“ཁྱེད་ཀྱིས་འདྲ་པར་འདིར་ལྟོས་དང་། བྱིས་པ་ཚོས་འགྱིག་ཤོག་གི་དམ་བུ་མང་བོ་ལྷན་དུ་བརྒྱུས་ཏེ་སྐེ་ལ་བཏགས་ཡོད་པ་དེ་ནི། ང་ད་ལོ་གཞི་རིམ་དུ་འགྲོ་སྐབས་མཐོང་བ་ཡིན། ཁོ་ཚོས་རྩྭ་ཐང་སྟེང་དུ་གཡུག་པའི་བཏུང་བྱའི་དམ་བུ་རྣམས་ཕྱོགས་གཅིག་ཏུ་བརྒྱུས་ཏེ་སྐེ་ལ་བཏགས་ནས་ཕྱིར་རང་ཁྱིམ་དུ་ལོག་རྗེས་གད་སྙིགས་ཀྱི་སྙིགས་སྣོད་དུ་འཕངས་པ་རེད། དེ་ལས་རི་བོ་སྔོ་ཞིང་ཆུ་མོ་དྭངས་པ་ནི་གསེར་རི་དངུལ་རི་ལྟ་བུ་ཡིན་པའི་འདུ་ཤེས་དེ་ཡུས་ཧྲུའུ་ཡི་བྱིས་པ་དག་གི་སེམས་ལ་ཟུག་ཡོད་པ་མཚོན་ཐུབ།” ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་བོའུ་ཏིག་ཅོན་གྱིས“ལྷད་མེད་ཀྱི་བྱིས་བློའི་སྐྱེ་ཁམས་མགུལ་རྒྱན”དུ་འབོད་པའི་འདྲ་པར་གྱིས་ཚང་མར་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱས་པའི་གནས་ཚུལ་གསལ་བཤད་བྱས།
བོའུ་ཏིག་ཅོན་གྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཀྲུང་གོའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི་ལ་གྲོས་འཆམ་བྱུང་བ་དང་། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོང་ས་ཁུལ་དེ་འཛམ་གླིང་རང་བྱུང་ཤུལ་བཞག་གི་མིང་མཛོད་དུ་བདེ་བླག་ངང་བཀོད་པ་དེ་ནི་མཚོ་སྔོན་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བ་དང་། བློ་བརྟན་འགྱུར་མེད་སྒོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། “བསྒྱུར་བ་བཞི”དང་“ཏན་ཏན་ཏིག་ཏིག་བཞི”དངོས་འབེབ་བྱེད་པའི་བླང་བྱ་གལ་ཆེན་བྱེ་བྲག་གིས་མཚོན་པ་ཡིན།
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་བསྟན་པ་ཇི་བཞིན། “སྟོབས་ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐུལ་འདེད་དང་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ལྗང་མདོག་འཕེལ་རྒྱས་སུ་གཏོང་བའི་འདུ་ཤེས་ལག་ལེན་བྱེད་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་མངོན་གསལ་སྒོས་ཇེ་དྲག་ཏུ་གཏོང་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མི་བྱེད་པའི་རྣམ་པ་མངོན་གསལ་གྱིས་ལེགས་བཅོས་བྱེད་པ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་མགྱོགས་མྱུར་གྱིས་གྲུབ་པར་བྱས་ནས། བྱེད་ནུས་ཁུལ་གཙོ་བོའི་ལམ་ལུགས་རིམ་བཞིན་འཐུས་ཚང་དུ་གཏོང་བ་དང་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས། ”
བོའུ་ཏིག་ཅོན་གྱིས་བཤད་རྒྱུར། ང་ལ་བག་ཆགས་ཟབ་མོ་ཞིག་བཞག་པའི་དོན་དག་གཞན་ཞིག་ནི། རྫ་ཆུའི་མགོ་ཁུངས་སུ་གནས་པའི་ཡུས་ཧྲུའུ་ཁུལ་རྫ་སྟོད་རྫོང་རྣམ་སྲས་དོ་དམ་སྲུང་སྐྱོབ་ས་ཚུགས་དང་པེ་ཅིན་སློབ་གྲྭ་ཆེན་མོ་སོགས་ཀྱིས་མཉམ་འབྲེལ་སྒོས་རི་དྭགས་གསའ་ཞིབ་འཇུག་དང་སྲུང་སྐྱོུབ་བྱེད་པའི་ལས་གཞི་སྤེལ་བ་དེ་ཡིན། ལས་གཞི་དེ་བརྒྱུད་ནས། མངའ་ཁོངས་དེ་རུ་གསའ་ཉེར་བཞི་དང་གཟིག་ཁྲ་ཐིག་ཅན་བདུན་ཡོད་པ་ཤེས། རྫ་སྟོད་རྫོང་ནི་མིང་དོན་མཚུངས་པའི་“ཀྲུང་གོའི་གསའ་ཡི་ཕ་ས”རུ་འགྱུར་བཞིན་པའི་སྒང་རེད། རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ཀྱི་འགུལ་སྐྱོད་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། གནས་འདི་རུ་རི་སྐྱེས་སྲོག་ཆགས་གཙོ་བྱས་པའི་རང་བྱུང་ཉམས་ཞིབ་བྱ་བ་བསྒྲུབས། ད་ལོའི་ཟླ9པའི་བར་དུ། རྣམ་སྲས་དཔེ་སྟོན་ས་ཁུལ་གྱིས་རང་བྱུང་ཉམས་ཞིབ་ཚོགས་པ་བཅུ་སྣེ་ལེན་བྱས་པ་དང་། ལོ་རེའི་ཆ་སྙོམ་ཡོང་སྒོ་སྒོར་སྟོང་དྲུག་ལ་འཕར་སྣོན་བྱུང་། དེ་ནི“བསྒྱུར་བ་བཞི”ཡི་བསམ་བློ་གསར་བའི་ཁྲོད་རོང་འབྲོག་མང་ཚོགས་ཀྱིས་སྣ་གཅིག་གི་འདེབས་འཛུགས་དང་གསོ་སྤེལ། སྐྱེ་ཁམས་ལྟ་སྲུང་ནས་སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་འཁོར་རྒྱུག་བཟང་བོར་བསྒྱུར་བའི་གཏམ་རྒྱུད་དངོས་ཡིན།
“སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུ་ནི་ཀྲུང་ཧྭ་མི་རིགས་བསྟུད་མུར་འཕེལ་རྒྱས་སུ་གཏོང་བའི་སྟོང་ལོའི་ཇུས་ཆེན་ཡིན། ངེས་པར་དུ་རི་བོ་སྔོ་ཞིང་ཆུ་མོ་དྭངས་པ་ནི་གསེར་རི་དང་དངུལ་རི་ལྟ་བུ་ཡིན་པའི་འདུ་ཤེས་ལག་བསྟར་བྱེད་པ་དང་། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ཏེ། ཚེ་སྲོག་ལ་གཅེས་པ་ཇི་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས། རི་དང་ཆུ། ནགས་ཚལ། ཞིང་ས། མཚེའུ། རྩྭ་ཐང་བཅས་ཀྱི་མ་ལག་ལ་གཅིག་གྱུར་གྱི་འཆར་འགོད་བཅོས་སྐྱོང་བྱེད་དགོས། ཆེས་གཟབ་ནན་གྱིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ནས་ལྗང་མདོག་གི་འཕེལ་རྒྱས་བྱེད་སྟངས་དང་འཚོ་བ་རོལ་སྟངས་ཆགས་པར་བྱས་ནས། ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་བའི་དཔལ་ཡོན་འཕེལ་རྒྱས་ཀྱི་ལམ་བུ་རུ་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་པ་དང་། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱས་ནས། མི་དམངས་ལ་ཐོན་སྐྱེད་འཚོ་བའི་ཁོར་ཡུག་བཟང་བོ་གསར་གཏོད་བྱེད་པ་དང་། འཛམ་གླིང་ཧྲིལ་བོ་སྐྱེ་ཁམས་བདེ་འཇགས་བསྐྲུན་པར་བྱས་རྗེས་འཇོག་དགོས། ”
སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྐོར་གླེང་སྐབས། ཡུས་ཧྲུའུ་རུ་སྐྱེས་པ་དང་ཡུས་ཧྲུའུ་རུ་ནར་སོན་པའི་བོའུ་ཏིག་ཅོན་ལ་བཤད་མི་ཚར་བའི་སྐད་ཆ་མང་བོ་ཡོད། ཁོས་བཤད་རྒྱུར། “ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་འཛམ་གླིང་རང་བྱུང་ཤུལ་བཞག་ཏུ་རེ་འདུན་ཞུ་སྐབས། དཔྱད་འཇོག་སྙན་ཞུའི་སྟེང་བྲིས་པའི་མི་སེམས་ལ་སྤྲོ་བ་དཔག་མེད་སྐྱེས་སུ་བཅུག་པའི་སྐད་ཆ་སྟེ། ཨ་ཆེན་གངས་རྒྱབ་ནི་འཛམ་གླིང་སྟེང་ཆེས་མཛེས་སྡུག་གི་མཐོ་སྒང་ཞིག་ཡིན་ལ། དེ་རུ་རང་བྱུང་ཁམས་ཀྱི་ཆེས་མཛེས་པའི་ཡུལ་ལྗོངས་ཡོད་པ་དང་དེའི་མཛེས་ཉམས་ནི་མིའི་བློ་ཡིད་དུ་འཆར་དཀའ་བ་ཞིག་ཡིན་པ་དང་། ཕྱོགས་གང་ཅིའི་ཐད་དུའང་ཡང་རྩེར་སོན་པ་ཞིག་རེད”ཅེས་པའི་སྐད་ཆ་དེ་དག་ངས་ད་ལྟའི་བར་དུའང་ཡིད་ལ་བཟུང་ཡོད། ཆེད་མཁས་པ་དག་གི་དཔྱད་འཇོག་ཁྲོད་དུ། ང་ཚོས་མི་མངོན་པའི་སྐྱེ་ཁམས་ཀྱི་རིན་ཐང་ད་ལྟ་མངོན་བཞིན་ཡོད་པ་གསལ་བོ་ཤེས་ཐུབ། ང་ཚོར་ངེས་ཤེས་ཟབ་མོ་ཞིག་བྱུང་བ་ནི་རི་བོ་སྔོ་ཞིང་ཆུ་མོ་དྭངས་པ། འཁྱག་ཀླུང་དང་གངས་རི་ནི་གསེར་རི་དང་དངུལ་རི་ལྟ་བུ་ཡིན་པར་མ་ཟད། རི་བོ་སྔོ་ཞིང་ཆུ་མོ་དྭངས་པ་དང་འཁྱགས་ཀླུང་དང་གངས་རི་གསེར་རི་དང་དངུལ་རི་ལྟ་བུར་འགྱུར་བཞིན་ཡོད་པ་དེ་རེད།
ལོ་ཙཱ་བ། སྟོབས་ལྡན་བཀྲ་ཤིས།