་ལྕགས་ལམ་གློག་ཤུགས་སྡེ་ཚོགས་ཀྱི་བཟོ་བཀོད་པའམ། འཐུས་མི་ཅིས་ཞོ་ལིན་གྱིས་བསྟན་དོན། ཞིང་པ་ཞོར་ལས་པའི་ལས་ཞུགས་གནད་དོན་ལ་དོ་སྣང་བྱེད་པ་དེས་མཉམ་དུ་འབྱོར་ཕྱུགས་ཀྱི་ལམ་དུ་བསྐྱོད་པར་སྐུལ་འདེད་བྱེད་པའི་ཁ་ཕྱོགས་མཚོན་ཡོད་ཅིང་། མིག་སྔར། ཞིང་པ་ཞོར་ལས་པས་ལས་ཞུགས་ལ་དོ་སྣང་བྱེད་པ་དེ་བྱ་བ་འཚོལ་བ་རྐྱང་རྐྱང་མིན་པར་ད་དུང་ཅི་ལྟར་གྲོང་ཁྱེར་ནང་ནས་རྐང་འཛུགས་དགོས་པ་དང་། སློབ་གསོ་དང་སྨན་བཅོས་ཀྱི་ཆ་རྐྱེན་ཅི་ལྟར་ལོངས་སྤྱོད་ཡག་པོ་བྱེད་རྒྱུ། རིག་གནས་དང་ལག་རྩལ་ཡོད་པའི་ཞིང་པ་ཞོར་ལས་པ་དག་ད་དུང་ལས་སྒོ་གསར་སྤེལ་གྱི་ལམ་དུ་ཡང་ཅི་ལྟར་ཞུགས་དགོས་པ་དེ་རེད།
མྱུར་དུ་རྒན་གསོའི་ཉེན་ཚབ་མ་དངུལ་རྒྱལ་ཡོངས་དང་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་དགོས།
གཞི་གྲངས་ལས་མངོན་པ་ལྟར་ན། ཉིས་སྟོང་བཅོ་ལྔ་ལོའི་ལོ་མཇུག་ཏུ། རང་རྒྱལ་གྱི་ལོ་དྲུག་ཅུ་ཡན་གྱི་རྒན་པོའི་མི་གྲངས་དེ་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ས་ཡ་གཉིས་སུ་སླེབས་ཏེ། མི་གྲངས་སྤྱིའི་བརྒྱ་ཆའི་བཅུ་དྲུག་དང་གྲངས་ཆུང་གཅིག་ཟིན་ཡོད། སྐྲ་དཀར་གྱི་རྒན་པའི་ཚོགས་ཇེ་མང་ལ་སོང་བ་དེས་རྒན་གསོའི་ཉེན་ཚབ་ཀྱི་ཐེབས་རྩའི་གཏོང་སྤྲོད་དོ་མཉམ་ལ་ཤུགས་རྐྱེན་ཆེན་པོ་བཟོས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་གང་མགྱོགས་སྒོས་རྒན་གསོའི་ཉེན་ཚབ་དེ་རྒྱལ་ཡོངས་སུ་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་དགོས་ཞེས་བསྟན།
ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་སློབ་ཆེན་སྤྱི་ཚོགས་འགན་སྲུང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཀྲའོ་ཧྥོ་ལིན་གྱིས་བཤད་རྒྱུར། རྒྱལ་ཡོངས་ཀྱི་གཅིག་གྱུར་འཆར་འགོད་ལག་བསྟར་བྱས་རྗེས། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་ཆད་ལྷག་སྙོམས་སྒྲིག་དང་ཐ་ཐོར་གྱི་ཉེན་ཁ་སྙོམས་སྒྲིག་བྱེད་ཐུབ་པ་དང་། གཞི་རྩའི་རྒན་གསོ་ཉེན་ཚབ་ཀྱི་རྒྱལ་ཡོངས་གཅིག་གྱུར་འཆར་འགོད་ནི་མ་ལག་བཟོ་སྐྲུན་ཞིག་ཡིན་པས། ཐེབས་རྩ་གཅིག་གྱུར་འཆར་འགོད་དང་། ལམ་ལུགས་ཚད་ལྡན། དོ་དམ་འཐུས་ཚང་། ལག་རྩལ་ཚད་ལྡན་བཅས་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་དགོས།
ཁྱོན་ཡོངས་ནས་སྨན་ལ་བརྟེན་ནས་སྨན་ཁང་སྐྱོང་བ་མེད་པར་བྱ་རྒྱུ།
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་བསྟན་དོན། ཁྱོན་ཡོངས་ནས་སྨན་ལ་བརྟེན་ནས་སྨན་ཁང་སྐྱོང་བ་མེད་པར་བྱེད་པ་དང་། སྨན་རྫས་མཁོ་སྤྲོད་ཀྱི་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། མིག་སྔར། ལོ་ངོ་དྲུག་ཅུ་ལྷག་གི་སྨན་རྫས་ཀྱི་ཁེ་སྤོགས་ལེན་པའི་སྲིད་ཇུས་མེད་པར་བྱས་ཤིང་། སྡོད་དམངས་མི་སྒེར་གྱི་འཕྲོད་བསྟེན་འགྲོ་སྒོ་ཡིས་འཕྲོད་བསྟེན་སྤྱིའི་འགྲོ་སྒོ་ཟིན་པའི་སྡུར་ཚད་དེ་བརྒྱ་ཆའི་སུམ་ཅུའི་མན་དུ་ཇེ་དམའ་རུ་སོང་ཡོད།
ཧའོ་པེ་ཧོང་ཧུའུ་ཉ་གསོ་རྭ་བར་ལོ་ངོ་ཉི་ཤུ་ལྷག་ལ་སྨན་པ་བྱས་པའི་འཐུས་མི་ཞེ་འེ་འུག་གིས་བཤད་རྒྱུར། ད་ལྟ་ཁོ་མོ་ཡོད་སའི་ཉ་གསོ་ར་བའི་ཉ་བ་དྲུག་བརྒྱ་ཚང་མ་རྣམ་པ་གསར་བའི་ཞིང་སྡེ་མཉམ་ལས་སྨན་བཅོས་ཁྲོད་ཞུགས་ཡོད་པ་དང་། གཞི་རྩའི་སྨན་རྫས་ཁྱབ་སྤེལ་བྱས་པར་བརྟེན། གཞི་རིམ་སྨན་པའི་ཡོང་སྒོ་དེ་སྨན་བཙོངས་པར་བརྟེན་མི་དགོས་པ་རེད། སྔོན་ཆད་གཞི་རིམ་ནས་ནད་ལ་སྟོན་དཀའ་བ་དང་སྨན་རིན་མཐོ་བའི་རྣམ་པ་དེར་འགྱུར་ལྡོག་བྱུང་བཞིན་ཡོད།
དེ་དང་ལྷན་དུ། སྨན་བཅོས་ཀྱི་ཆེད་མཁས་པ་མང་པོས་བཤད་རྒྱུར། སྨན་རྫས་ཀྱི་ཁེ་སྤོགས་ལེན་པ་མེད་པར་བྱས་པ་དེས་སྨན་ཁང་སྐོར་ཞིག་གིས་ཚོད་ལྟའི་སྨན་རྫས་དང་སྨན་བཅོས་རྒྱུ་ཆ་སོགས་ཀྱི་སྟེང་ནས་ཁེ་སྤོགས་ལེན་སྲིད་མོད། སྨན་ལ་བརྟེན་ནས་སྨན་ཁང་སྐྱོང་བའི་སྲིད་ཇུས་དོན་ངོ་མའི་ཐོག་ནས་ལག་བསྟར་བྱས་རྗེས་ད་རུང་འགག་སྒོ་མང་པོ་ཞིག་བརྒལ་དགོས་པ་རེད།
མཁར་གྲོང་གི་གསར་དུ་འཕར་སྣོན་བྱུང་བའི་ངལ་རྩོལ་པ་མང་ཆེ་བར་མཐོ་འབྲིང་དུས་རིམ་གྱི་སློབ་གསོ་མྱངས་སུ་འཇུག་དགོས།
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་བསྟན་དོན། མཁར་གྲོང་གི་གསར་དུ་འཕར་སྣོན་བྱུང་བའི་ངལ་རྩོལ་པ་མང་ཆེ་བར་མཐོ་འབྲིང་དུས་རིམ་གྱི་སློབ་གསོ་མྱོང་དུ་འཇུག་པ་དང་། མི་སྔར་ལས་མང་ཞིག་ལ་མཐོ་རིམ་སློབ་གསོ་མྱངས་སུ་འཇུག་དགོས།
མིག་སྔར། རང་རྒྱལ་གྱི་གསར་དུ་འཕར་སྣོན་བྱུང་བའི་ངལ་རྩོལ་པའི་ཆ་སྙོམས་ཀྱི་སློབ་གསོ་མྱངས་ཚད་དེ་ལོ་བཅུ་གསུམ་དང་གྲངས་ཆུང་གསུམ་ལས་བརྒལ་ཡོད་ལ། དེ་སློབ་ཆེན་གྱི་ལོ་རིམ་དང་པོའི་ཆུ་ཚད་དང་མཚུངས་མོད། ཡིན་ན་ཡང་། རྒྱལ་ཡོངས་ཀྱི་འཕེལ་རྒྱས་ཆུ་ཚད་དང་དོ་མཉམ་མིན་པ་དང་། ལྷག་པར་དུ་དབུས་རྒྱུད་དང་ནུབ་རྒྱུད་གྱི་དབུལ་ཕུངས་ས་ཁུལ་དུ་སློབ་གསོའི་ཐོན་ཁུངས་མི་འདང་བར་བརྟེན། མཐོ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་བརྡལ་བྱེད་ཚད་དམའ་བ་རེད།
ཀྲུང་གོའི་སློབ་གསོ་ཚན་རིག་སློབ་གླིང་གི་ཞིབ་འཇུག་པ་ཁྲུའུ་ཁྲོ་ཧྭའེ་སོགས་ཆེད་མཁས་པ་རྣམས་ཀྱིས་ལྟོས་ན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་མཁར་གྲོང་གི་གསར་དུ་འཕར་སྣོན་བྱུང་བའི་ངལ་རྩོལ་པའི་སློབ་གསོའི་གནད་དོན་ལ་དོ་སྣང་བྱས་པ་དེས་ཏང་ཀྲུང་དབྱང་གིས་གོམ་གང་མདུན་སྒོས་སློབ་གསོ་འདྲ་མཉམ་ཡོང་བར་སྐུལ་འདེད་བྱེད་པའི་ཆོད་སེམས་མཚོན་ཡོད་པར་སྙམ། སློབ་སྦྱོང་རང་བཞིན་གྱི་སྤྱི་ཚོགས་འཛུགས་སྐྲུན་དང་། རྒྱལ་དམངས་ཀྱི་བྱང་ཚད་མཐོར་འདེགས་གཏོང་བའི་མི་འདང་ས་ཁ་གསབ་དང་། གནད་ས་དམ་འཛིན་བྱེད་པ་དེས་ཀྱང་སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་མུ་མཐུད་དུ་གཏོང་ཟབ་སྒོས་སྤེལ་ཏེ། མི་སྔར་ལས་མང་པོ་ཞིག་ལ་སྤུས་ལེགས་ཀྱི་སློབ་གསོ་མྱོང་དུ་འཇུག་དགོས་པ་ཡང་མཚོན་ཡོད།
2020ལོར་དབུལ་ཕོངས་མི་གྲངས་དང་དབུལ་ཕོངས་ས་ཁུལ་དག་ངེས་པ་དོན་གྱིས་དབུལ་ཕོངས་ལས་ཐར་བར་ཁག་ཐེག་བྱེད་དགོས།
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་བསྟན་དོན། ཧ་ཅང་དབུལ་བོ་ཡིན་པའི་ས་ཁུལ་དབུལ་ཕོངས་ལས་ཐར་བའི་ལས་འགན་གནད་སར་བཟུང་ནས། ཉིས་སྟོང་ཉི་ཤུ་ལོའི་བར་རང་རྒྱལ་གྱི་ད་ལྟའི་ཚད་གཞི་ལྟར། ཞིང་སྡེའི་དབུལ་ཕོངས་མི་གྲངས་རྣམས་དབུལ་ཕོངས་ལས་ཐར་བ་མངོན་འགྱུར་བྱེད་པ་དང་། དབུལ་ཕོངས་རྫོང་ཡོངས་ཀྱི་དབུལ་བོའི་ཞྭ་མོ་ཕུད་པ། ས་ཁོངས་རང་བཞིན་གྱི་སྤྱི་ཁྱབ་ཏུ་དབུལ་ཕོངས་གི་གནས་སུ་ལྷུང་བའི་གནད་དོན་ཐག་གཅོད་བཅས་བྱས་ནས། ངེས་པ་དོན་གྱིས་དབུལ་ཕོངས་ལས་ཐར་བར་ཁག་ཐེག་བྱེད་དགོས།
ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་བར་ད་དུང་ལོ་གསུམ་ཡོད་ལ། ཧ་ཅང་དབུལ་བོ་ཡིན་པའི་ས་ཁུལ་གྱི་དབུལ་ཐར་ལས་འགན་དང་དཀའ་ཚེགས་སྔར་བཞིན་ཧ་ཅང་ཆེ།
ལཱན་ཁཱིའི་རྫོང་གི་ཏང་ཨུའི་ཧྲུའུ་ཅིའམ། འཐུས་མི་ཚེ་ཟོན་ཐའོ་ཡིས་བཤད་རྒྱུར། ས་གནས་ཤིག་དབུལ་ཕོངས་སུ་གྱུར་བའི་རྒྱུ་རྐྱེན་ནི། རང་བྱུང་ཆ་རྐྱེན་དང་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱིས་ཚོད་འཛིན་ཐེབས་པ་ལས་གཞན། ས་གནས་ཀྱི་འཕེལ་རྒྱས་ཁྲོད་དུ་ནང་ནུས་ཀྱི་སྟོབས་ཤུགས་མི་འདང་བ་སོགས་དང་འབྲེལ་བ་ཆེན་པོ་ཡོད། དབུལ་ཕོངས་ཀྱི་ཞྭ་མོ་འཕུད་པ་དང་དབུལ་ཕོངས་ལས་ཐར་དགོས་ན། གྲངས་ཀ་ཙམ་དང་ཡིག་ཐོག་ཙམ་ནས་རྫུན་བཟོ་གཏན་ནས་མི་བྱེད་པར་དོན་དངོས་དང་མཐུན་པའི་སྒོ་ནས་ལས་བྱེད་པ་དང་མང་ཚོགས་ལ་དབུལ་ཐར་ཕྱུག་འགྱུར་དང་སྔར་ལས་མཛེས་སྡུག་གི་འཚོ་བའི་ཕྱོགས་སུ་བསྐྱོད་པའི་ཡིད་ཆེས་དང་སྒུལ་ཤུགས་བསྩོལ་དགོས་ཞེས་བཤད།
དང་པོ། ཁ་དབུགས་དང་ས་གཤིན། ཆུ་བོ་སོགས་ཀྱི་ཐད་གནས་པའི་འབུར་དུ་ཐོན་པའི་ཁོར་ཡུག་གི་གནད་དོན་ཐག་གཅོག་བྱ་དགོས།
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་བསྟན་དོན། འབུར་དུ་ཐོན་པའི་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་པར་ཁ་དབུགས་འབག་བཙོག་གི་འགོག་བཅོས་བྱ་བ་མུ་མཐུད་དུ་ལེགས་པར་སྤེལ་ནས་དྭངས་གཙང་གི་ཁོར་ཡུག་སྐྲུན་པའི་བྱ་བའི་ཐད་རྒྱལ་ཁ་ལེན་པ་དང་། ཆུ་བོ་འབག་བཙོག་ལ་མགྱོགས་མྱུར་ངང་འགོག་བཅོས་བྱེད་པ། ས་གཤིན་འབག་བཙོག་ལ་ཤུགས་ཆེན་པོས་ཚོད་འཛིན་དང་སླར་གསོ་བྱེད་པ་བཅས་འདུས་ཡོད། 2013ལོ་ནས་བཟུང་། རང་རྒྱལ་གྱིས་ཁ་དབུགས་དང་ས་གཤིན། ཆུ་བོ་བཅས་ལ་འབག་བཙོག་འགོག་བཅོས་བྱ་བའི་འཆར་གཞི་ཆེན་པོ་གསུམ་ལག་ལེན་བྱས་པ་རེད། བསྡོམས་རྩིས་བྱས་པ་ལྟར་ན། 2016ལོའི་རང་རྒྱལ་གྱི་པེ་ཅིན་དང་ཐེན་ཅིན། ཧོའུ་པེ། འབྲི་ཆུའི་ཟུར་གསུམ། ཀྲུའུ་ཅང་གཙང་པོ་ཟུར་གསུམ་ས་ཁུལ་བཅས་ཀྱི་འབག་བཙོག་གི་ཚད་2013ལོ་དང་བསྡུར་ན་ཅུང་ཇེ་ལེགས་སུ་སོང་ཡོད། དེ་བཞིན་དུ་ས་ཁུལ་གཞན་དག་གི་ཁ་དབུགས་དང་ཁོར་ཡུག་ཀྱང་ཇེ་བཟང་ཇེ་ལེགས་སུ་སོང་བ་ཧ་ཅང་མངོན་གསལ་རེད།
པེ་ཅིན་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལྟེ་གནས་རླུང་ཁམས་ཁང་གི་ཀྲུའུ་རིན་ལིས་ཡོང་ཐིན་གྱིས་བཤད་རྒྱུར། ཁོར་ཡུག་སྲུང་སྐྱོབ་གནད་དོན་ཐག་གཅོད་པ་ནི་རྒྱུན་འཁྱོངས་ལྷོད་མེད་ཀྱི་བྱ་བ་ཞིག་ཡིན་ལ། དེ་དང་བསྟུན་ནས་ཁོས་ད་དུང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ཁྲོད་ཀྱི་འབྲེལ་ཡོད་བླང་བྱ་ལུང་དྲངས་ནས། འབག་བཙོག་དངོས་རྫས་ཕྱིར་གཏོང་གི་ཚད་གཞི་ཇེ་མཐོར་གཏོང་བ་དང་། འབག་བཙོག་ཕྱིར་གཏོང་བྱེད་མཁན་ལ་ཤུགས་སྣོན་པ། ཉེས་ཆད་དྲག་པོ་གཅོད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཞིང་བ་མང་ཚོགས་རྣམས་ལ་ཁོར་ཡུག་བཅོས་སྐྱོང་བྱ་བ་ལས་རྒྱལ་ཁ་ལེན་པའི་ཆོད་སེམས་དང་ཡིད་ཆེས་སྟེར་དགོས་ཞེས་བཤད།
གཉིས་པ། གྲུབ་ཚུལ་སྣ་མང་མཁོ་འདོན་དང་འགན་སྲུང་ཐབས་ལམ་སྣ་ཚོགས། ཁང་བའི་གླ་གཏོང་ཉོ་ཚོང་ལམ་ལུགས་བཅས་མགྱོགས་མྱུར་ངང་སྤེལ་དགོས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ནང་བསྟན་དོན། ཁང་པ་ནི་མིའི་འདུག་གནས་ཤིག་ཡིན་པ་ལས་འུར་ཟིང་གི་ཉོ་ཚོང་མིན་པའི་གཏན་ཁེལ་རྒྱུན་འཁྱོངས་བྱས་ཏེ། གྲུབ་ཚུལ་སྣ་མང་མཁོ་འདོན་དང་འགན་སྲུང་ཐབས་ལམ་སྣ་ཚོགས། ཁང་བའི་གླ་གཏོང་ཉོ་ཚོང་ལམ་ལུགས་བཅས་མགྱོགས་མྱུར་ངང་སྤེལ་ནས། མི་དམངས་ཡོངས་ལ་འདུག་སའི་ཁང་པ་ཡོད་པར་བྱ་དགོས།
མིག་སྔར། དར་རྒྱས་ཆེ་བའི་གྲོང་ཁྱེར་དང་འཕེལ་རྒྱས་མགྱོགས་པའི་གྲོང་ཁྱེར་བར་ལ་དགོས་མཁོ་དང་མཁོ་འདོན་ཕྱོགས་གཉིས་ནས་ཁང་པའི་རིན་གོང་ཚོད་འཛིན་བྱེད་པའི་ཐབས་ལམ་རྒྱ་སྐྱེད་པ་དང་། འཕེལ་རྒྱས་ཅུང་རྗེས་ལུས་ཡིན་པའི་གྲོང་ཁྱེར་ནང་དུ་ཁང་མང་གསོག་འཇོག་བྱས་པ་མངོན་གསལ་སྒོས་ཇེ་མང་ལ་སོང་ཡོད། ཡང་ས་ཁུལ་མང་པོ་ཞིག་ཏུ་ཁང་པ་གླ་གཏོང་གི་ཚོད་ལྟ་ཁུལ་འཛུགས་གྱིན་ཡོད།
གསུམ་པ། ཟས་རིགས་བདེ་འཇགས་འཐབ་ཇུས་ལག་བསྟར་བྱེད་དགོས།
ཟས་རིགས་བདེ་འཇགས་ནི་ཐད་ཀར་དུ་མི་དུང་ཕྱུར་བཅུ་གསུམ་ལྷག་གི་འཚོ་བ་དང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་བསྟན་དོན། ཟས་རིགས་བདེ་འཇགས་འཐབ་ཇུས་ལག་བསྟར་བྱས་ནས་མི་དམངས་ཀྱི་བཟའ་བཏུང་ལ་སེམས་ཁུར་མེད་པར་བྱེད་དགོས།
ཉེ་བའི་ལོ་གཉིས་ཀྱི་རིང་དཔེ་འཐེན་ཞིབ་བཤེར་བྱས་པའི་མཇུག་འབྲས་ལ་བལྟས་ན། རང་རྒྱལ་གྱི་ཟས་རིགས་བདེ་འཇགས་ཀྱི་གནས་ཚུལ་སྤྱི་ཡོངས་ནས་བརྟན་བརླིང་ཡིན་པ་དང་ཐོན་རྫས་དཔེ་འཐེན་ཞིབ་བཤེར་བྱས་པའི་ཚད་བརྟན་བརླིང་ངང་ཇེ་ལེགས་སུ་སོང་ཡོད་མོད། ཡིན་ནའང་དེ་དང་མཉམ་དུ། ས་གནས་ཁ་ཤས་སུ་ཟས་རིགས་བདེ་འཇགས་ཐད་སྔར་བཞིན་ཉེན་ཁ་དང་གནོད་པ་ཡོད་པས། ཞིང་ཕྱུགས་ལུད་རྫས་དང་སྨན་རྫས་ཚད་གཞི་དང་མི་མཐུན་པ་དང་། ཁྲིམས་འགལ་གྱིས་ཟས་རིགས་སྦྱོར་རྟ་སྣ་ཚོགས་བཀོལ་སྤྱོད་བྱེད་པ་སོགས་ཀྱི་གནད་དོན་ལ་མཐོང་ཆུང་བྱེད་མི་རུང་།
རྒྱུན་པར་ཟས་རིགས་བདེ་འཇགས་ལ་དོ་སྣང་བྱེད་བཞིན་པའི་ཧི་ནན་ཚན་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོའམ། འཐུས་མི་རོ་ཀྲིན་ཀང་གིས་བཤད་རྒྱུར། མིག་སྔར། མང་ཚོགས་ཀྱི་རེ་འདོད་ནི་ལྟོ་བ་འགྲངས་རྒྱུ་ཙམ་མ་ཡིན་པར་ཟས་བཟང་པོ་དང་ཟས་གཙང་མ་ཟ་རྒྱུ་དེ་རེད། ཟས་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་ན། ཕྱོགས་གཅིག་ནས་དོ་དམ་ནན་མོ་བྱེད་དགོས་ཏེ། ཚད་གཞི་ཆེས་ནན་མོ་གཏན་ཁེལ་བྱེད་པ་དང་། ལྟ་སྐུལ་དོ་དམ་ཆེས་ནན་མོ་བྱེད་པ། འགན་འཁྲི་ཆེས་ནན་མོ་ལག་བསྟར་བྱེད་པ་བཅས་བྱས་ནས། ཚན་རིག་དང་མཐུན་ཞིང་འཐུས་ཚང་ཡིན་པའི་ཟས་རིགས་བདེ་འཇགས་ཀྱི་བཅོས་སྐྱོང་མ་ལག་ཆ་ཚང་ཞིག་འཛུགས་དགོས། ཕྱོགས་གཅིག་ནས་ཞིང་ལས་ཐོན་སྐྱེད་ཀྱི་འགོ་ཁུངས་ཚོད་འཛིན་ལ་ཤུགས་བསྣན་ཏེ། ཚད་ཆེས་མཐོ་བའི་སྒོ་ནས་འབག་བཙོག་གི་ཚད་ཇེ་དམའ་རུ་གཏོང་དགོས།
བཞི། གཞིས་སྲུང་བྱིས་པ་དང་བུད་མེད། ལོ་ལོན་བཅས་ལ་གཅེས་སྐྱོང་བྱེད་པའི་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་དགོས།
ཞིང་སྡེའི་གཞིས་སྲུང་བྱིས་པ་དང་བུད་མེད། ལོ་ལོན་བཅས་ནི་སྤྱི་ཚོགས་ཀྱིས་ད་ལྟའི་བར་དུ་དོ་སྣང་བྱེད་བཞིན་གནད་དོན་གཙོ་བོ་ཞིག་ཡིན་པས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་དུ། གཞིས་སྲུང་བྱིས་པ་དང་བུད་མེད། ལོ་ལོན་བཅས་ལ་གཅེས་སྐྱོང་བྱེད་པའི་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་དགོས་ཞེས་བསྟན་ཡོད།
ཧི་ནན་ཞིང་ཆེན་ཕུའུ་ཡཱང་རྫོང་ཆིན་ཙོ་གྲོང་རྡལ་ཞི་ཞིན་ཀྲོང་སྡེ་བའི་ཏང་ཨུའི་ཧྲུའུ་ཅིའམ། འཐུས་མི་ལིས་ལཱིན་ཁྲིན་གྱིས་བཤད་རྒྱུར། ཉེ་བའི་ལོ་འདི་འགའི་རིང་། ཞིང་སྡེའི་ངལ་རྩོལ་ནུས་ཤུགས་གྲོང་ཁྱེར་ལ་ཕྱོགས་པའི་གོམ་སྟབས་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས། ཞིང་སྡེའི་གཞིས་སྲུང་བྱིས་པ་དང་བུད་མེད། ལོ་ལོན་བཅས་ཀྱི་གྲངས་ཀ་མངོན་གསལ་སྒོས་ཇེ་མང་ལ་སོང་ཡོད་པ་དང་། ཁོ་ཚོའི་ཕྱུག་བསྒྱུར་དང་ལས་སྒོ་གསར་སྤེལ། ཐ་ན་རང་སྲུང་རང་བདག་གི་ནུས་པའང་ཅུང་ཇེ་ཞན་ལ་སོང་ཡོད། འབྱོར་འབྲིང་ལམ་དུ་བསྐྱོད་པར་མི་གཅིག་ཀྱང་རྗེས་སུ་ལུས་མི་ཆོག་པས། གཞིས་སྲུང་བྱིས་པ་དང་བུད་མེད། ལོ་ལོན་སོགས་དམིགས་བསལ་ཅན་གྱི་མི་ཚོགས་འདིར་གཅེས་སྐྱོང་བྱས་ཏེ། མ་དངུལ་གྱི་གཏོང་ཚད་ཇེ་མང་དུ་བཏང་ནས། ཁོ་ཚོའི་གཞི་རྩའི་འཚོ་བར་ལྟ་སྐྱོང་དང་སྤྱི་པའི་ཞབས་ཞུ་འགན་སྲུང་བཅས་ལ་ཁག་ཐེག་བྱས་ནས། བྱིས་པར་སྐྱོང་མཁན་ཡོད་པ་དང་ནུས་མེད་ལ་རོགས་སྐྱོར་བྱེད་མཁན་ཡོད་པའི་འཚོ་བ་མངོན་འགྱུར་བྱེད་དགོས་ཟེར།
ལོ་ཙཱ། བཀྲ་ཤིས་དོན་འགྲུབ། ལྷ་རྒྱལ་བཀྲ་ཤིས།