ཀྲུང་གོའི་ལས་དོན་ལེགས་པོར་སྒྲུབ་པའི་གནད་འགག་ནི་ཏང་ལ་ཐུག་ཡོད།
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་ཀྲུང་གོའི་ཁྱད་ཆོད་ཀྱི་སྤྱི་ཚོགས་རིང་ལུགས་དུས་སྐབས་གསར་བར་ཞུགས་པས། ང་ཚོའི་ཏང་ལ་ངེས་པར་དུ་རྣམ་པ་གསར་བ་དང་སྤྱོད་ཚུལ་གསར་བ་ཡོད་དགོས་པ་བསྟན་ཡོད།
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་ལེན་དངོས་འབེབས་བྱས་ཏེ། སྤྱོད་ཚུལ་གསར་བས་བླང་བྱ་གསར་བར་མིག་དཔེ་བསྟན་པ་དང་། སྤྱོད་ཚུལ་གསར་བས་འགན་འཁྲི་གསར་བ་ལག་ལེན་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། བློ་བརྟན་འགྱུར་མེད་སྒོས་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བར་གཏིང་ཟབ་ཏུ་སྐུལ་འདེད་བྱེད་པ། ཏང་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྣེ་འཁྲིད་པའི་དུས་རབས་ཀྱི་གདོང་ལེན་པ་དང་མི་རིགས་ཀྱི་སྲོག་ཤིང་དུ་འགྱུར་བར་ཁག་ཐེག་བྱེད་དགོས།
སྟོབས་དང་ལྡན་པའི་འགོ་ཁྲིད་སྲོག་ཤིང་བསྐྲུན་པ་དང་ཀྲུང་ཁྲན་ཏང་མིའི་བསམ་བློའི་སྙིང་སྟོབས་དར་སྤེལ་བྱེད་དགོས།
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་རྗེས། ཆིན་ཧྭ་སློབ་ཆེན་གྱིས་སློབ་གྲྭའི་ལས་བྱེད་པ་དང་དགེ་སློབ་ཡོངས་ཀྱི་གྲོས་ཚོགས་བསྡུས་ཏེ། མགྱོགས་མྱུར་སྒོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཚ་རླབས་བསླངས།
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ་ཆིན་ཧྭ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཞིས་ཀྱིས་བཤད་རྒྱུར། “སློབ་ཆེན་གང་ཞིག་ཡིན་རུང་ཚང་མས་ནམ་ཡང་རང་གི་སློབ་གྲྭར་རྐང་བཙུགས་ནས། ངེས་པར་དུ་མི་ཅི་འདྲ་ཞིག་སྐྱེད་སྲིང་བྱེད་པ་དང་ཅི་ལྟར་སྐྱེད་སྲིང་བྱེད་པ། སུའི་དོན་དུ་སྐྱེད་སྲིང་བྱེད་པ་བཅས་ཀྱི་གནད་དོན་ལ་དྲིས་ལན་འདེབས་དགོས་པ་དང་། ལག་ལེན་ལས་ང་ཚོར་ངོས་ཟིན་ཟབ་མོ་ཞིག་བྱུང་བ་ནི། ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་གོ་རྟོགས་ཇེ་མཐོར་བཏང་སྟེ། བློ་བརྟན་འགྱུར་མེད་སྒོས་ཏང་གིས་མཐོ་རིམ་སློབ་གྲྭར་འགོ་ཁྲིད་གནང་བ་རྒྱུན་འཁྱོངས་དང་། བློ་ཐག་རྦད་ཆོད་སྒོས་ཏང་ཨུའི་འགོ་ཁྲིད་འོག་གི་སློབ་གཙོའི་འགན་འཁུར་ལམ་ལུགས་ལག་ལེན་དངོས་འབེབས་བྱས་ན། ད་གཟོད་ཡང་དག་པའི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སློབ་གྲྭའི་འཕེལ་རྒྱས་དེ་ནམ་ཡང་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མི་རིགས་ཀྱི་མ་འོངས་པ་དང་ཟུང་འབྲེལ་དམ་པོ་བྱེད་པར་ཁག་ཐེག་བྱེད་ཐུབ”ཟེར།
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང“ཏང་ནི་ཆེས་མཐོ་བའི་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས”ཡིན་པའི་ཆོད་གཏམ་གལ་ཆེན་བཏོན་པ་དེས། ལོ་རྒྱུས་ཀྱི་དངོས་ཡོད་ཉམས་མྱོང་ལ་ཕྱོགས་སྡོམ་གལ་ཆེན་གནང་བ་དང་། ང་ཚོའི་ཏང་གིས་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་རྒྱུན་འཁྱོངས་བྱེད་པའི་རྣམ་འགྱུར་ལེགས་པོ་དང་ཆོད་སེམས་བརྟན་པོའང་མཚོན་པར་བྱས།
“ངེས་པར་དུ་ཏང་གིས་བྱ་བ་ཡོད་ཚད་ལ་འགོ་ཁྲིད་གནང་བ་རྒྱུན་འཁྱོངས་བྱེད་དགོས”། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ་ཧིན་དབྱང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲིག་ནོང་གིས་མྱོང་ཚོར་ཟབ་མོས་བཤད་རྒྱུར། ཧིན་དབྱང་དུ་བྱུང་བའི་འདེམ་བསྐོ་ལ་གཏོར་བརླག་གཏོང་བའི་གྱོད་གཞིར་ཞིབ་ཏུ་བསམ་བློ་བཏང་ཚེ། དེ་ལ་རྒྱུ་རྐྱེན་མང་པོ་ཞིག་ཡོད་མོད ། འོན་ཀྱང་དེའི་རྩ་བ་ནི་ཏང་གི་འགོ་ཁྲིད་ཉམས་ཞན་དུ་གྱུར་བ་དང་། ཏང་འཛུགས་སྐྲུན་གྱི་ཆུ་ཚད་ཞན་པ། ཁྱོན་ཡོངས་ནས་ཏང་ནན་མོས་མ་སྐྱོང་བ་དེ་རེད་ཟེར།
ཀྲིག་ནོང་གིས་བཤད་རྒྱུར། ཧིན་དབྱང་གིས་ལྷག་ལུས་མེད་པའི་སྒོ་ནས་དག་ཐེར་ལེགས་སྒྲིག་ཐེངས་ཤིག་བྱས་པ་བརྒྱུད་དེ། སྤྱི་ཚོགས་དཔལ་འབྱོར་བརྟན་འཇགས་དང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་ན། ངེས་པར་དུ་ཏང་ཨུས“ཁ་ཕྱོགས་དམ་འཛིན་དང་ཆེ་ཕྱོགས་འཚོལ་ཞིབ། སྲིད་ཇུས་གཏན་འཁེལ། བཅོས་སྒྱུར་ལ་ཡར་སྐུལ”བཅས་ཀྱི་ནུས་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཏང་ཨུས་དུས་ནམ་ཡང་ཁྱོན་ཡོངས་ལ་བཀོད་འདོམས་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པར་འགན་ལེན་དགོས་པ་དེ་ཤེས་བྱུང་ཟེར།
ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་རྒྱུན་འཁྱོངས་བྱས་ཏེ། ངེས་པར་དུ་ཆབ་སྲིད་འཛུགས་སྐྲུན་དེ་གོ་གནས་ཨང་དང་པོར་འཇོག་དགོས།
ཁ་ཕྱོགས་མ་ནོར་བར་ཆབ་སྲིད་འཛིན་པ་ནི། མར་ཁེ་སི་རིང་ལུགས་སྲིད་ཏང་གི་རྩ་བའི་བླང་བྱ་ཡིན། དུས་ནམ་ཞིག་ལ་ཏང་ཡོངས་ཀྱིས་ཆབ་སྲིད་འཛིན་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་རྒྱུན་ལྡན་དུ་གྱུར་ཚེ། ང་ཚོའི་ཏང་གིས་སྤྱོད་བཟང་དར་སྤེལ་དང་མཐུན་སྒྲིལ་གཅིག་གྱུར། སྐྱེ་སྟོབས་ཀྱིས་ཁེངས་བ། ཏང་གི་ལས་དོན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འབྱུང་ཐུབ།
ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལིས་ཀྲི་ཡུང་གིས་བཤད་རྒྱུར། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་མཚོན་ནས་བཤད་ན། ཁ་ཕྱོགས་མ་ནོར་བའི་སྒོ་ནས་ཆབ་སྲིད་འཛིན་པ་དང་། “འདུ་ཤེས་བཞི”སྲ་བརྟན་དུ་བཏང་སྟེ། བློ་ཐག་རྦད་ཆོད་སྒོས་ཏང་གི་ཆབ་སྲིད་ལམ་ཕྱོགས་ལག་བསྟར་བྱེད་པ་དང་། ཏང་གི་སྒྲིག་ཡིག་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་བརྩི་སྲུང་ནན་མོ་བྱེད་པ། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱེད་པ། དུས་ནམ་ཞིག་དང་གནས་ཚུལ་ག་འདྲའི་འོག་ཏུ་ནམ་ཡང་ཀླད་པ་གསལ་བོ་དང་ཆབ་སྲིད་རང་བཞིན་སྲུང་འཛིན་བྱས་ཏེ། བསམ་བློའི་སྟེང་ནས་ངོས་ཟིན་གཅིག་གྱུར་དང་བྱ་སྤྱོད་ཀྱི་སྟེང་ནས་རྦད་ཆོད་སྒོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོན་པོས་གཅིག་གྱུར་བྱེད་པ་དང་། རྦད་ཆོད་སྒོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོབ་བྱེད་དགོས་ཟེར།
ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་རྒྱུན་འཁྱོངས་བྱས་ཏེ། ངེས་པར་དུ་བསམ་བློའི་འགག་སྒོ་གཙོ་བོར་དམ་པོར་སྦྲེལ་ནས། གུང་ཁྲན་ཏང་མིའི་བསམ་བློའི་སྙིང་སྟོབས་དར་སྤེལ་བྱེད་དགོས།
སེམས་སུ་དད་མོས་ཡོད་ཚེ་རང་ལ་སྟོབས་ཤུགས་ཆེན་པོ་ལྡན་ངེས། ཀྱག་ཀྱོག་གི་ལོ་རྒྱུས་བགྲོད་ལམ་བརྒྱུད་དེ། ཀྲུང་གོ་གུང་ཁྲན་གིས་མི་དམངས་ཀྱི་བདེ་སྐྱིད་བསམ་པ་དང་མི་རིགས་ཀྱི་བསྐྱར་དར་སྙེག་པའི་ཐོག་མའི་སེམས་འདུན་དང་འགན་འཁྲི་དེ་ནམ་ཡང་འགྱུར་མི་སྲིད་ལ། དད་མོས་ཀྱི་སྙིང་སྟོབས་ལ་ནམ་ཡང་འོད་སྟོང་ཆེན་པོ་ལྡན་ངེས།
ཧྲན་ཞི་ཞིང་ཆེན་ཡན་ཨན་གྲོང་ཁྱེར་པོ་ཐཱ་ཁུལ་ཀན་ཀུའུ་ཡུས་གྲོང་རྡལ་ཏང་ཨུའི་རྩ་འཛུགས་ཨུ་ཡོན་ཧྥིན་ཡུས་ཙིན་ནི་སློབ་གྲྭ་ཆེན་མོ་བའི་སྡེ་དཔོན་ཞིག་ཡིན་ལ། ཉེ་བའི་ལོ་འདི་འགར། ཁོ་མོ་དང་ན་མཉམ་གྱི་མི་འགའ་ཡིས་ན་གཞོན་དང་བླངས་ཞབས་ཞུ་རུ་ཁག་གཅིག་བཙུགས་པ་དང་། ཐོན་ལས་རོགས་སྐྱོར་དང་གློག་རྡུལ་ཚོང་ལས་གོང་དུ་སྤེལ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། དབུལ་ཕོངས་མང་ཚོགས་དབུལ་ཕོངས་ལས་ཐར་ཏེ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་སྐུལ་ཁྲིད་བྱས།
ཧྥིན་ཡུས་ཀྱིས་བཤད་རྒྱུར། “ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞི་ཡིས་ཡན་ཨན་དུ་ལོ་ངོ་བཅུ་གསུམ་གྱི་རིང་ལ་འཐབ་འཛིང་གི་འཚོ་བ་རོལ་ཏེ། མི་དམངས་མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་དང་མཉམ་དུ་ངལ་རྩོལ་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གོང་བཀུར་ཚད་མེད་ཐོབ། ང་ཚོས་ཞིང་སྡེ་རུ་བྱ་བ་སྒྲུབ་ཏེ་ཞིང་བ་མང་ཚོགས་དང་མཉམ་དུ་ལས་བསྐྲུན་ཕྱོགས་ལ་འབད་བརྩོན་ལྷོད་མེད་བྱེད་པ་དང་། བསམ་ཕྱོགས་དང་སྟོབས་ཤུགས་ཕྱོགས་གཅིག་ཏུ་བསྡུས་ན། ད་གཟོད་མང་ཚོགས་ཀྱི་དཀའ་ཁག་དེ་གང་ཡིན་པ་དང་གང་ལ་རེ་སྒུག་བྱེད་བཞིན་པ་ཤེས་ཐུབ་པས། དེ་ནི་གུང་ཁྲན་ཏང་མིའི་འགན་འཁྲི་ཡིན”ཟེར།
འཐབ་འཛིང་བཙན་རྫོང་གི་ནུས་པ་སྲ་བརྟན་ཏུ་གཏོང་བ་དང་། སྲིད་འཛིན་གྱི་རྨང་གཞི་ནུས་པ་ཇེ་དྲག་ཏུ་གཏོང་དགོས།
བྱ་བ་གང་ཞིག་བསྒྲུབ་རུང་ངེས་པར་དུ་རང་ཉིད་ལ་སྟོབས་ཤུགས་ཆེན་པོ་ལྡན་པར་བྱེད་དགོས།
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་། ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་མཛད་དེ་རླབས་ཆེན་གྱི་འཐབ་འཛིང་སྤེལ་བ་དང་རླབས་ཆེན་ལས་དོན་ལ་སྐུལ་འདེད་བྱེད་པ། རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་ན། ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། བློ་བརྟན་འགྱུར་མེད་སྒོས་ཏང་སྔར་ལས་སྟོབས་དང་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་པ་གསལ་བོར་བསྟན་ཡོད།
རྨང་གཞི་མ་བརྟན་ཚེ་གཡོ་འགུལ་ཆེན་པོ་འབྱུང་སྲིད། ཏང་སྔར་ལས་སྟོབས་དང་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་ན། རྨང་གཞི་སྲ་བརྟན་དུ་བཏང་སྟེ། འཐབ་འཛིང་གི་བཙན་རྫོང་རེ་རེ་སྔར་ལས་ཇེ་དྲག་ཏུ་གཏོང་དགོས།
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ་ཀོས་ཀྲིག་ཞིང་ཆེན་ལིག་ཕན་ཧྲོས་གྲོང་ཁྱེར་ཀྲུང་ཧྲན་ཁུལ་ཏ་བན་གྲོང་རྡལ་ཧེ་ཀ་སྡེ་བར་སྡོད་པའི་ཧྲུའུ་ཅི་དང་པོ་དབྱང་པོ་ཆིན་གྱིས་བཤད་རྒྱུར། 2010ལོར་ཁོ་རང་ཧེ་ཀ་སྡེ་བར་བྱ་བ་སྒྲུབ་དུ་སོང་བ་ཡིན་ལ། སྐབས་དེར་སྡེ་བའི་ཏང་ཡོན་རྣམས་ཀྱི་ལོ་ཚོད་ཅུང་ཆེ་ཞིང་རིག་གནས་ཀྱི་ཆུ་ཚད་དམའ་བས། དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་བལྟོས་བཅས་ཀྱིས་ལྕི་བ་རེད། ཉེ་བའི་ལོ་འདི་འགར། སྡེ་བས་ཧུར་ཐག་གིས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་དང་ས་གཞན་དུ་ཞོར་ལས་བྱེད་ཀྱིན་པའི་ཕུལ་བྱུང་ན་གཞོན་རྣམས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་བྱ་བར་ཞུགས་པར་སྐུལ་སློང་བྱས་ཤིང་། ཡར་ཐོན་གྱི་བསམ་བློ་དང་སྙིང་སྟོབས་ལྡན་པའི་ན་གཞོན་ཏང་ཡོན་སྐྱེད་སྲིང་བྱས། ཁོ་ཚོས་བྱ་བ་གང་ཡིན་རུང་ཡོངས་འགྲུབ་བྱེད་ཐུབ་ལ་ཁ་བཤད་དོན་ཐོག་ཏུ་གནས་པ་ཡིན་པས། མང་ཚོགས་རྣམས་ཁོ་ཚོ་དང་མཉམ་དུ་བྱ་བ་སྒྲུབ་པར་དགའ་བ་རེད། ད་སྐབས་སྡེ་བ་ཡོངས་སུ་དབུལ་ཕོངས་ཁྱིམ་ཚང་ཉེར་གསུམ་མ་གཏོགས་མེད་པས། སྔོན་དཔག་བྱས་ན2018ལོར་ཁྱིམ་ཚང་དེ་ཚང་མ་དབུལ་ཕོངས་ལས་ཐར་བ་མངོན་འགྱུར་བྱེད་ཐུབ་ཟེར།
ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ཏེ་ཏང་དྲིལ་སྒྲོག་བྱེད་གནས་གཙོ་བོ་དང་། ཏང་གི་ཐག་གཅོད་ལག་ལེན་མཐའ་འཁྱོལ་བྱེད་པ། གཞི་རིམ་བཅོས་སྐྱོང་ལ་མགོ་ཁྲིད་བྱེད་པ། མཐུན་སྒྲིལ་སྒོས་མང་ཚོགས་ལ་སྐུལ་སློང་བྱེད་པ། བཅོས་སྒྱུར་འཕེལ་རྒྱས་ཀྱི་འཐབ་འཛིང་བཙན་རྫོང་ལྟ་བུར་སྐུལ་འདེད་བྱས་ན། ད་གཟོད་ཏང་གི་ལམ་ཕྱོགས་བྱེད་ཕྱོགས་དང་སྲིད་ཇུས་དང་། ཇུས་ཆོད་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་ཐུབ།
མི་གྲངས་དུང་ཕྱུར་བཅུ་གསུམ་ལྷག་ཡོད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཆེན་པོར་མགོ་ཁྲིད་བྱེད་དགོས་ན། ང་ཚོའི་ཏང་གིས་ཆབ་སྲིད་ཉམས་སད་ཐེག་ཐུབ་དགོས་ལ། ནུས་པ་ཆེན་པོ་ལྡན་དགོས། ཏང་འཛུགས་སྐྲུན་བྱ་བ་སྔར་ལས་སྟོབས་དང་ལྡན་དགོས་ལ། ཁྱོན་ཡོངས་ནས་སྲིད་འཛིན་གྱི་གཞི་རྩའི་ནུས་པ་ཇེ་དྲག་ཏུ་བཏང་ཚེ། ད་གཟོད་ཏང་གི་སྲིད་འཛིན་ནུས་པ་དང་མགོ་ཁྲིད་ཆུ་ཚད་ཇེ་མཐོར་གཏོང་ཐུབ།
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ་བུའུ་ཧན་གྲོང་ཁྱེར་པེ་པུའུ་ཐིན་སྡོད་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་བཱང་པའོ་ཕྱིར་བྱ་བའི་ལས་གནས་སུ་འབྱོར་རྗེས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་སྒྲོག་སྤེལ་བྱེད་པའི་བྱ་བ་བཀོད་སྒྲིག་ཚགས་དམ་པོ་བྱས་རྗེས། ཉིན་འགའི་ནང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་སྤེལ་བསམ་བློ་བརྗེ་རེས་ཚོགས་འདུ་དྲུག་གི་ནང་དུ་ཞུགས།
“སྡོད་ཁུལ་གྱི་བྱ་བ་དེ་སྔོན་གྱི་ལམ་ལུགས་རྙིང་བ་དང་ཁ་བྲལ་ཏེ། སྡོད་ཁུལ་གྱི་བྱ་བ་སྒྲུབ་མཁན་གྱིས་ནུས་པ་གསར་བ་སློབ་སྦྱོང་བྱེད་དགོས་པ་དང་། ཡོ་བྱད་གསར་བ་བཀོལ་སྤྱོད་བཟང་བོ་བྱེད་དགོས།”བཱང་པའོ་ཡིས་བཤད་རྒྱུར། གཞི་རིམ་ཏང་ཡོན་ལས་བྱེད་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ལས་བཏོན་པའི“ནུས་པ་ཆེན་པོ་བརྒྱད”ཀྱི་རེ་བ་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་། ཁྱད་པར་དུ་མང་ཚོགས་ཀྱི་བྱ་བའི་ནུས་པ་ཇེ་དྲག་ཏུ་གཏོང་བ། མང་ཚོགས་ཀྱི་འཚོ་བ་ཤེས་པ་དང་མང་ཚོགས་ཀྱི་སྐད་རིགས་ཤེས་པ། མང་ཚོགས་ཀྱི་སེམས་ཁྲལ་སེལ་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།
ཀོང་ཏུང་ཧོས་ཀྲིག་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཧུའུ་ཡན་གྱིས་བཤད་རྒྱུར། ཁྲིམས་སྐྱོང་སྲིད་འཛིན་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུ་ནི་ཏང་ཡོན་ལས་བྱེད་པའི་ངེས་པར་དུ་སྦྱོང་དགོས་པ་ཞིག་རེད། ཁོས་བསྟན་དོན། ཚོགས་ཆེན་ཐེངས་དགུ་པ་ལས་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་མགོ་ཁྲིད་ཚན་ཆུང་བཙུགས་པ་དང་། ཁྲིམས་སྐྱོང་གི་ཀྲུང་གོ་འཛུགས་སྐྲུན་གྱི་གཅིག་གྱུར་མགོ་ཁྲིད་ལ་ཤུགས་སྣོན་བྱས་ཏེ། དུས་རབས་གསར་བའི་ཁྲིམས་འཛིན་བཅོས་སྒྱུར་དང་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་བྱེད་སྟངས་གསར་བ་མངོན་དགོས་ལ། སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྒྲིག་ལམ་ལྟར་ཏང་བཅོས་སྐྱོང་བྱེད་པ་གཉིས་ཕན་ཚུན་ལ་སྐུལ་འདེད་བྱེད་དགོས་ཟེར།
དུས་རབས་གསར་བས་ལས་འགན་གསར་བ་བཏོན་ཡོད་ལ། འགན་འཁྲི་གསར་བས་བྱེད་སྟངས་གསར་བར་འབོད་སྐུལ་བྱས།
“དེ་སྔོན་ང་ཚོས་འཇོན་ཐང་ཞན་པའི་དངངས་འཚབ་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་། ད་ལྟ་འཇོན་ཐང་ཇེ་མཐོར་གཏོང་བའི་ཐད་ལ་རེ་བ་འདོན་བཞིན་ཡོད། དེ་ནི་མགོ་ཁྲིད་ལས་བྱེད་པའི་ནུས་པ་རིམ་སྤར་བྱས་པ་རེད།”ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའམ་ཧྲང་ཧེ་ཅིན་ཧྲིན་སྡོད་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲའོ་བཱེ་ཞིན་གྱིས་བཤད་རྒྱུར། འཇོན་ཐང་ཆེ་བའི་སྲིད་འཛིན་ཏང་ཡོད་ཚེ་ད་གཟོད་མི་ཕམ་པའི་གནས་སུ་རྐང་འཛུགས་ཐུབ་པ་དང་། ཏང་ཡོན་མགོ་ཁྲིད་ལས་བྱེད་པར་འགན་འཁྲི་ལྕི་མོ་དང་དུ་ལེན་ཕོད་པའི་སྤོབས་སེམས་དགོས་པར་མ་ཟད་། ད་དུང་ལས་སྒྲུབ་གྱི་འཇོན་ཐང་ཆེ་ཆེར་ལྡན་ཚེ། ཏང་ཐོག་མཐའ་བར་གསུམ་དུ་མགོ་ཁྲིད་ཀྱི་སྲོག་ཤིང་བརྟན་པོར་འགྱུར་བར་ཁག་ཐེག་བྱེད་དགོས་ཟེར།
ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་བྱ་བ་དམ་འཛིན་ནན་མོ་བྱས་ཏེ། ཁྱོན་ཡོངས་ནས་ཏང་གཟབ་ནན་སྒོས་བཅོས་སྐྱོང་བྱེད་པ་དེ་ནམ་ཡང་ལྷོད་གཡེང་དུ་གཏོང་མི་རུང་།
ཟླ་བཅུ་བའི་ཚེས་ཉེར་བདུན་ཉིན། སྐབས་བཅུ་དགུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚོགས་འདུ་བསྡུས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུར་ཞིབ་འཇུག་བཀོད་སྒྲིག་བྱས་པ་དང་། ཡིག་ཆ་གལ་ཆེན«ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་གཏན་འཁེལ་བརྒྱད་ཀྱི་ལག་བསྟར་སྲོལ་ཞིབ་ལག་ལེན་དངོས་འབེབ་བྱེད་པ»གྲོས་ཞིབ་བྱུང་།
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་གྲོལ་རྗེས་ཀྱི་ཉིན་གསུམ་པར། སྐབས་གསར་བའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དངོས་འབེབས་གཏིང་ཟབ་བྱེད་པའི་གྲོས་ཚོགས་ཐོག་མ་བསྡུས་པ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ་སྤྱོད་ཚུལ་འཛུགས་སྐྲུན་ནམ་ཡང་རྫོགས་མཐའ་མེད་ལ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་བྱེད་པ་ནམ་ཡང་རྫོགས་མཐའ་མེད་ཅེས་ནན་གྱིས་བསྟན།
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས“གྲུབ་འབྲས་ཁྱད་འཕགས”ཞེས་ཡིག་འབྲུ་བཞི་ཡིས་འདས་ཟིན་པའི་ལོ་ལྔའི་རིང་ཁྱོན་ཡོངས་ནས་ཏང་གཟབ་ནན་སྒོས་བཅོས་སྐྱོང་བྱས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་གནང་བ་དང་། “རུལ་སུངས་ནི་ང་ཚོའི་ཏང་གིས་ཁ་གཏད་པའི་འཇིག་སྐུལ་གཙོ་བོ་ཡིན་ལ།”“རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནས་བབ་སྔར་བཞིན་རྙོག་འཛིང་ཆེ།”
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་རྣམས་དང་མཉམ་དུ་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་སྐབས་ཡང་བསྐྱར་ཏང་ཡོངས་ལ་བསླབ་བྱ་གནང་སྟེ་གསུང་རྒྱུར། “ཁྱོན་ཡོངས་ནས་ཏང་གཟབ་ནན་སྒོས་བཅོས་སྐྱོང་བྱེད་པ་དེ་རྫོགས་མཐའ་མེད་ལ། དམ་འཛིན་ལེགས་པོ་བྱས་ཏེ་ལྷོད་གཡེང་གཏན་ནས་བྱེད་མི་རུང་།”
ཡུན་རིང་འབད་བརྩོན་དང་ལེགས་སྒྲུབ་ལེགས་འགྲུབ་བྱས་ཏེ། སྲ་ཞིང་བརྟན་པའི་ཆོད་སེམས་ཀྱིས་ཏང་ཁྱོན་ཡོངས་ནས་ནན་མོར་སྐྱོང་བ་གཏིང་ཟབ་ཏུ་འཕེལ་རྒྱས་སུ་བཏང་ནས། རུལ་སུངས་ངོ་རྒོལ་འཐབ་རྩོད་ཀྱི་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ལེན་དགོས།
ལའོ་ཉིན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཏིན་ཧྲོན་ཧྲིན་གྱིས་བཤད་རྒྱུར། “ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཏང་གི་སྒྲིག་ཡིག་ལས་བཏོན་པའི་ལྟ་སྐུལ་ལག་བསྟར་དང་འགན་འཁྲི་རྩད་གཅོད་ལག་བསྟར་ནན་མོ་བྱས་ཏེ། དུས་ནམ་ཡང་མདུན་དུ་སྐྱོད་པའི་སྙིང་རུས་དང་བརྩོན་སེམས་ལ་བརྟེན་ནས། སྲོལ་བསྲིང་ཁྲིམས་གཅུན་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས།”ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ནས། བཀག་སྡོམ་ཁུལ་མེད་པ་དང་ཕྱོགས་ཡོངས་ལ་ཁྱབ་པ། ཐར་པར་གཏན་ནས་མི་གཏོང་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་། བཀག་སྡོམ་གཙིགས་སུ་འཛིན་པ་དང་། མཐོ་གནོན་ལ་ཤུགས་སྣོན་པ། འཛེམ་དོགས་ཡོད་པར་བྱེད་པ། ལྷོད་གཡེང་མི་བྱེད་པ། མཚམས་མི་འཇོག་པ། ཡང་བསྐྱར་འཛིན་པ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། འབད་བརྩོན་ལྷོད་མེད་བྱས་ན་དུས་བདེ་ཞོད་འཇགས་དང་མངོན་གསལ་དུ་འགྱུར་སྲིད།
ཡུན་རིང་འབད་བརྩོན་དང་ལེགས་སྒྲུབ་ལེགས་འགྲུབ་བྱས་ཏེ། ངེས་པར་དུ་མང་ཚོགས་ཀྱི་རེ་སྒུག་དང་བསྟུན་ནས། ཁྱོན་ཡོངས་ནས་ཏང་གཟབ་ནན་སྒོས་བཅོས་སྐྱོང་བྱེད་པ་དེ་གཞི་རིམ་དུ་ལག་བསྟར་བྱེད་པར་སྐུལ་འདེད་བྱེད་པ་དང་། དངོས་གནས་མང་ཚོགས་ཀྱི་ཐོབ་ཚོར་ཇེ་མཐོར་གཏོང་དགོས།
ཅང་ཞི་ཞིང་ཆེན་ཡུས་ཡཱང་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཅཱང་ཞིན་བཱེ་ཡིས་བཤད་རྒྱུར། “མང་ཚོགས་ཀྱི་ཉེ་འགྲམ་གྱི་རུལ་སུངས་ལེགས་བཅོས་བྱེད་པའི་ཐད་ནས། འདས་ཟིན་པའི་ལོ་ལྔའི་རིང་གི་འབད་འབུངས་བྱ་སྤྱོད་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་བཏོན་པས་མི་དམངས་མང་ཚོགས་ཀྱིས་གང་དག་ལ་ངོ་རྒོལ་བྱེད་པ་དང་གང་དག་ལ་ཞེ་སྡང་ལངས་པའི་གནས་ཚུལ་ལྟར། ང་ཚོས་སྔོན་འགོག་དང་ལེགས་བཅོས་བྱེད་པའི་རེ་བ་རྒྱུན་འཁྱོངས་བྱས་ཏེ། ཁ་ཕྱོགས་སྔར་ལས་ཡང་དག་པ་དང་། གཙོ་གནད་ཀྱི་ཁྱབ་ཁོངས། ལས་གཞི་གཙོ་བོ་དང་མང་ཚོགས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་དམངས་ཚིས་བཟོ་སྐྲུན་གཅིག་བསྡུས་བྱས་ནས། ཁྱབ་ཁོངས་དགར་བ་དང་རིགས་དགར་ཏེ། ཆེད་དུ་བཅོས་སྐྱོང་བྱ་བ་ནན་འཛིན་བྱེད་པ་དང་། དངོས་གནས་མང་ཚོགས་ཀྱི་གྱོང་གུད་སེལ་བ་དང་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས”ཟེར།
ཡུན་རིང་འབད་བརྩོན་དང་ལེགས་སྒྲུབ་ལེགས་འགྲུབ་བྱས་ཏེ། ངེས་པར་དུ་བཅོས་སྒྱུར་གསར་སྐྲུན་གྱི་སྙིང་སྟོབས་ཀྱིས་ཏང་གི་དུས་ཡུན་རིང་བོའི་སྲིད་འཛིན་ཆ་རྐྱེན་འོག་རང་ཉིད་ལྟ་སྐུལ་དོ་དམ་གྱི་དཀའ་གནད་ཐག་གཅོད་བྱེད་དགོས་པ་དང་། ཏང་གི་རང་གིས་རང་གཙང་སེལ་བྱེད་པ་དང་རང་གིས་རང་འཐུས་སྒོ་ཚང་དུ་གཏོང་བ། རང་གིས་རང་གསར་བཅོས་བྱེད་པ། རང་གིས་རང་མཐོར་འདེགས་གཏོང་བའི་ནུས་ཤུགས་མུ་མཐུད་དུ་ཇེ་མཐོར་གཏོང་དགོས།
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ལས་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་དགོས་པ་བཏོན་ཡོད་པ་དང་། རྒྱལ་ཁབ་ཀྱི་ལྟ་ཞིབ་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་མངོན་གསལ་བྱས་ཡོད། ཉེ་ལམ། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་ཇུས་གཞི་འགྲེམ་སྤེལ་བྱས་ཏེ། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་རུ་རྒྱལ་ཁབ་ལྟ་ཞིབ་ལམ་ལུགས་བཅོས་སྒྱུར་ཚོད་ལྟའི་གནས་འཛུགས་པར་བཀོད་སྒྲིག་བྱས་ཡོད།
ཀྲེ་ཅང་ཞིང་ཆེན་དི་ཆིན་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། རྫོང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐེན་པིན་གྱིས་བཤད་རྒྱུར། ངེས་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལྟར། ལྟ་ཞིབ་ལམ་ལུགས་བཅོས་སྒྱུར་བྱ་བ་སྔར་ལས་གཏིང་ཟབ་ཏུ་སྤེལ་ཏེ། ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཁྲིམས་འཛིན་ལས་ཁུངས། ཁྲིམས་འཛིན་ལས་ཁུངས་ཀྱི་ཁུངས་སྣེ་ཐག་གཅོད། བདེན་དཔང་བཀོལ་སྤྱོད། གྱོད་དོན་སྐྱེལ་བ་སོགས་ཐད་ཀྱི་མཐུན་སྦྱོར་སྦྲེལ་མཐུད་ལམ་ལུགས་འཚོལ་ཞིབ་བྱས་ཏེ་འཛུགས་པ་དང་། གཟེར་བརྡབ་ཀྱི་སྙིང་སྟོབས་ཀྱིས་བྱ་བ་སྣ་ཚོགས་ཞིབ་མོར་སྒྲུབ་ཏེ། རྣམ་པ་གསར་བ་དང་བྱེད་སྟངས་གསར་བས་བཅོས་སྒྱུར་ཐད་གྲུབ་འབྲས་གསར་བ་ལེན་དགོས་ཟེར།
དུས་རབས་གསར་བར་དཔའ་ངར་གྱིས་མདུན་སྐྱོད་བྱས་ཏེ། ལོ་རྒྱུས་ཀྱི་ལམ་བུ་གསར་བར་སྙེག་དགོས།
བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་མགོ་ཁྲིད་འོག ང་ཚོའི་ཏང་གིས་ངེས་པར་དུ་ཏང་གི་བདེ་ཐང་ལ་སླད་སྐྱོན་ཤོར་བའི་ནད་དུག་མུ་མཐུད་དུ་གཙང་སེལ་བྱས་ཏེ། ནུས་ཤུགས་ཡོད་དགུས་སྤྱོད་བཟང་དར་སྤེལ་གྱི་ཆབ་སྲིད་འཚོ་བ་བསྐྲུན་ནས། ཏང་ཡོངས་ཀྱི་ནུས་ཤུགས་ཡོད་ཚད་དང་སྤྱི་ཚོགས་ཡོངས་ཀྱི་ནུས་ཤུགས་གཅིག་ཏུ་བསྡུས་ནས་ཀྲུང་གོའི་འཕེལ་རྒྱས་ཐད་སྟོབས་ཤུགས་ཡོད་ཚད་འབུལ་རྒྱུ་ཡིན།
ལོ་ཙཱ་བ། སྒྲོལ་མ་སྐྱིད། ཤ་བོ་རིན་མཚོ།