“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་ཞུ་ཡིས་བསམ་བློའི་སྒོ་འབྱེད་དང་།མི་སེམས་ལ་སྐུལ་ལྕགས། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་པར་བདེན་པ་དོན་གྱི་སྟོབས་ཤུགས་མི་དམན་པ་ཐོན་ཡོད།དེ་ནི་རྡོ་རིང་གི་དོན་སྙིང་ལྡན་པའི་མར་ཁེ་སི་རིང་ལུགས་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན།དེ་ནི་སྲ་བརྟན་གྱི་ཆབ་སྲིད་སྙན་ཞུ་ཞིག་དང་།གཏིང་ཟབ་པའི་བསྒྱུར་བཅོས་སྙན་ཞུ་ཞིག ཤུགས་ཚད་ཅན་གྱི་འཕེལ་རྒྱས་སྙན་ཞུ་ཞིག་ཡིན་ལ། དྲོད་དང་ལྡན་པའི་དམངས་ཚིས་སྙན་ཞུ་ཞིག་ཀྱང་ཡིན།” ཞེས་ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་མིའམ།མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཝུན་གོ་ཏུང་གིས་གསར་འགོད་པས་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།
ཝུན་གོ་ཏུང་གིས་བཤད་རྒྱུར།ཉེ་བའི་ལོ་ཡི་རིང་།མཚོ་ནུབ་ཁུལ་གྱིས་བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་གསར་བའི་འདུ་ཤེས་ལག་ལེན་མཐར་ཕྱིན་བྱས་ཤིང་།“འགྱུར་བ་བཞི་”ལ་བརྟེན་ནས“ཏན་ཏན་ཏིག་ཏིག་བཞི་”ལག་བསྟར་བྱེད་པའི་བླང་བྱ་གལ་ཆེན་ལྟར། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བྱས།འཕེལ་རྒྱས་ཐབས་ལམ་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་།དཔལ་འབྱོར་སྒྲིག་གཞི་མུ་མཐུད་ཇེ་ལེགས་སུ་བཏང་། འཕེལ་རྒྱས་སྤུས་ཚད་དང་གྲུབ་འབྲས་མུ་མཐུད་དུ་མཐོར་འདེགས་སུ་བཏང་།༢༠༡༦ལོར། མཚོ་ནུབ་ཁུལ་གྱི་དཔལ་འབྱོར་དམིགས་ཚད་སོ་སོ་ཁྱོན་ཡོངས་ནས་འཕར་བ་དང་།དཔལ་འབྱོར་དམིགས་ཚད་གཅོ་བོ་ལྔ་ཡིས་རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་བཅུ་རུ་ཨང་རིམ་དང་པོ་ཟིན། ད་ལོའི་ལོ་སྟོད་དུ།མཚོ་ནུབ་ཁུལ་གྱི་ས་གནས་ཐོན་སྐྱེད་སྤྱི་འབོར་དེ་སྔོན་དང་བསྡུར་ན་བརྒྱ་ཆའི་དགུ་དང་གྲངས་ཆུང་གསུམ་གྱིས་ཇེ་མཐོར་འགྲོ་བ་མངོན་འགྱུར་བྱས་ཡོད་ཟེར།
“འཕེལ་རྒྱས་ནི་རང་རྒྱལ་གྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་གཙོ་གནད་ཡིན།འཕེལ་རྒྱས་ནི་ངེས་པར་དུ་ཚན་རིག་འཕེལ་རྒྱས་ཡིན་དགོས་ཤིང་།ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་གསར་གཏོད་དང་།མཐུན་སྦྱོར། ལྗང་མདོག སྒོ་འབྱེད།མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་བསྟར་བྱེད་དགོས།” སྙན་ཞུའི་ཁྲོད་ཀྱི་ཡིག་འབྲུ་ཚན་པ་འདི་མཐོང་རྗེས། ཝུན་གོ་ཏུང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱིས་བླངས་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་བསྟུན་ནས།མཚོ་ནུབ་ཀྱིས་མུ་མཐུད་དུ་དཔལ་འབྱོར་སྤྱི་འབོར་ཆེ་རུ་སྒྲུབ་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་བཏང་།གཏེར་ཁུལ་གསར་སྤེལ་ནས་གླིང་ཁུལ་དུ་འདུ་འཛོམས་བྱེད་པ་མངོན་འགྱུར་བྱས།ཐོན་ཁུངས་རྐྱང་བ་ནས་སྣ་མང་ཐོན་ཁུངས་ཕྱོགས་བསྡུས་སྒོས་བཀོལ་སྤྱོད་བྱེད་པ། ཐོན་ནུས་རྒྱ་སྐྱེད་དེ་ཐོན་ལས་དང་འབྲེལ་བའི་གོང་འོག་མཉམ་སྒྲུབ་འཕེས་རྒྱས་བཏང་སྟེ།ཐོན་ཁུངས་ལ་རྒྱབ་བརྟེན་པ་དེ་གསར་གཏོད་སྐུལ་སྤེལ་གྱི་འཕོ་འགྱུར་ལ་ཕྱོགས་ཡོད་ཟེར།
ཝུན་གོ་ཏུང་གིས་བཤད་རྒྱུར། ཐཱན་ཉུང་ལྗང་མདོག་འཁོར་སྐྱོད་འཕེལ་རྒྱས་ཀྱི་རེ་བ་ལྟར།ང་ཚོས་རྒྱལ་ཁབ་ཀྱི་འཁོར་རྒྱུག་དཔལ་འབྱོར་དཔེ་སྟོན་ཁུལ་གྱི་བྱ་སྤྱོད་ཇུས་གཞི་གཏན་ལ་ཕབ་དང་།ཤུགས་ཆེན་པོས་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་།ཐོན་ལས་ཕྱོགས་བསྡུས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ། ཚོད་ལྟའི་ཁུལ་དེ་དཔེ་སྟོན་ཁུལ་ལས་བརྒལ་བར་སྐུལ་འདེད་བྱེད་པ།དེ་དང་མཉམ་དུ།གཏེར་རྫས་ཅཱ་རིགས་མེད་པར་གཏོང་བ་དང་། གཏེར་རྫས་མེའེ་རིགས་དམ་འཛིན་བྱེད་པ།གཏེར་རྫས་ལིས་རིགས་འཕེལ་རྒྱས་གཏོང་བ།གཏེར་རྫས་ཅཱན་རིགས་དོ་མཉམ་ཡོང་བའི་འཐབ་ཇུས་བཀོད་སྒྲིག་ལྟར།མགྱོགས་མྱུར་སྒོ་“སྐྱེ་ཁམས་གཏེར་རྫས་མེའེ་སོགས་ཀྱི་ཐོན་ལས”འཕེལ་རྒྱས་ལ་སྐུལ་འདེད་བྱ་དགོས་ཟེར།
“ཐོན་ཁུངས་ཀྱི་རྣམ་པའི་ས་གནས་དཔལ་འབྱོར་འཁོར་རྒྱུག་ལ་རྒྱབ་སྐྱོར་བྱེད་དགོས།” “མགྱོགས་མྱུར་སྒོས་ལྗང་མདོག་ཐོན་སྐྱེད་དང་འཛད་སྤྱོད་ཀྱི་བཅའ་ཁྲིམས་ལམ་ལུགས་དང་སྲིད་ཇུས་ཁྲིད་སྟོན་འཛུགས་པ་དང་། ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཐུས་ཚང་དུ་འཛུགས་དགོས།ཚོང་རའི་ཁྲིད་སྟོན་གྱི་ལྷད་མེད་ལག་རྩལ་གསར་གཏོད་མ་ལག་འཛུགས་སྐྱོང་བྱས་ཏེ།ལྷད་མེད་དངུལ་རྩ་འཕེལ་རྒྱས་གཏོང་བ།ནུས་ཁུངས་གྲོན་ཆུང་དང་ཁོར་སྲུང་ཐོན་ལས་ཚད་ལྡན་དུ་གཏོང་བ་དང་།ཐོན་སྐྱེད་ཐོན་ལས་གཙང་བཟོ་བྱེད་པ།ནུས་ཁུངས་ཐོན་ལས་དག་གཙང་བཟོ་བྱེད་དགོས།”
ཚོགས་ཆེན་གྱི་སྙན་ཞུ་ལས་འབྲེལ་ཡོད་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ནང་དོན་གྱིས་ཝུན་གོ་ཏུང་ལ་བག་ཆགས་ཟབ་མོ་བཞག ཁོས་བཤད་རྒྱུར།འདི་ནི་མཚོ་ནུབ་ཁུལ་གྱི་མ་འོངས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་དམིགས་ཡུལ་ཡིན་ལ།མཚོ་སྔོན་གྱི་སྐྱེ་ཁམས་རིན་ཐང་དང་སྦས་ཤུགས་རིམ་བཞིན་མངོན་བཞིན་ཡོད།མཚོ་ནུབ་ཀྱིས་འདས་པའི་བཀག་སྡོམ་སྲུང་འཛིན་གྱི་འཕེལ་རྒྱས་ཟམ་མ་ཆད་པར་རྒྱ་སྐྱེད་བཞིན་ཡོད་ཅིང་།སྒོ་འབྱེད་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ།སྔོན་ཆད་ཀྱི་གནས་བབ་ངན་པ་དག་རིམ་བཞིན་མ་འོངས་འཕེལ་རྒྱས་ཀྱི་སྦས་ཤུགས་སུ་བསྒྱུར་བཞིན་ཡོད་ཟེར།
“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ཁྲོད་ཞུགས་ཏེ།མཚོ་ནུབ་ཁུལ་གྱི་ན་གོར་མོས་མ་འོངས་པར་གནས་ཡུལ་གྱི་ལེགས་ཆར་བརྟེན་ནས།རྒྱལ་སྤྱིའི་བགྲོད་ལམ་འགག་གནད་འཛུགས་སྐྲུན་བྱས་ཏེ།ཟོག་འགྲེམས་ཚོང་དོན་ལས་རིགས་འཕེལ་རྒྱས་སུ་གཏོང་དགོས།རང་ཞིང་གི་ཅཱ་ལུད་ཐོན་ཁུངས་ཀྱིས་རྒྱལ་ཡོངས་ཀྱི་བརྒྱ་ཆའི་བརྒྱད་ཅུ་ཟིན་ཡོད་ལ།མཚོ་ནུབ་ཀྱིས་མ་འོངས་པར་མུ་མཐུད་དུ་ཅཱ་ལུད་བཟོ་ལས་སྣེ་འདྲེན་གྱི་གོ་གནས་བརྟན་སྲུང་བྱས་ཏེ།རང་རྒྱལ་གྱི་ཞིང་ལས་འཕེལ་རྒྱས་ལ་སྟོབས་ཤུལས་གསར་བ་འབུལ་དགོས་ཤིང་།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་རམ་འདེགས་བྱ་དགོས།མཁའ་དབུགས་གཙང་མ་དང་ཐན་སྐམ་སོགས་ཐུན་མོང་མ་ཡིན་པའི་གནམ་གཤིས་ཀྱི་ལེགས་ཆར་བརྟེན་ནས།མཚོ་ནུབ་ཀྱིས་རྒྱལ་ཁབ་རིམ་པའི་རྒྱུ་ཆ་གསར་བའི་ཐོན་ལས་ལྟེ་གནས་འཛུགས་སྐྲུན་བྱས་ཏེ།མའེ་སོགས་རྒྱུ་ཆ་གསར་བའི་ཐོན་ལས་འཕེལ་རྒྱས་གཏོང་དགོས།ཤུགས་ཆེན་པོས་ཁྱད་ལྡན་སྐྱེ་དངོས་དང་ཡུལ་སྐོར་སོགས་ལྗང་མདོག་ཐོན་ལས་འཕེལ་རྒྱས་བཏང་སྟེ།མུ་མཐུད་དུ་སྒུལ་ནུས་གསར་རྙིང་གི་འཁོར་བརྗེ་ཇེ་མགྱོགས་སུ་གཏོང་དགོས།ཀྲུང་གོའི་ཉི་འོད་ནུས་པའི་གློག་འདོན་འབྱུང་ཡུལ་ཕ་ས་བསྐྲུན་ཏེ། མཚོ་ནུབ་ཀྱིས་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་མདུན་སྐྱོད་པར་འབད་དགོས་ཤིང་།མུ་མཐུད་དུ་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་གྲལ་དུ་བསྐྱོད་དགོས་ཞེས་ཝུན་གོ་ཏུང་གིས་དེ་ལྟར་བཤད།
ལོ་ཙཱ་བ། རྟ་མགྲིན་སྐྱབས།