དུས་རབས་གསར་བར་ཁ་ཕྱོགས་ཏེ། འོད་སྟོང་འབར་བའི་གྲུབ་འབྲས་གསར་བ་བསྐྲུན།
2017.11.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

དུས་རབས་གསར་བར་ཁ་ཕྱོགས་ཏེ། མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱུན་ཆད་མེད་པར་མཛེས་སྡུག་གི་འཚོ་བ་གསར་བ་བསྐྲུན། ཁ་ཕྱོགས་གསར་བ་གཏན་འཁེལ་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་སྣེ་ཁྲིད་དེ་མུ་མཐུད་དུ་རླབས་ཆེན་བསྐྱར་དར་གྱི་ལས་དོན་གསར་གཏོད་བྱེད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་དུས་རབས་གསར་བའི་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་བྱེད་པའི་དུང་བརྡ་བསྒྲགས། དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ། ཁོང་དུ་ཆུད་པར་བྱེད་པ་བཅས་ཀྱི་སྟེང་འབད་བརྩོན་བྱས་ཏེ། གྲོང་ཁྱེར་ནས་ཞིང་སྡེ་དང་། སྐམ་ས་ནས་མཐའ་མཚམས་བཅས་རྒྱལ་ཡོངས་ཀྱི་ས་གནས་སོ་སོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་དངོས་འབེབ་བྱེད་པའི་ཚ་རླབས་བསླངས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་མཛུབ་སྟོན་འོག རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་སྟེང་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དགོས།

ཁ་ཕྱོགས་གསར་བ་ནས་རླབས་ཆེན་རྒྱང་བསྐྱོད་ཀྱི་ལམ་བུ་གཏན་འཁེལ་བྱེད་དགོས།

ཟླ་བཅུ་བའི་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར། ཀོས་ཀྲིག་ཞིང་ཆེན་ལའོ་ཏེན་རྫོང་མཱ་དཔེ་སྡེ་བའི་སྡེ་མི་རྣམས་ཀྱིས་མཱ་དཔེ་ཕུག་ལམ་གྱི་མདོ་ནས་པེ་ཅིན་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་འཐུས་མིའམ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཏིན་ཡུན་ཞང་ལ་བསུ་མ་བྱས།

“ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་བསྟན་དོན། ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པ་དེས་ང་ཚོ་ཞིང་བ་རྣམས་ལ་ཁ་ཕྱོགས་གསལ་བོ་བསྟན། དུས་རབས་གསར་བར་ཞུགས་རྗེས། ང་ཚོ་མཱ་དཔེ་སྡེ་མི་རྣམས་ལ་ཅིས་ཀྱང་སྤྱོད་ཚུལ་གསར་བ་ལྡན་དགོས”ཞེས་འཐུས་མི་ཏིན་ཡུན་ཞང་གིས་ཡིད་ཆེས་ཀྱིས་ཁེངས་བའི་སྒོ་ནས་དེ་ལྟར་བཤད་བྱུང་།

ཉིན་འགའི་སྔོན་ལ་བློ་མཐུན་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང“དུས་ཡུན་རིང་བོར་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པ་དེ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་བ་ཡིན་པ”གཟབ་ནན་སྒོས་ཁྱབ་བསྒྲགས་བྱས་པ་དེ་ཏིན་ཡུན་ཞང་གི་སེམས་སུ་གསལ་བོར་ངེས་ཡོད།

ཁ་ཕྱོགས་གསར་བས་འགན་འཁྲི་དང་དུ་ལེན་པར་འབོད་སྐུལ་གནང་བཞིན་ཡོད་ལ། རྒྱང་བསྐྱོད་ཀྱི་ལམ་བུ་གསར་བས་མཛེས་སྡུག་གི་མ་འོངས་བའི་ལེའུ་འབྲི་བཞིན་ཡོད། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ཁྲོད། ཀྲུང་གོ་གུང་ཁྲན་ཏང་ནི་ངོ་གནོང་མི་དགོས་པའི་སྟོབས་ལྡན་གྱི་མགོ་ཁྲིད་སྲོག་ཤིང་ཡིན།

སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚེས་ཉེར་བདུན་གྲོས་ཚོགས་བསྡུས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིན་བྱེད་པ་ནི་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ནང་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གཙོ་བོ་ཡིན་པ་ནན་གྱིས་བསྟན། “དགོངས་དོན་ལ་ཁྱོན་ཡོངས་དང་མ་ལག་ཆ་ཚང་བའི་སྒོ་ནས་སློབ་སྦྱོང་བྱེད་པའི་རྨང་གཞིའི་སྟེང་གཙོ་གནད་འབུར་དུ་ཐོན་པ་དང་། གནད་འགག་དམ་འཛིན་བྱས་ཏེ། ཤུགས་འདོན་ས་དེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ནི་ཏང་གིས་ངེས་པར་དུ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པའི་མཛུབ་སྟོན་བསམ་བློའི་སྟེང་འཇོག་དགོས་པར་གཅིག་བསྡུས་བྱེད་དགོས།”

དར་ཆའི་བགྲོད་ལམ་ལ་ཁྲིད་སྟོན་དང་བགྲོད་ལམ་གྱིས་ལས་དབང་ཐག་གཅོད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་ན། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཉིང་བཅུད་ཁོང་དུ་ཆུད་པར་བྱེད་པ་དང་། དགོངས་དོན་གྱི་ངོ་བོ་དང་ནང་དོན་ལ་གོ་བ་ཟབ་མོ་ལེན་དགོས།

པེ་ཅིན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་གླིང་གཙོ་གཞོན་པ་སུང་ཏེ་ཡའོ་ཡིས་བཤད་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པར་རྩ་བའི་སྲུང་བྱ་འདོན་སྤྲོད་བྱས་པས། ངེས་པར་དུ་“ངེས་གསལ་བརྒྱད”ཀྱི་ནང་དོན་གཙོ་བོ་དང“རྒྱུན་འཁྱོངས་བཅུ་བཞི”ཡི་གཞི་རྩའི་ཇུས་གཞི་ཡང་དག་པའི་ཁོང་དུ་ཆུད་པར་བྱས་ཏེ། ཕྱོགས་སོ་སོའི་བྱ་བའི་ལག་ལེན་ལ་མཛུབ་སྟོན་བྱེད་དགོས་ཟེར།

“ཏང་ཡོན་ཞིག་ཡིན་པའི་ཆ་ནས། ངས་སྔོན་ཐོན་དཔེ་སྟོན་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་ལེན་དངོས་འབེབ་བྱེད་པ་དང་། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་ཡིན”ཞེས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ་པེ་ཅིན་ལྕགས་ལམ་ཅུའུ་ཧྥིན་ཐའེ་འཕྲུལ་གཉེར་ལས་ཚན“མའོ་ཙེ་ཏུང་རྟགས་ཅན”གྱི་མེ་འཁོར་ཚན་པའི་ཁ་ལོ་བའི་མགོ་གཙོ་ལིག་ཡུས་ཧྥིན་གྱིས་དེ་ལྟར་བཤད་ལ། “མེ་འཁོར་ཐེངས་རེ་རེ་དུས་ཚོད་ལྟར་བདེ་བླག་ངང་ས་ཚིགས་སུ་ཐོན་པར་ཁག་ཐེག་བྱས་ཏེ། མགྲོན་པོ་རྣམས་ཀྱི་བདེ་འཇགས་ལ་སྔར་ལས་འགན་སྲུང་ཡོད་པར་བྱེད་དགོས་ཟེར།

ཁ་ཕྱོགས་གསར་བ་གཏན་འཁེལ་བྱས་ཏེ་ངེས་འཛིན་སྔར་ལས་གསལ་བོ་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ཏེ་མི་དམངས་ཀྱི་ཉིན་རེར་ཡར་རྒྱས་འགྲོ་བཞིན་པའི་མཛེས་སྡུག་གི་འཚོ་བའི་དགོས་མཁོ་དང་དོ་མི་མཉམ་ཞིང་ཕུན་སུམ་ཚོགས་པ་མིན་པའི་འཕེལ་རྒྱས་བར་གྱི་འགལ་བ་སོགས་ཆོད་གཏམ་གལ་ཆེན་བཏོན།

“ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ལས་བསྟན་ཡོད། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་འབྱུང་བཞིན་པ་དེ་ང་ཚོས་རང་རྒྱལ་སྤྱི་ཚོགས་རིང་ལུགས་གནས་པའི་ལོ་རྒྱུས་དུས་རིམ་ལ་འཛིན་པའི་ཤན་གཅོད་དེ་བསྒྱུར་མེད།” ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ་ཧུའུ་པེ་ཞིང་ཆེན་ཧོང་ཨན་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཡུས་ཞོ་བུའུ་ཀང་པེ་ཅིན་ནས་ཧོང་ཨན་དུ་ཐོན་མ་ཐག མྱུར་དུ་སྡེ་བར་སོང་ནས་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་བསམ་ཚུལ་ལ་ཉན།

ཁོས་བཤད་རྒྱུར།“ཧོང་ཨན་ནི་གསར་བརྗེའི་ས་ཁུལ་རྙིང་བ་ཡིན་པས། ང་ཚོས་འབད་པ་བརྒྱ་འགྱུར་བྱས་ཏེ། ཁྱིམ་ཚང་དབུལ་ཕོངས་ལས་ཐར་བ་དང་སྡེ་བ་དབུལ་ཕོངས་ཀྱི་གྲས་ནས་འབུད་པ། རྫོང་གིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ”དུས་ལྟར་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར།

དཔྱོད་ལྡན་ལ་ནི་དུས་ཀྱི་འགྱུར་ལ་བསྟུན་པར་མཁས། ཤེས་ལྡན་ལ་ནི་དོན་གྱི་གནད་ལ་ཞུགས་པར་མཁས། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བར་འགྲེང་སྟེ། “བརྒྱ་ལོ་གཉིས་ཀྱི”འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འདྲེས་མཚམས་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་བཀོད་སྒྲིག་གསར་བ་བཏོན།

“ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ལས་བཏོན་པའི‘དུས་རིམ་གཉིས’ཀྱི་འཐབ་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས་པ་བརྒྱུད། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་ད་ལྟ་གང་དུ་ཡོད་པ་དང་གནས་གང་དུ་འགྲོ་བ། ཅི་ལྟར་འགྲོ་བའི་གནད་དོན་གསལ་བོ་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ཁྱད་སྟོབས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཁྱད་སྟོབས་མཚོན་པར་བྱས།”ཀྲུང་གོ་མི་དམངས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཆིན་ཞིན་གྱིས་བཤད་རྒྱུར། སློབ་གསོའི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། སློབ་ཁྲིད་ཀྱི་ལག་ལེན་ཁྲོད་ཀྲུང་གོའི་འཕེལ་རྒྱས་ཀྱི་ཆོས་ཉིད་བརྩི་སྲུང་བྱེད་པ་དང་། ན་གཞོན་རྣམས་ཀྱི“ཡིད་ཆེས་བཞི”ཇེ་དྲག་ཏུ་གཏོང་དགོས་ཟེར།

དུས་རབས་གསར་བར་གསོན་ཤུགས་གསར་བ་ལྡན་དགོས།

གསེར་མདོག་གི་སྟོན་ཟླ་བཅུ་བའི་པེ་ཅིན་དུ། རྒྱལ་ཁབ་རྩིས་བརྒལ་ཐེན་ཅིན་ལྟེ་གནས་ཀྱི་ཐོག་ཁང་གཉིས་པའི་སྙན་ཞུ་ཚོམས་ཁང་དུ་སྤྲོ་དགའི་ཁེངས་ཡོད་ལ། ཐེན་ཅིན་པིན་ཧེ་སྡོད་ཁུལ་གསར་བའི་ཚན་རྩལ་ཁོངས་གཏོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་བྱེད་པའི་སྒྲོག་སྦྱོང་ཚོགས་འདུ་གནས་དེར་སྤེལ་བཞིན་ཡོད།

“ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་བསྟན་དོན། གསར་སྐྲུན་ནི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་སྒུལ་ཤུགས་གཙོ་བོ་ཡིན་ལ། འབྲེལ་དྲ་དང་གཞི་གྲངས་ཆེན་པོ། མིས་བཟོས་རིག་སྟོབས་ཀྱིས་དངོས་ཕུང་དཔལ་འབྱོར་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བྱས་པ་དེས་ང་ཚོའི་མ་འོངས་བའི་བྱ་བར་ཁ་ཕྱོགས་གསལ་བོར་བསྟན”ཞེས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ་རྒྱལ་ཁབ་རྩིལ་བརྒལ་ཐེན་ཅིན་ལྟེ་གནས་བཀོལ་སྤྱོད་གསར་སྤེལ་པུའུ་ཡི་པུའུ་ཀྲང་མིན་ཞང་ཧྥེ་ཡིས་མ་འོངས་བའི་བྱ་བའི་བསམ་ཕྱོགས་སྔར་ལས་ཇེ་གསལ་དུ་གྱུར་ཟེར།

མ་འོངས་པར་ཁ་གཏད་ནས། མི་དམངས་ཀྱི་ཉིན་རེར་ཡར་རྒྱས་འགྲོ་བཞིན་པའི་མཛེས་སྡུག་གི་འཚོ་བའི་དགོས་མཁོ་དང་དོ་མི་མཉམ་པར་འགྱུར་བཞིན་པའི་འཕེལ་རྒྱས་བར་གྱི་འགལ་བ་གཏོར་ནས། ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ་དང་། ནུས་ཤུགས་ཡོད་དགུས་སྤུས་ཚད་སྔར་ལས་མཐོ་ཞིང་ལས་ཆོད་སྔར་ལས་བཟང་བ། སྔར་ལས་དྲང་བདེན་དང་སྔར་ལས་རྒྱུན་མཐུད་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།

ཀྲུང་འཁོར་རྒྱང་བཞུད་འགྲུལ་སྐྱེལ་མ་རྐང་ཀུང་ཟིའི་མྱུར་བགྲོད་སྒུལ་འཁོར་ཚན་ཁག་གི་འཁོར་ཁང་དུ། སྒུལ་འཁོར་བཅུ་ཕྲག་འགའི་སྒྲོམ་གཞི་དབུགས་སྟན་ཆེན་པོའི་སྒྲིག་ཆས་དང་བཟོ་པ་དག་གི་གཞོགས་འདེགས་ཡང་དག་འོག་ཏུ་མཉམ་པོར་སྒྲིག་བཞིན་ཡོད། ཏང་གི་ཚོགས་ཚོགས་ཆེན་བཅུ་དགུ་པ་མ་ཚོགས་གོང་གི་ཉིན་འགའི་སྔོན་ལ། “རྒྱང་བཞུད་འགྲུལ་སྐྱེལ་མ་རྐང་ཀུང་ཟིས་བཟོས་པའི”ཨ་མེ་རི་ཁའི་པོ་ཧྲི་ཏོན་ས་འོག་གི་མེ་འཁོར་ལེགས་འགྲུབ་བྱུང་ནས། “ཀྲུང་གོ་གསར་གཏོད”ཀྱི་ཐོན་རྫས་གྲགས་ཅན་དུ་གྱུར།

ཀྲུང་འཁོར་རྒྱང་བཞུད་འགྲུལ་སྐྱེལ་མ་རྐང་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཞའོ་མེན་གྱིས་བཤད་རྒྱུར།“ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་རྒྱལ་ཁབ་ཀྱིས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པར་འཕེལ་རྒྱས་ཀྱི་བགྲོད་ལམ་གསལ་པོར་བསྟན་ཡོད། ང་ཚོས་ལྕགས་ལམ་འགྲིམ་འགྲུལ་སྒྲིག་ཆས་ཀྱི་འཛམ་གླིང་རིམ་པའི་ཁེ་ལས་ཧུར་ཐག་གིས་འཛུགས་སྐྲུན་བྱེད་པ་དང་། སྔོན་ཐོན་གྱི་ཁྲིད་སྟོན་ལག་རྩལ་དང་དེང་རབས་བཟོ་སྐྲུན་ལག་རྩལ། ཐོད་བརྒལ་རང་བཞིན་གྱི་ལག་རྩལ་བཅས་ཀྱི་གསར་སྐྲུན་ཐད་ནུས་ཤུགས་བཏོན་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བའི‘ཇུས་འགོད་རི་མོ’དེ‘ལས་སྐྲུན་རི་མོ’རུ་བསྒྱུར་ཏེ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱེད་རྒྱུ་ཡིན”ཟེར།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པས། གསར་སྐྲུན་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་རོལ་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ཀྱིས་ཀྲུང་གོ་མགྱོགས་མྱུར་འཕར་སྣོན་གྱི་དུས་རིམ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་བསྐྱོད་པར་སྣེ་ཁྲིད་བྱེད་བཞིན་ཡོད།

“ས་ཞིང་འགན་གཙང་ལེན་གྱི་དུས་ཡུན་ལོངས་རྗེས་ང་ཚོས་ཇི་ལྟར་བྱེད་དགོས།”“དབུལ་ཕོངས་ལས་ཐར་རྗེས་ང་ཚོས་ཅི་ཞིག་སྒྲུབ་དགོས།”ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ་ཨན་ཧེ་ཞིང་ཆེན་ལིག་ཨན་གྲོང་ཁྱེར་ཅིན་ཀྲེ་རྫོང་ཏཱ་བན་སྡེ་བར་སྡོད་པའི་དབུལ་སྐྱོར་བྱ་བའི་རུ་ཁག་གི་རུ་གཙོ་གཞོན་པ་ཡུས་ཅིན་པེ་ཅིན་ནས་སྡེ་བར་ཐོན་མ་ཐག་སྡེ་བའི་སྡེ་མི་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཆེན་པོ་བྱས།

“ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་དབུལ་སྐྱོར་དང་བློ་སྐྱོར། རིག་སྐྱོར་བཅས་ཟུང་འབྲེལ་བྱེད་དགོས་པ་བཏོན་ཡོད། ཐོན་ལས་དང་བློ་བརྟན་ནི་གཞི་རྩ་ཡིན། ང་ཚོ་ཏཱ་བན་སྡེ་བའི་ཇ་བག་བཟོ་གྲྭ་དུས་ཚོད་དམ་འཛིན་བྱས་ཏེ་འཛུགས་དགོས་པ་དང་། ནུས་ཤུགས་ཡོད་དགུས་ཞིང་སྡེའི་གནས་སྐོར་འཕེལ་རྒྱས་སུ་བཏང་ན། ད་གཟོད་ཡོང་སྒོ་མུ་མཐུད་དུ་འཕར་སྣོན་འབྱུང་བ་དང་བརྟན་འཇགས་སྒོས་དབུལ་ཐར་བྱེད་ཐུབ།”ཏཱ་བན་སྡེ་བའི་མ་འོངས་པའི་འཕེལ་རྒྱས་གླེང་སྐབས། ཡུས་ཅིན་གྱིས་མང་ཚོགས་རྣམས་ལ་ལས་ཀར་འབད་པ་བྱེད་དགོས་པའི་སྐུལ་མ་བཏང་།

“ཏང་དང་སྲིད་གཞུང་གིས་དུས་ནམ་ཡང་ང་ཚོ་མང་ཚོགས་རྣམས་སེམས་སུ་བཟུང་ཡོད་པས། ང་ཚོའི་ངར་ཤུགས་སྔར་ལས་ཆེན་པོ་བསྐྱེད།”རང་ཁྱིམ་དུ་མགྲོན་ཁང་གི་ཚོང་ལས་གཉེར་མགོ་རྩོམ་བཞིན་པའི་སྡེ་མི་བཱང་ནིན་པའོ་ཡིས་བཤད་རྒྱུར། “ང་ཚོ་དབུལ་ཐར་བྱེད་ཐུབ་པ་མ་ཟད། མཉམ་དུ་འབྱོར་འབྲིང་དུ་བསྐྱོད་ཐུབ”ཟེར།

ཅང་ཞི་ཕའོ་ཡང་མཚེའུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ། དུས་བྱ་ལྟ་ཞིབ་ཚད་ལེན་མཁན་རྣམས་ཀྱིས་རྒྱང་ཤེལ་བཟང་བོ་བཀོལ་ནས་ནན་ཏན་སྒོས་དགུན་བརྒལ་དུས་བྱའི་རིགས་དང་གྲངས་ཀ། བྱ་འགུལ་དུས་ཚོད། ས་གནས་སོགས་ཀྱི་གནས་ཚུལ་ཟིན་ཐོར་འགོད་བཞིན་ཡོད། སྲུང་སྐྱོབ་ས་ཁུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་བུའུ་ཞི་ཏུང་གིས་བཤད་རྒྱུར། “ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ཁྲོད་བཏོན་པའི‘ཚེ་སྲོག་གི་ལས་དབང་གཅིག་པའི་ཚོགས་སྤྱི’ཡི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལོན་པ་དང་། སྐྱེ་ཁམས་མ་ལག་སྲུང་སྐྱོབ་ནུས་ཤུགས་ཇེ་ཆེར་གཏོང་བ། བརླན་ས་སྲུང་སྐྱོབ་དང་སླར་གསོའི་ཚད་ཇེ་དྲག་ཏུ་གཏོང་རྒྱུ་ནི་ང་ཚོའི་རྗེས་ཕྱོགས་ཀྱི་བྱ་བའི་ཁ་ཕྱོགས་གཙོ་བོ་ཡིན”ཟེར།

མགྱོགས་མྱུར་སྒོས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་སྒྱུར་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ། ཁྱོན་ཡོངས་ནས་སྒོ་འབྱེད་ཀྱི་རྣམ་པ་གསར་བ་ཆགས་པར་སྐུལ་འདེད་བྱེད་པ་སོགས་འཐབ་ཇུས་བཀོད་སྒྲིག་སྣ་ཚོགས་ལག་བསྟར་བྱས་ཏེ། ཀྲུང་གོའི་ཆེད་དུ་འཕེལ་རྒྱས་ཀྱི་དུས་རིམ་སྔར་ལས་མཐོ་བ་གསར་འབྱེད་བྱེད་དགོས།

རྒྱང་བཞུད་ལ་འཛད་མཐའ་མེད་པས། གྲུ་གཡོར་བསླངས་ནས་མདུན་སྐྱོད་བྱེད། སྤུས་ཚད་སྔར་ལས་མཐོ་བ་དང་ཕན་ནུས་སྔར་ལས་ཆེ་བ། སྔར་ལས་དྲང་བདེན་ཡིན་པ། སྔར་ལས་རྒྱུན་མཐུད་ཀྱི་འཕེལ་རྒྱས་བཅས་ལས། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་བསྒྱུར་བ་ལས་བྱུང་བའི་གནད་དོན་ཐག་གཅོད་བྱེད་པར་ལན་བཏབ་ཡོད་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ཁྲོད་གསོན་ཤུགས་གསར་བ་སྐུལ་སྤེལ་དང་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས།

བྱ་སྤྱོད་གསར་བས་གྲུབ་འབྲས་འོད་སྟོང་འབར་བ་བསྐྲུན།

སྐབས་བཅུ་དགུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཐུག་འཕྲད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྙན་འཇེབ་ལྡན་པའི་སྒོ་ནས“ཀྲུང་གོ་མི་དམངས་ཀྱི་འཚོ་བ་ལོ་རེ་ལས་ལོ་རེར་ཇེ་བཟང་དུ་འགྲོ་སྲིད་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད”ཅེས་གསུང་།

དུས་རབས་གསར་བར་རྣམ་པ་གསར་བ་དང་སྤྱོད་ཚུལ་གསར་བ་ལྡན་པར་བྱས་ཏེ། འོད་སྟོང་འབར་བའི་གྲུབ་འབྲས་བསྐྲུན་དགོས། མི་དམངས་ཀྱི་སྣེ་ཁྲིད་དེ་མཛེས་སྡུག་གི་འཚོ་བ་གསར་སྐྲུན་བྱེད་རྒྱུ་ནི་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་འགྱུར་མི་རུང་བའི་འབད་འཐབ་དམིགས་འབེན་ཡིན།

གསེར་ལྡན་སྟོན་གྱི་དུས་ཚིགས་སུ་བུའུ་མིན་རི་བོ་གནས་སའི་ཡུན་ནན་ཧོས་ཙི་རྫོང་དུ་སྔར་བཞིན་ལྗོན་ཤིང་ཚང་ཚིང་དུ་གནས་ཡོད་ལ། སྲང་ལམ་རྒྱ་ཆེ་ཞིང་གྲལ་དག་པ་ཞིག་རེད།“དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་གཅིག་བསྡུས་བྱེད་པ་དང་ཆབས་ཅིག ང་ཚོས་སློབ་གསོ་དང་སྨན་བཅོས་ལས་དོན་གྱི་འཕེལ་རྒྱས་ལ་མུ་མཐུད་དུ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་སྔར་ལས་མང་པོ་ཕན་ཁེ་རོལ་དུ་འཇུག་དགོས།”ཧོས་ཙི་རྫོང་ཏང་ཨུའི་ཧྲུའུ་ཅི་ལིང་ཀྲི་ཆིང་གིས་བཤད་རྒྱུར། “དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་དམ་འཛིན་བྱེད་པའི་རྨང་གཞིའི་སྟེང་། ང་ཚོའི་དམིགས་འབེན་སྔར་ལས་མཐོ་བའི་སྟེང་འབད་བརྩོན་བྱེད་དགོས”ཟེར།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ཁྲོད་བསྟན་དོན། མི་དམངས་ཀྱི་མཛེས་སྡུག་གི་འཚོ་བ་ཉིན་རེ་བཞིན་ཇེ་རྒྱས་སུ་འགྲོ་དགོས་ལ། དངོས་པོ་དང་རིག་གནས་ཀྱི་འཚོ་བར་རེ་བ་མཐོན་པོ་བཏོན་ཡོད་པ་མ་ཟད། དམངས་གཙོ་དང་ཁྲིམས་སྐྱོང་། འདྲ་མཉམ། དྲང་བདེན། བདེ་འཇགས། ཁོར་ཡུག་སོགས་ཀྱི་ཐད་ཉིན་རེ་བཞིན་འཕར་སྣོན་འབྱུང་དགོས་པའི་རེ་བ་བཏོན་ཡོད།

“མི་དམངས་མང་ཚོགས་ཀྱི་དྲང་བདེན་འདུ་ཤེས་དང་དམངས་གཙོའི་འདུ་ཤེས། དབང་ཆའི་འདུ་ཤེས། ཁྲིམས་སྐྱོང་འདུ་ཤེས་བཅས་མུ་མཐུད་དུ་འཕར་སྣོན་འབྱུང་བཞིན་ཡོད་ལ། ང་ཚོ་སྲིད་ཁྲིམས་ཉེན་རྟོག་པས་རྒྱུན་འཁྱོངས་ལྷོད་མེད་སྒོས་གཟབ་ནན་གྱིས་ཁྲིམས་ལག་བསྟར་བྱེད་པ་དང་དཔལ་ཡོན་ལྡན་པའི་སྒོ་ནས་ཁྲིམས་ལག་བསྟར་བྱེད་པ། ཁྲིམས་འཛིན་དྲང་བཞག་བཅས་རྒྱུན་འཁྱོངས་བྱས་ན། ད་གཟོད་མི་དམངས་བདེ་སྡོད་ལས་བརྩོན་གྱི་ཐད་འཆམ་མཐུན་དང་བརྟན་འཇགས། བདེ་འཇགས་བཅས་ཀྱི་ཁོར་ཡུག་ལེགས་པོ་ཞིག་འདོན་སྤྲོད་བྱེད་ཐུབ”ཅེས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི། ཧྲན་ཏུང་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིན་ཧྥིན་ཧེ་ཡིས་དེ་ལྟར་བཤད།

སྔར་ལས་མཛེས་པའི་སྡོད་གནས་ཀྱི་འཚོ་བའི་ཁོར་ཡུག་དང་སྔར་ལས་བརྟན་འཇགས་ཡིན་པའི་ཡོང་སྒོ། སྤྱི་ཚོགས་འགན་སྲུང་། སྔར་ལས་བཟང་བའི་སློབ་གསོ་དང་སྨན་བཅོས་ཞབས་ཞུ། སྔར་ལས་ཕུན་སུམ་ཚོགས་པའི་བསམ་པའི་རིག་གནས་ཀྱི་འཚོ་བ་བཅས་རོལ་མྱོང་བྱས་ཏེ་དུས་རབས་གསར་བར་ཞུགས་པ་དང་། མི་གྲངས་དུང་ཕྱུར་བཅུ་གསུམ་ལྷག་གི་ཀྲུང་གོ་མི་དམངས་ཀྱིས་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བར་རེ་ལྟོས་བྱེད་བཞིན་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་མི་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་བཞིན་ཡོད།

བྱ་བ་བཀོད་སྒྲིག་བྱེད་པར་དངོས་འབེབ་གཙོ་བོ་ཡིན། བྱེད་ཐབས་དངོས་ལག་བསྟར་བྱས་ཏེ། ཏན་ཏན་ཏིག་ཏིག་གིས་སྐུལ་འདེད་བྱས་ནས། གཟེར་བརྡབ་སྙིང་སྟོབས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།

“ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ལས་སློབ་གསོའི་ལས་དོན་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་བོ་བསྟན་ཡོད་པ་དང་། མ་འོངས་པར་མིག་སྔར་གྱི་སློབ་གསོའི་ལས་དོན་འཕེལ་རྒྱས་དོ་སྙོམས་མིན་པ་དང་ཆ་མི་ཚང་བའི་གནད་དོན་ལ་ཕན་ནུས་ཡོད་པའི་སྒོ་ནས་སྐུལ་འདེད་བྱས།”ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི། ཧུའུ་ནན་དགེ་ཐོན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་མིན་གྱིས་བཤད་རྒྱུར། “ང་ཚོས་ཧུར་ཐག་གིས་སློབ་མ་རེ་རེར་སྤུས་ཚད་མཐོ་བའི་སློབ་གསོ་འདོན་སྤྲོད་བྱེད་རྒྱུ་ཡིན་ལ། དགེ་རྒན་སྔར་ལས་ཕུལ་དུ་བྱུང་བ་གསོ་སྐྱོང་བྱས་ཏེ། སློབ་གསོའི་ལས་དོན་མུ་མཐུད་དུ་འཕེལ་རྒྱས་གཏོང་བའི་དགོས་མཁོ་སྐོང་རྒྱུ་ཡིན”ཟེར།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི། ཀོང་ཞི་ནན་ཉིན་གྲོང་ཁྱེར་མི་དམངས་སྨན་ཁང་བཞི་བའི་ཨེ་ཙིའི་ནད་ཚན་ཁག་གི་ནད་གཡོག་པའི་མགོ་གཙོ་ཏུའུ་ལིས་ཆོན་གྱིས་བཤད་རྒྱུར། སྨན་བཅོས་མི་སྣ་ཞིག་ཡིན་པའི་ཆ་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ལས་སྨན་བཅོས་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་ཐད་བཏོན་པའི་རེ་བ་སྔར་ལས་མཐོན་པོ་དེ་སེམས་སུ་དམ་པོར་འཛིན་དགོས། “ང་ཚོས་ཚེ་སྲོག་ལ་གཅེས་སྤྲས་དང་སྲོག་སྐྱོབ་སྨན་བཅོས། ཡོད་ཚད་འབུལ་ཕོད་པ་བཅས་བྱས་ནས། བདེ་ཐང་གི་ཀྲུང་གོ་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས”ཟེར།

མཁར་གྲོང་འོས་འགན་སློབ་གསོ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་དང་། བདེ་ཐང་གི་ཀྲུང་གོའི་འཐབ་ཇུས་ལག་བསྟར་བྱེད་པ། “བྱིས་པར་གཉོར་མཁན་ཡོད་པ་དང་རྒན་པ་དང་ཉམས་ཞན་གྱི་མི་ལ་བདག་སྐྱོང་བྱེད་མཁན་ཡོད་པ།” སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་བཅས་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དེ་དཔལ་འབྱོར་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་བཀོད་སྒྲིག་གི་བྱེད་ཐབས་གསར་བའི་སྟེང་དངོས་འབེབ་བཟང་བོ་བྱས་ན། རྒྱལ་ཁབ་དང་མི་རིགས་དར་རྒྱས་དང་འབྱོར་ཕྱུག་གི་ཕྱོགས་སུ་ངེས་པར་དུ་བསྐྱོད་ཐུབ།

2020ལོ་ནས2035ལོའི་བར། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྨང་གཞིའི་སྟེང་། ཡང་བསྐྱར་ལོ་བཅོ་ལྔའི་རིང་འབད་བརྩོན་བྱས་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་ཐུབ།

2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར། དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱས་པའི་རྨང་གཞིའི་སྟེང་། ཡང་བསྐྱར་ལོ་བཅོ་ལྔའི་རིང་འབད་བརྩོན་བྱས་ན། རང་རྒྱལ་སྟོབས་ལྡན་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་དུ་འགྲུབ་པར་བྱེད་ངེས།

དཔེ་རིས་རིས་སུ་བཀོད་པས་འགན་འཁྲི་ཕྲག་ཏུ་བླངས་ནས། དཀའ་སྤྱད་འབད་བརྩོན་དང་ཡར་རྒྱས་བརྩོན་ལེན་བྱེད་དགོས།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་མགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་འོག རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་སྙིང་སྟོབས་ལ་བརྟེན་ན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ལས་གཏན་འཁེལ་བྱས་པའི་དམིགས་འབེན་འགན་འཁྲི་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་དམིགས་འབེན་རླབས་ཆེན་ཁྲོད་མདུན་སྐྱོད་བྱེད་ཐུབ་ངེས་རེད།

ལོ་ཙཱ་བ། སྒྲོལ་མ་སྐྱིད། ཤ་བོ་རིན་མཚོ།