རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་མངོན་འགྱུར་བྱེད་རྒྱུ་ནི་རང་ཞིང་གི་མི་དམངས་ཀྱི་རེ་ལྟོས་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་དང་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་འབད་པ་བྱེད་པའི་དམིགས་འབེན་ཀྱང་ཡིན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་ཐོག་མཐའ་བར་གསུམ་དུ་གནད་དུ་འཁེལ་བའི་སྒོ་ནས་དབུལ་སྐྱོར་གཙོ་ཁྲིད་ཐོན་ལས་འདེམས་པ་དང་། ཞིང་བར་འབྲེལ་བ་ཡོད་པའི་མ་དངུལ་གཅིག་བསྡུས་སྒོས་བཀོལ་སྤྱོད་བྱེད་པ་དང་། ཁེ་ཕན་མཉམ་འབྲེལ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཐོན་ལས་གནད་ཕིགས་དབུལ་སྐྱོར་ཀྱི་གནད་འགག་ཏུ་བརྩིས་ནས། ཐབས་བརྒྱ་ཇུས་སྟོང་གིས་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་བྱེད་བཞིན་ཡོད། 2016ལོར། ཁྱིམ་ཚང་ཁྲི་གཉིས་དང་སྟོང་བདུན་བཞི་བརྒྱ་དང་དབུལ་ཕོངས་མི་གྲངས་ཁྲི་བརྒྱད་དང་སྟོང་བཞིས་ཐོན་ལས་འཕེལ་རྒྱས་བཏང་ནས་དུས་ལྟར་དབུལ་ཐར་བྱས་པ་དང་། ཐོན་ལས་གནད་ཕིགས་དབུལ་སྐྱོར་གྱིས་ཡོང་སྒོ་མང་པོ་ལེན་ཐུབ་པ་མངོན་འགྱུར་བྱུང་།
གནད་དུ་འཁེལ་བའི་སྒོ་ནས་ཁྱད་ལྡན་ཐོན་ལས་གདམ་གསེས་བྱས་ཏེ། ཐོན་ལས་གནད་ཕིགས་དབུལ་སྐྱོར་གྱི་ཁ་ཕྱོགས་དམ་འཛིན་བཟང་བོ་བྱས།
ཡུལ་བབ་དང་བསྟུན་ནས་ཚད་ལྡན་གྱིས་ཁྱད་ལྡན་ཐོན་ལས་ལེགས་པོ་བདམས་ཏེ་ཡོང་སྒོ་འཕར་སྣོན་གཏོང་བ་དང་། སྣ་མང་ཅན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་འཛུགས་ཆེད། ཞིང་ཆེན་ཞིང་ཕྱུགས་ཐིན་དང་ཞིང་ཆེན་དབུལ་སྐྱོར་ཅུའུ་ཡིས་རྒྱལ་ཁབ་ཐོན་ལས་དབུལ་སྐྱོར་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ལས་པུའུ་ཡི་ཆེད་དུ་བཀོད་སྒྲིག་བྱས་པ་ལྟར། ཞིང་ཆེན་ཁྱད་ལྡན་ཐོན་ལས་གནད་ཕིགས་དབུལ་སྐྱོར་བྱ་བར་མཐུན་སྦྱོར་སྐུལ་འདེད་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་ལས་མིའི་ལས་ཁུངས་ལ་མཉམ་འབྲེལ་གྲོས་ཚོགས་བསྡུས་པ་དང་། ཁྱད་ལྡན་འདེབས་འཛུགས་ལས་རིགས་དང་ཁྱད་ལྡན་གསོ་སྤེལ་ལས་རིགས། ཁྱད་ལྡན་ནགས་ལས། ཞིང་ལས་སྤྲོ་གསེང་གནས་དང་ཞིང་སྡེའི་ཡུལ་སྐོར་ལས་རིགས། སྲོལ་རྒྱུན་ལག་ཤེས་བཟོ་ལས། ཚོང་ལས་འཁོར་རྒྱུག་ལས་རིགས་སོགས་གནད་ཕིགས་དབུལ་སྐྱོར་གྱི་གཙོ་ཁྲིད་ཐོན་ལས་ཆེན་པོ་དྲུག་གྲོས་བསྡུར་གཏན་འཁེལ་བྱས། རྫོང་སོ་སོ་རུ་ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་སྡེ་བའི་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཙོ་བོ་དང་། འཛུགས་སྐྲུན་གཞི་ཁྱོན། དངུལ་གཏོང་དགོས་མཁོ། དབུལ་ཕོངས་ཁྱིམ་ཚང་ལ་སྣེ་ཁྲིད་པའི་གནས་ཚུལ་བཅས་གཅིག་བསྡུས་སྒོས་འཚོལ་སྡུད་བྱས་ཏེ། ས་གནས་སོ་སོའི་དབུལ་ཕོངས་སྡེ་བའི་གཙོ་ཁྲིད་ཐོན་ལས་མཛུབ་སྟོན་དང་ཁ་ཕྱོགས་གཏན་འཁེལ་བྱས། ཞིང་ཆེན་རིམ་པའི་ཐོན་ལས་གནད་ཕིགས་དབུལ་སྐྱོར་འཆར་འགོད་སྤྱི་བསྡོམས་སྒྲིག་སྦྱོར་བྱས་པ་མ་ཟད། འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད། ཞིང་ཕྱུགས། དབུལ་སྐྱོར་སོགས་སྡེ་ཁག་དགུ་ཡིས་མཉམ་འབྲེལ་སྒོས་ཡིག་ཆ་བཏོན་ནས། ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་སྡེ་བ་སྟོང་གཅིག་དང་དྲུག་བརྒྱ་ཉེར་གཉིས་ལ་རང་གི་ཆ་རྐྱེན་ལྟར་གཙོ་ཁྲིད་ཐོན་ལས་གཅིག་ནས་གཉིས་དང་འཕེལ་རྒྱས་ལས་གཞི་གཏན་འཁེལ་བྱས།
“ས་ཁུལ་གསུམ་དང་རྒྱུད་གཅིག”གི་རོང་འབྲོག་པའི་ཁྱབ་ཚུལ་ལ་དམིགས་ནས། ཞིང་ཕྱུགས་ཐོན་ལས་གཅིག་བསྡུས་འཕེལ་རྒྱས་ལ་སྐུལ་འདེད་བྱས། ཤར་ཕྱོགས་ཁྱད་ལྡན་ཕན་ནུས་མཐོ་བའི་གསོ་སྤེལ་དཔེ་སྟོན་ས་ཁུལ་དང་། ཆར་ཆུ་ལ་བརྟེན་པའི་ཞིང་ལས་དང་ཕན་ནུས་མཐོ་བའི་ཆུ་གྲོན་ཆུང་གི་ཞིང་ལས། ཞིང་ལས་སྒྲིག་ཆས་དང་གཞི་ཁྱོན་གསོ་སྤེལ་བཅས་གཙོ་བོར་བཟུང་ནས། ཞིང་ཆེན་ཡོངས་ཀྱི“ཚོད་སླེ”འདོན་སྤྲོད་རྟེན་གཞི་ལེགས་བཟོ་བྱས་ཏེ། དེང་རབས་ཅན་གྱི་ཞིང་ལས་དཔེ་སྟོན་རྟེན་གཞི་བཙུགས། མཚོ་སྐོར་ཞིང་ཕྱུགས་འཁོར་སྐྱོད་འཕེལ་རྒྱས་སྔོན་སྐྱོད་ས་ཁུལ་དང་། གཙོ་བོར་ཁྱད་ལྡན་སིལ་ཏོག་དང་སྔོ་ཚོད། ཞིང་ཕྱུགས་ལས་འཁོར་སྐྱོད་དང་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཕྱུགས་ལས་ཐོན་རྫས་འདོན་སྤྲོད་རྟེན་གཞི་གཙོ་བོ་དང་། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་ས་ཁུལ་ལེགས་བཟོ་བྱས། མཚོ་སྔོན་ལྷོ་ཕྱོགས་ཀྱི་སྐྱེ་ཁམས་ལྷད་མེད་ཕྱུགས་ལས་སྲུང་སྐྱོབ་འཕེལ་རྒྱས་ས་ཁུལ་དང་། རྒྱལ་ཡོངས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ས་ཁུལ་ཏེ་བྱེད་ཐབས་སུ་བརྩིས་ནས། སྐྱེ་ལྡན་ཁོར་ཡུག་དང་སྐྱེ་ལྡན་གསོ་སྤེལ། སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ལས་སྣོན་ཉོ་འཚོང་བདེན་དཔང་དེ་རྨང་གཞི་རུ་བརྩིས་ནས། སྐྱེ་ལྡན་ཐོན་རྫས་ཀྱི་ཐོན་ལས་སྦྲེལ་ཐག་ཇེ་རིང་དུ་བསྲིངས་བ་དང་། སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཀྱི་མིང་གྲགས་ཐོན་རྫས་གསར་སྐྲུནབྱས་ཏེ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་ཐོན་རྫས་གཙོ་བོ་རུ་ལེགས་བཟོ་བྱས། རྨ་ཆུའི་རྒྱུད་ཀྱི་ཆུ་འཁྱག་གསོ་སྤེལ་འོས་མཐུན་སྒོས་གསར་སྤེལ་བྱས་ནས། དེང་རབས་ཉ་ལས་ཀྱི་དངོས་རྫས་སྒྲིག་ཆས་ཆ་རྐྱེན་མགྱོགས་མྱུར་སྒོས་ལེགས་བཅོས་བྱས་པ་དང་། ཉ་རིགས་གསོ་སྤེལ་གྱི་ཆུ་ཚད་ཇེ་མཐོར་བཏང་ནས། རྨ་ཆུའི་རྒྱུད་ཀྱི་དེང་རབས་ཉ་ལས་དཔེ་སྟོན་ས་ཁུལ་མགྱོགས་མྱུར་སྒོས་ལེགས་བཟོ་བྱས།
ཞིང་ལས་ལ་འབྲེལ་བ་ཡོད་པའི་མ་དངུལ་གཅིག་བསྡུས་བྱས་ཏེ། ཐོན་ལས་གནད་ཕིགས་དབུལ་སྐྱོར་བྱ་བ་མགོ་བརྩམས་པ།
ནོར་སྲིད་ཀྱིས་ཞིང་བར་འབྲེལ་བ་ཡོད་པའི་མ་དངུལ་འདོན་སྤྲོད་ནང་རྐྱེན་ཇེ་ལེགས་སུ་གཏོང་ཆེད། “དངོས་འབེབ་དང་དོ་དམ། ཞབས་ཞུའི”བྱ་བ་བཟང་བོར་བསྒྲུབ་སྟེ། དབུལ་ཕོངས་རྫོང་ལ་དབང་ཆ་ཡོད་པ་དང་། སྒུལ་ཤུགས་ཡོད་པར་བྱས་ཏེ། དབུལ་སྐྱོར་གྱི་འགན་འཁྲི་གཙོ་བོ་ལག་བསྟར་བཟང་བོ་བྱས་ནས། གནད་ཕིགས་དབུལ་སྐྱོར་བྱ་བ་ལག་བསྟར་བྱེད་པར་རྒྱབ་སྐྱོར་དང་། དུས་ལྟར་དབུལ་ཐར་དམིགས་འབེན་མངོན་འགྱུར་བྱེད་དགོས། «མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་དབུལ་ཕོངས་རྫོང་གིས་ཞིང་ལས་ཕྱོགས་སུ་གཏོང་བའི་ནོར་སྲིད་མ་དངུལ་གཅིག་གྱུར་ཧྲིལ་བསྡུས་དང་བཀོལ་སྤྱོད་བྱེད་པའི་ཚོད་ལྟའི་བྱ་བར་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར»ལྟར། ཞིང་ལས་ཕྱོགས་སུ་གཏོང་བའི་མ་དངུལ་གཞན་ལ་བཀོལ་སྤྱོད་མི་བྱེད་པར། ཞིང་ལས་ཕྱོགས་སུ་གཏོང་བའི་མ་དངུལ་དེ་བཀོད་སྒྲིག་ལེགས་པོ་བྱེད་དགོས། 2016ལོར་ཞིང་ཆེན་ཡོངས་ཀྱི་རྫོང་སུམ་ཅུ་རུ་ཞིང་ལས་ལ་འབྲེལ་བ་ཡོད་པའི་ནོར་སྲིད་མ་དངུལ་གཅིག་གྱུར་ཧྲིལ་བསྡུས་ཚོད་ལྟའི་གནས་བཙུགས་པ་དང་། ཚོད་ལྟའི་རྫོང་གིས་དབུལ་ཕོངས་ལས་ཐར་བ་དམིགས་འབེན་བྱེད་པར་རྒྱབ་སྐྱོར་བྱས་ནས། དབུལ་ཐར་གྲུབ་འབྲས་ཏེ་ཁ་ཕྱོགས་སུ་བརྩི་བ་དང་། དབུལ་སྐྱོར་འཆར་འགོད་དེ་སྣེ་ཁྲིད་བྱེད་པ། དབུལ་སྐྱོར་ལས་གཞི་གཙོ་བོ་དེ་སྟེགས་བུ་བྱས་ནས་གཅིག་གྱུར་ཧྲིལ་བསྡུས་ཀྱིས་ཞིང་ལས་ལ་འབྲེལ་བའི་ནོར་སྲིད་མ་དངུལ་བཀོལ་སྤྱོད་བྱས་ཏེ། དུས་ཡུན་རིང་བོར་མ་དངུལ་ཐར་ཐོར་དུ་བཀོལ་སྤྱོད་བྱེད་པ་སོགས་ཀྱི་གནད་དོན་འཚོལ་ཞིབ་དང་ཐག་གཅོད་བྱས་པ་དང་། ཞིང་ལས་ལ་འབྲེལ་བ་ཡོད་པའི་ནོར་སྲིད་མ་དངུལ་གཅིག་གྱུར་ཧྲིལ་བསྡུས་བྱས་ཏེ་བཀོལ་སྤྱོད་བྱེད་པའི་ལམ་ལུགས་ཆགས། ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་མ་དངུལ་སྐོར་གསུམ་དུ་བཀར་ནས་རྫོང་དུ་བགོས་པ་དང་། སྐོར་རའི་མ་དངུལ་སྒོར་དུང་ཕྱུར་ཉེར་གསུམ་དང་བྱེ་བ་དྲུག་ས་ཡ་དྲུག་ཏུ་སླེབས་ཡོད་ལ། ལོ་གཅིག་གི་ཞིང་ཕྱུགས་ལས་འཕེལ་རྒྱས་མ་དངུལ་གྱི་བརྒྱ་ཆའི་གྱ་དྲུག་ཟིན་ཡོད། ཚོད་ལྟའི་ཉམས་མྱོང་སྤྱི་བསྡོམས་དང་ལམ་ལུགས་ནང་རྐྱེན་འཐུས་ཚང་དུ་གཏོང་བའི་རྨང་གཞིའི་སྟེང་། ད་ལོར། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྫོང་ཚང་མ་རུ་ཞིང་ལས་ལ་འབྲེལ་བ་ཡོད་པའི་མ་དངུལ་གཅིག་གྱུར་ཧྲིལ་བསྡུས་བྱས་ཏེ་བཀོལ་སྤྱོད་བྱེད་པའི་བྱ་བ་སྤེལ།
ཁེ་ཕན་མཉམ་རོལ་གྱི་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཐོན་ལས་གནད་ཕིགས་དབུལ་སྐྱོར་གྱི་སྦྲེལ་ཐག་བཙུགས།
གསོ་སྤེལ་ཁྱིམ་ཆེན་དང་ཁྱིམ་ཚང་གི་ཞིང་ཕྱུགས་ར། མཉམ་ལས་ཁང་། ཁེ་ལས་གཙོ་བོ་སོགས་རྣམ་པ་གསར་བའི་ཚོང་གཉེར་གཙོ་བོ་མགྱོགས་མྱུར་སྒོས་གསོ་སྤེལ་བྱས། ཞིང་ཕྱུགས་ལས་ཀྱི་རྣམ་པ་གསར་བའི་ཚོང་གཉེར་གཙོ་ཁྲིད་དཔེ་མཚོན་དང་སྣེ་ཁྲིད། རྩ་འཛུགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དབུལ་ཕོངས་མང་ཚོགས་དང་དེང་རབས་ཞིང་ཕྱུགས་ལས་ཐོན་སྐྱེད། ཚོང་གཉེར་མ་ལག་གི་ཁེ་ཕན་མཉམ་རོལ་ལམ་ལུགས་ལ་ཟུང་འབྲེལ་དམ་པོ་བྱས་ནས། དེ་སྔོན་གྱི་ཁྱིམ་ཚང་རེའི་སྲོལ་རྒྱུན་གྱི་ཞིང་ཕྱུགས་ལས་ཐོན་སྐྱེད་བྱེད་སྟངས་ཏེ་བསྒྱུར་བ་རེད། མཉམ་ལས་ཀྱི་ཚོང་གཉེར་རྣམ་པ་གསར་སྐྲུན་བྱས་ཏེ། རྣམ་པ་གསར་བའི་ཚོང་གཉེར་ལ་སྣེ་ཁྲིད་བྱས་ནས་ཡོང་སྒོ་བགོ་བཤའ་རྒྱག་པ་དང་མཉམ་ལས་ཚོང་གཉེར་བྱེད་པ། མངག་ཐོ་ལྟར་ཐོན་སྐྱེད་བྱེད་པ། ངལ་རྩོལ་པའི་ཡོང་སྒོ་འཕར་སྣོན་སོགས་ཀྱི་བྱེད་ཐབས་སྤྱད་དེ། དབུལ་ཕོངས་མང་ཚོགས་དང་རྣམ་པ་གསར་བའི་ཚོང་གཉེར་གྱི་འབྲེལ་བ་དམ་ཟབ་བྱས་པས་ཁེ་ཕན་མཉམ་འབྲེལ་གྱི་ལམ་ལུགས་ཆགས། ཐོག་མའི་བསྡོམས་རྩིས་ལྟར་ན། 2016ལོར། རྣམ་པ་གསར་བའི་ལས་རིགས་ཀྱི་ཐད་རོང་འབྲོག་པ་ཁྲི་གཅིག་དང་སྟོང་དྲུག་བརྒྱད་བརྒྱ་གསོ་སྐྱོང་བྱས་པ་དང་། ཐོན་ལས་དབུལ་སྐྱོར་ཐད་ཞུགས་པའི་འདེབས་འཛུགས་ཁྱིམ་ཆེན་ཁྲི་ལྔ་དང་སྟོང་བདུན་སུམ་བརྒྱ་དང་། མཉམ་ལས་ཁང་དྲུག་བརྒྱ་ང་བརྒྱད། ཁེ་ལས་སྣ་ཚོགས་གཉེར་མཁན་བརྒྱ་དང་བརྒྱད་བཅས་སུ་སླེབས་ཡོད། ཞིང་སྡེའི་རྨང་གཞིའི་ཚོང་གཉེར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། ཞིང་སྡེའི་གཅིག་བསྡུས་དཔལ་འབྱོར་རྩ་འཛུགས་དང་ཁོངས་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ། རོང་འབྲོག་མང་ཚོགས་ལ་རྒྱུ་ནོར་གྱི་ཁེ་དབང་སྔར་ལས་མང་པོ་བསྩལ་བ་དང་། ཧུར་ཐག་གིས་ཐུན་མོང་ལ་དབང་བའི་ལམ་ལུགས་ཕན་ནུས་ཡོད་པའི་མངོན་འགྱུར་བྱེད་པའི་རྣམ་པ་འཚོལ་ཞིབ་བྱས་ཏེ། རྣམ་པ་མང་པོའི་མ་རྐང་མཉམ་ལས་འཕེལ་རྒྱས་སུ་བཏང་བ་དང་། གཅིག་བསྡུས་ཀྱི་དཔལ་འབྱོར་སྟོབས་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་བས། རོང་འབྲོག་པའི་ནོར་སྲིད་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་། ཧོང་ཀྲོང་རྫོང་དུ་ཞིང་སྡེའི་གཅིག་བསྡུས་རྒྱུ་ནོར་མ་རྐང་དབང་ཆ་བཅོས་སྒྱུར་གྱི་ཚོད་ལྟའི་བྱ་བ་ཐོག་མར་ལག་བསྟར་བྱས་པ་དང་། རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་བཅུ་དྲུག་གི་སྡེ་བ་སུམ་བརྒྱ་གྱ་གསུམ་དུ་ཕྱོགས་ཡོངས་ནས་སྐུལ་འདེད་བྱས་ལ། སྡེ་བ་ཉིས་བརྒྱ་གོ་གཉིས་སུ་དབང་ཆ་དང་འགན་ནུས་བཅོས་སྒྱུར་གྱི་ཇུས་གཞི་གཏན་ལ་ཕབ་པ་མ་ཟད། རྒྱུ་རྫས་གཙང་བཤེར་དང་མ་རྩ་ཞིབ་རྩིས་བྱེད་པ་དང་ཁོངས་མིའི་ཐོབ་ཐང་དབྱེ་འབྱེད་གཏན་འབེབ་བྱས་པས། སྡེ་བ་བརྒྱ་དང་ཞེ་བརྒྱད་དུ་ཐོན་ཁུངས་རང་བཞིན་གྱི་རྒྱུ་ནོར་དང་ཚོང་གཉེར་རང་བཞིན་གྱི་རྒྱུ་ནོར། སྤྱི་ཕན་རང་བཞིན་གྱི་རྒྱུ་ནོར་དོ་དམ་བྱེད་ཐབས་གཏན་འཁེལ་བྱས་པས། ཞིང་བ་ཁྱིམ་ཚང་འབུམ་གཅིག་ལ་ཕན་ཁེ་ཐོབ།
ཕྱོགས་གཉིས་མཉམ་རྒྱལ་གྱི་རྣམ་པ་བཙུགས་ནས། ཐོན་ལས་བཟང་བོས་གནད་ཕིགས་དབུལ་སྐྱོར་བྱེད་པ།
རོང་འབྲོག་པའི་ཡོང་སྒོ་མུ་མཐུད་དུ་འཕར་སྣོན་བྱེད་པ་དང་གཅིག་གྱུར་སྒོས་ལྷད་མེད་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མགྱོགས་མྱུར་སྒོས་རོང་འབྲོག་པའི་སྣ་གཅིག་གི་འདེབས་འཛུགས་དང་གསོ་སྤེལ། སྐྱེ་ཁམས་དོ་དམ་མི་སྣའི་སྐྱེ་ཁམས་ཐོན་སྐྱེད་འཚོ་བ་འཁོར་རྒྱུག་བཟང་བོའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བྱས། གཙང་གསུམ་འབྱུང་ཡུལ་དུས་སྐབས་གཉིས་པའི་བཟོ་སྐྲུན་དང་མདོ་ལ་རི་བོ། ཕྱུགས་བསྐྱུར་རྩྭ་འདེབས་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་མུ་མཐུད་དུ་ལག་བསྟར་བྱས་ཏེ། ས་ནག་ཐང་བཅོས་སྐྱོང་དང་རྩྭ་སའི་ཨ་བྲའི་གནོད་འཚེ་སྔོན་འགོག་ལ་ཤུགས་བསྣན་ནས། ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་བཏང་བ་མ་ཟད། དབུལ་ཕོངས་ས་ཁུལ་དུ་ཁ་ཕྱོགས་ནས་བཀོད་སྒྲིག་བྱས། སྐོར་གསར་བའི་རྩྭ་སའི་ཁ་གསབ་བྱ་དགའི་སྲིད་ཇུས་དངོས་འབེབ་བྱས་ཏེ། ཕྱུགས་བཀག་ཁ་གསབ་ཀྱི་ཚད་གཞི་ཏེ་ལོ་རེར་མུའུ་རེར་སྒོར་དྲུག་ནས་སྒོར་བདུན་དང་ཟུར་ལྔ་ལ་འཕར་ཡོད་པ་དང་། རྩྭ་ཕྱུགས་དོ་སྙོམས་ཏེ་ལོ་རེར་མུའུ་རེར་སྒོར་གཅིག་དང་ཟུར་ལྔ་ནས་སྒོར་གཉིས་དང་ཟུར་ལྔ་ལ་འཕར་ཡོད་པ་དང་། འབྲོག་ཁུལ་གྱི་མི་རེའི་ཁ་གསབ་མ་དངུལ་སྒོར་སྟོང་གསུམ་དང་བཅུ་བདུན་ལ་སླེབས་ཡོད་ལ། སྐོར་དང་པོ་ལས་ཡོང་སྒོ་སྒོར་ལྔ་བརྒྱ་གྱ་གསུམ་ལས་མཐོ་བ་དང་། རྩྭ་སའི་ཁ་གསབ་མ་དངུལ་ཏེ་འབྲོག་པའི་ཡོང་སྒོ་འཕར་སྣོན་བྱེད་པའི་དབུལ་ཐར་གྱི་ཐབས་ལམ་གལ་ཆེན་དུ་གྱུར་ཡོད།
སྐྱེ་ཁམས་དབུལ་སྐྱོར་ལ་ཤུགས་བསྣན་ཏེ། ཚན་རིག་ལྟར་སྐྱེ་ཁམས་དོ་དམ་མི་སྣའི་ལས་གནས་བཀོད་སྒྲིག་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་གི་ཁོངས་གཏོགས་རྫོང་བཞི་རུ་རྩྭ་སའི་དོ་དམ་མི་སྣའི་ལས་གནས་སུ་མི་སྣ་སྟོང་བརྒྱད་དང་དྲུག་བརྒྱ་ཉེར་གསུམ་གསར་དུ་ཁ་སྣོན་བྱས། གསར་དུ་ཁ་སྣོན་བྱས་པའི་དོ་དམ་མི་སྣའི་ལས་གནས་ཀྱི་མི་སྣ་ཚང་མ་དབུལ་ཕོངས་ཁྱིམ་ཚང་ཁྲོད་བདམས་པ་དང་། མི་རེའི་ལོ་རེའི་ཡོང་སྒོ་སྒོར་ཁྲི་གཉིས་ཡན་ལ་སླེབས་ཡོད་ལ། མི་དང་རང་བྱུང་འཆམ་མཐུན་འཕེལ་རྒྱས་དང་རྩྭ་སའི་སྐྱེ་ཁམས་མ་ལག་འཁོར་སྐྱོད་བཟང་བོ་བྱས་པས་ལམ་ལུགས་རིམ་བཞིན་འཐུས་ཚང་དུ་བཏང་།
མགྱོགས་མྱུར་སྒོས་རྒྱལ་ཡོངས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་གནས་འཛུགས་སྐྲུན་བྱས་ཏེ། རྩྭ་ཕྱུགས་དོ་སྙོམས་དང་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བར་དམིགས་ནས། “ལམ་ལུགས་བཞི”ཡི་རྣམ་པ་ཁྱབ་གདལ་དུ་བཏང་བ་དང་། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་མ་རྐང་ལམ་ལུགས་བསྒྱུར་བཀོད་བྱེད་པར་སྐུལ་འདེད་བཏང་ནས། དབུལ་ཕོངས་འབྲོག་པ་རྣམས་ལ་མགྱོགས་མྱུར་སྒོས་ཕན་ཁེ་ཐོབ་པ་དང་། དབུལ་ཐར་བྱེད་པ། ཡང་བསྐྱར་དབུལ་བོར་མི་འགྱུར་བར་བྱེད་དགོས། དཔེ་འདེམས་ཞིབ་བཤེར་ལས་མངོན་པ་ལྟར་ན། ཚོད་ལྟའི་ས་ཁུལ་གྱི་ཚོད་ལྟའི་རུ་ཁག་ཏུ་མཉམ་ལས་ཁྲོད་ཞུགས་པའི་ཁྱིམ་ཚང་བརྒྱ་དང་རེ་ལྔའི་ནང་དབུལ་ཕོངས་ཁྱིམ་ཚང་རེ་བརྒྱད་ཡོད་པ་དང་། དབུལ་ཕོངས་མི་གྲངས་ཉིས་བརྒྱ་ཉི་ཤུ་ཡོད། དཔེར་ན་ས་ཁུལ་ཁ་ཤས་སྟེ་ཡུས་ཧྲུའུ་ཚོད་ལྟའི་གནས་ཀྱི་ཆ་སྙོམས་ཁྱིམ་ཚང་ཉིས་བརྒྱ་གྱ་བཞིའི་ཁྲོད་དབུལ་ཕོངས་ཁྱིམ་ཚང་ཉིས་བརྒྱ་ཞེ་གསུམ་ཡོད་པ་དང་། དབུལ་ཕོངས་ཁྱིམ་ཚང་དེ་རྣམས་མཉམ་ལས་ཁང་དུ་ཞུགས་རྗེས། ཆ་སྙོམས་ཀྱིས་ལས་གཞི་བཀོད་སྒྲིག་དང་གསོ་སྦྱོང་སོགས་ལས་ཞུགས་ཀྱི་སྲིད་ཇུས་བྱེད་ཐབས་བཀོལ་ནས། ཁྱིམ་ཚང་གཞན་པ་དང་ལྷན་དུ་ཐོན་སྐྱེད་དང་བགོ་བཤའི་ཁྲོད་ཞུགས་པས། མ་རྐང་གི་ཡོང་སྒོ་རོལ་མྱོང་བྱས་པ་དང་། ཐོན་ལས་དབུལ་ཐར་གྱི་བགྲོད་ལམ་དུ་བསྙེགས།
གནས་གཏན་འཁེལ་གྱི་དབུལ་སྐྱོར་རྣམ་པ་འཚོལ་ཞིབ་བྱས་ཏེ། ཐོན་ལས་གནད་ཕིགས་དབུལ་སྐྱོར་གྱི་ཚོད་ལྟའི་གནས་བཟང་བོ་བཙུགས་པ།
ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་ཐོན་ལས་འཕེལ་རྒྱས་དང་ཞིང་སྡེའི་གཅིག་བསྡུས་དཔལ་འབྱོར་ཇེ་ཆེར་གཏོང་བ་དེ་གནས་གཏན་འཁེལ་བྱས་པའི་སྡེ་བ་བཅུ་གཅིག་གི་དབུལ་ཐར་གྱི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། གཞི་ཁྱོན་ཅན་གྱི་ཚོང་གཉེར་བྱེད་པ་དང་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་མ་རྐང་ལམ་ལུགས་བསྒྱུར་བཀོད་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས་དངོས་འབེབ་དམ་འཛིན་བྱས། 2016ལོར་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གཉིས་འབུམ་དགུ་ཁྲི་བཞི་ལ་སླེབས་ཡོད་པ་དང་། སྡེ་བ་བཅུ་གཅིག་ཚང་མས་མཉམ་དུ་གཅིག་བསྡུས་ཐོན་ལས་བསྐྲུན།
ལའོ་ཏུའུ་ས་ཁུལ་གྱི་སྡེ་བ་ལྔ་ཡིས་ཞོག་ཁོག་འདེབས་པའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བཞིན་ཡོད་ལ། ཐོན་རྫས་གསར་བ་ཁྱབ་གདལ་དང་ལག་རྩལ་གསར་བ་འདོན་སྤྲོད་བྱས་པ་བརྒྱུད། འོས་འཚམས་སྒོས་གཞི་ཁྱོན་ཅན་གྱི་ཚོང་གཉེར་བྱེད་པར་སྣེ་ཁྲིད་བྱས་ཏེ། ཞོག་ཁོག་གི་རྒྱུ་སྤུས་དང་ཕན་འབྲས་ཇེ་མཐོར་འབྱུང་བར་སྐུལ་འདེད་བྱས། སྡེ་བ་རེ་རེའི་ཁྱད་ལྡན་གསོ་སྤེལ་མཉམ་ལས་ཁང་རེ་བཙུགས་ལ། གསོ་སྤེལ་ལ་བརྟེན་ནས་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཐོན་ལས་གྲུབ་ཚུལ་སྙོམས་སྒྲིག་ལ་སྐུལ་འདེད་བྱས། ལའོ་ཏུའུ་ས་ཁུལ་ཁ་ལ་སྡེ་བའི་མི་རྣམས་ཀྱིས་ཀན་སུའུ་ཏེན་ཞི་ནས་ཞིབ་དཔྱད་སློབ་སྦྱོང་བྱས་པའི་རྨང་གཞིའི་སྟེང་། ཞོག་ཁོག་ལས་སྣོན་དང་ཐོན་སྐྱེད་བྱེད་པའི་སྒྲིག་ཆས་ནང་འདྲེན་བྱས་ཏེ། ཕྱིར་འཚོང་གི་ཡོང་སྒོ་ལྡབ་འགྱུར་གྱིས་ཇེ་བཟང་དུ་སོང་བ་མ་ཟད། སྙིགས་རོས་ཕག་གསོས་པས། ས་གནས་ནས་ལས་སྣོན་དང་སྙིགས་རོ་ཡང་བསྐྱར་བེད་སྤྱོད་བྱེད་པ། ལུད་རྫས་ཞིང་ཐོག་ཏུ་གཏོར་བ་བཅས་ཀྱི་འཁོར་སྐྱོད་རྣམ་པ་ཆགས་སུ་བཅུག ཏུའུ་ལན་དང་ཧི་ནན། ནང་ཆེན་རྫོང་གི་སྡེ་བ་དྲུག་ཏུ་སྐྱེ་ཁམས་ཕྱུགས་ལས་གཙོ་གནད་དུ་བཟུང་ནས་འཕེལ་རྒྱས་སུ་བཏང་བ་དང་། མ་རྐང་ལམ་ལུགས་ལྟར་རྩྭ་ས་དང་ནོར་ལུག་གི་ཐོན་ཁུངས་བསྒྱུར་བཀོད་བྱས་པ་མ་ཟད། ཚོང་རའི་ཞབས་ཞུའི་མ་ལག་འཛུགས་པར་རྒྱབ་སྐྱོར་བྱས་པ་དང་། ཐོན་ལས་འབྲེལ་ཐག་རྒྱུན་བསྲིངས་བྱས་ཏེ། དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་བརྟན་བརླིང་ངང་འཕར་སྣོན་འབྱུང་བའི་ལམ་ལུགས་བཙུགས། ཧི་ནན་རྫོང་བྲག་དམར་དང་གཏེར་ལུང་། ཧོར་ཝན་སོགས་སྡེ་བ་གསུམ་དུ་རྩྭ་ས་དང་ནོར་ལུག་གི་ཐོན་ཁུངས་ཐོ་འགོད་བྱ་བ་ཡོངས་འགྲུབ་བྱས་པ་དང་། ཁྱིམ་ཚང་སྐོར་ཞིག་ལ་མ་རྐང་ལམ་ལུགས་བསྒྱུར་བཀོད་ཚོད་ལྟའི་དཔེ་སྟོན་ལག་བསྟར་བྱས་པ་མ་ཟད། རྫོང་མཁར་དུ་ཚོང་ཁང་དང་མགྲོན་ཁང་། ཞིག་གསོའི་བཟོ་གྲྭ། གྱོན་གོས་བཟོ་གྲྭ་སོགས་ཐོན་ལས་གསུམ་པ་འཛུགས་སྐྲུན་བྱས་པ་དང་། ཐོན་ལས་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་བྱས་པས། དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོའི་འབྲེལ་ལམ་རྒྱ་བསྐྱེད་པ་མ་ཟད། སྡེ་བ་གསུམ་པོ་དེ2016ལོར་དུས་ལྟར་དབུལ་ཐར་བྱས།
མ་འོངས་པར། ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་ནུས་ཤུགས་ཡོད་དགུས་ཐོན་ལས་གནད་ཕིགས་དབུལ་སྐྱོར་འཆར་འགོད་དངོས་འབེབ་བྱེད་པར་དམ་འཛིན་བཟང་བོ་བྱས་ཏེ། རྩྭ་སའི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་བཀོལ་སྤྱོད་བཟང་བོ་བྱས་ནས། རྣམ་པ་གསར་བའི་ལས་རིགས་ཀྱི་ཐད་རོང་འབྲོག་པའི་གསོ་སྦྱོང་ནུས་ཤུགས་ཇེ་ཆེར་གཏོང་བ་དང་། ཁེ་ཕན་མཉམ་འབྲེལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་ཟུང་འབྲེལ་བྱས་ཏེ། ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་དབུལ་ཐར་བྱེད་པ་དང་། ཁེ་ལས་གཙོ་བོའི་སྣེ་ཁྲིད་དེ་དབུལ་ཐར་བྱེད་པ། ཚོང་ལས་གཙོ་གཉེར་བྱེད་པའི་དབུལ་ཐར་བྱེད་རོགས་བྱེད་པ། ཞིང་སྡེའི་བཅོས་སྒྱུར་གྱིས་དབུལ་ཐར་བྱེད་པ། ཚན་རྩལ་མཛུབ་སྟོན་གྱིས་དབུལ་ཐར་བྱེད་རོགས་བྱེད་པ་སོགས་ཀྱི་ཐད་ཐོལ་བརྒལ་གསར་བ་བརྩོན་ལེན་བྱེད་རྒྱུ་རེད།
ལོ་ཙཱ་བ། ཤ་བོ་རིན་མཚོ།