དར་དམར་སྒྲོག་བཤད་ཚོགས་པས་གཞི་རིམ་དུ་གཏམ་བཟང་བསྐྱལ།
2017.12.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 31

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ནས་ལམ་ལ་ཆས་ཤིང་རི་ལམ་ཀྱ་ཀྱུ་དེད་དེ་ལྷོ་ཕྱོགས་སུ་སྤྱི་ལེ་དྲུག་ཅུ་ལྷག་སོང་ན་ཁོད་ཡངས་པའི་སྣུམ་ཞལ་ལམ་ཞིག་བརྒྱུད་དགོས་ཀྱི་ཡོད་པ་དང་། དེར་ཐོན་ཐོན་དུས་ཁང་ཀླད་དམར་པོ་དང་གྱང་རྩི་དཀར་པོ་བྱུགས་པའི་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཁང་པ་མང་པོ་ཞིག་མིག་ལམ་དུ་མངོན་ཡོང་བ་ནི་གཅན་ཚ་ཐང་ཞང་ས་དཀར་ཉག་ཁའི་དབུལ་སྐྱོར་འདུས་སྡོད་ལྟེ་གནས་རེད།

ཁང་པ་གསར་བར་གནས་སྤར་བའི་ཚེ་རིང་བཀྲ་ཤིས་ཀྱིས་སྔ་མོ་ནས་རང་ཁྱིམ་གྱི་གཞི་མ་གསར་བའི་སྒོ་ཁ་ནས་སྒུག་འདུག་པ་དང་། དར་དམར་སྒྲོག་བཤད་ཚོགས་པའི་སྒྲོག་བཤད་དགེ་རྒན་རྣམས་མཉམ་འབྲེལ་ཏང་ཀྲི་པུའུ་ཡི་ཐོག་ཁང་དུ་འོང་བཞིན་པ་མཐོང་མ་ཐག ཁོ་རང་གོམ་སྟབས་མྱུར་མོར་ཚུར་ཡོང་སྟེ་གདོང་ལ་འཛུམ་གྱིས་ཁེངས་ནས་མགྲོན་པོ་རྣམས་ཁང་པའི་ནང་དུ་བསུས།

ལོ་འདི་ཚོར་ང་ཚོའི་འཚོ་བའི་ཐད་འགྱུར་ལྡོག་ཆེན་པོ་བྱུང་། དེ་རིང་དར་དམར་སྒྲོག་བཤད་ཚོགས་པ་འདིར་ཡོང་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་བཤད་བྱེད་པར་ངས་ཅི་ནས་ཀྱང་གསལ་ཐག་ཆོད་པ་ཞིག་ཉན་དགོས་པར་མ་ཟད། སྒྲོག་བཤད་ཚོགས་པའི་དགེ་རྒན་རྣམ་པ་དང་མང་ཚོགས་རྣམས་ངའི་ཁྱིམ་དུ་བསུས་ནས་དེ་གར་ཡང་སྒྲོག་བཤད་དང་བགྲོ་གླེང་ཐེངས་གཅིག་བྱེད་དུ་འཇུག་རྒྱུ་ཡིན་ཟེར། ཏག་ཏག་དུས་ཚོད་ཕྱེད་ཀའི་ཡར་སྔོན་དུ་སྡེ་བའི་ལས་བྱེད་པ་འདེམས་བསྐོ་བྱེད་པའི་ཚོགས་ཆེན་དུ་ཞུགས་ནས་ཚར་རུང་ཡིན་པའི་ཚེ་རིང་བཀྲ་ཤིས་ཀྱིས་མཉམ་འབྲེལ་ཏང་ཀྲི་པུའུ་ཡི་སུམ་ཐོག་གི་གྲོས་ཚོགས་ཁང་དུ་སེམས་ཞིབ་མོས་སྒྲོག་བཤད་ཚོགས་པའི་དགེ་རྒན་རྣམས་ཀྱིས་ལོ་བ་སྡེ་བའི་སྡེ་མི་རྣམས་ལ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གསོན་ཉམས་ལྡན་པའི་སྒོ་ནས་དྲིལ་སྒྲོག་ཐེངས་ཤིག་བྱས་པར་ཉན་པ་དང་། དེ་ནས་ཚེ་རིང་བཀྲ་ཤིས་ཀྱིས་གདན་ཞུ་བྱས་པ་ལྟར་སྒྲོག་བཤད་ཚོགས་པས་ཡང་བསྐྱར་སྐར་ལྔ་སྡེ་བ་ནས་ཀྱང་སྒྲོག་བཤད་ཐེངས་གཅིག་བྱས་པ་རེད།

གསེར་མདོག་གི་སྟོན་དུས་སུ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་བཤད་བྱེད་པའི་བྱ་བར་སྐུལ་འདེད་བྱེད་པའི་གྲོས་ཚོགས་སྟེང་། ཁུལ་ཡོངས་ཀྱི་སྒྲོག་བཤད་བྱ་བའི་སྔོན་ཐོན་སྡེ་ཁག་ཉེར་གཅིག་དང་སྔོན་ཐོན་མི་སྒེར་སོ་བཞི་བཅས་ལ་གཟེངས་བསྟོད་བྱས་པ་དང་། རྨ་ལྷོ་ཁུལ་དར་དམར་སྒྲོག་བཤད་ཚོགས་པར་དར་ཆ་གནང་པར་མ་ཟད། དར་དམར་སྒྲོག་བཤད་ཚོགས་པའི་ཁོངས་མི་རྣམས་ལ་གདན་ཞུའི་ཡི་གེ་གནང་།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྲོད་དུ་མི་དམངས་ཞེས་པའི་ཡི་གེ་དེ་གཉིས་ཐེངས་ཉིས་བརྒྱ་ཙམ་བཏོན་ཡོད་པ་དང་། དེ་ལས་སྙན་ཞུའི་དགོངས་དོན་གཙོ་བོ་དེ་མི་དམངས་མང་ཚོགས་ཀྱི་ཁ་རྒྱབ་འཚོ་བའི་གནད་དོན་དང་ཇི་འདྲའི་བར་ཐག་ཉེ་བ་ཤེས་ཐུབ། དེ་བས་དར་དམར་སྒྲོག་བཤད་ཚོགས་པའི་ཁོངས་མི་ཞིག་ཡིན་པའི་ངོས་ནས་ཏང་གི་སྲིད་ཇུས་བཟང་བོ་དེ་མི་དམངས་མང་ཚོགས་རེ་རེར་བརྒྱུད་སྒྲོག་བྱས་ཚེ་ད་གཟོད་ང་ཚོའི་སེམས་ཁམས་དེ་བདེ་ལ་འབབ་ཐུབ་ཅེས་དར་དམར་སྒྲོག་བཤད་ཚོགས་པའི་ཁོངས་མི་གཅན་ཚ་རྫོང་ཏང་གི་སློབ་གྲྭའི་སྒྲོག་བཤད་དགེ་རྒན་ཨ་ཀླུ་མོ་མཚོ་ཡིས་བཤད།
ཏག་ཏག་ཟླ་གཅིག་གི་དུས་ཚོད་ནང་དུ། དར་དམར་སྒྲོག་བཤད་ཚོགས་པའི་ཁོངས་མི་རྣམས་ལ་ཁོམ་ལོང་ཅུང་ཙམ་ཡང་མེད་པར་རྩེ་ཆུ་རྩྭ་ཐང་ནས་རྨ་ལྷོ་སོག་རྫོང་དང་། གསེར་ལྗོངས་རེབ་གོང་ནས་མཛེས་པའི་གཅན་ཚའི་བར་གྱི་ས་ཆ་སོ་སོ་ནས་མི་དམངས་མང་ཚོགས་ཀྱིས་གོ་བདེ་ཞིང་ཉན་སྤྲོ་བའི་ཐབས་ལམ་སྤྱད་དེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་བཤད་བྱས་པར་མི་དམངས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ།

སྒྲོག་བཤད་བྱེད་མགོ་བརྩམས་བྱུང་། སྒྲོག་བཤད་ཚོགས་པའི་དགེ་རྒན་ཚོ་དང་སྡེ་མི་རྒན་པ་རྣམས་ཚ་ཐབ་སྟེང་འཁོད་རྗེས་ཁོ་ཚོ་རེ་རེར་ཇ་ཚ་མོ་དཀར་ཡོལ་གང་རེ་བླུགས་པ་དང་། དེ་ནས་ཚེ་རིང་བཀྲ་ཤིས་དང་སྡེ་མི་སྐོར་ཅིག་ཀྱང་ཁྱིམ་གྱི་ལྕགས་ཐབ་ཀྱི་འགྲམ་དུ་ཙོག་ཏེ་གཅན་ཚ་ཐང་ཞང་གི་ཏང་ཨུའི་ཧྲུའུ་ཅི་དཔའ་འབྲུག་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་བཤད་བྱེད་པར་ཉན་བཞིན་འདུག

ལོ་འདི་གཉིས་ཀྱི་ནང་ཕྱུགས་གྲངས་ཇེ་ཉུང་དུ་གཏོང་བའི་རྩ་དོན་ལྟར་དང་ཐོན་ལས་འཕེལ་རྒྱས་སུ་འགྲོ་བའི་དགོས་མཁོའི་ཆེད་དུ་རི་མགོ་ནས་གཅིག་བསྡུས་ཀྱིས་ས་དཀར་ཉག་ཁར་གནས་སྤར་བྱས་པ་འདིས་ང་ཚོའི་འཚོ་བའི་ཐད་སྔོན་ལ་མེད་པའི་འཕེལ་རྒྱས་ཆེན་པོ་བྱུང་། རྗེས་ཕྱོགས་ཀྱི་འཚོ་བའི་ཁྲོད་དུ་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་སྔར་བས་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་རྒྱུ་ཡིན་པས་ང་ཚོས་ཏང་དང་རྒྱལ་ཁབ་ལ་དྲིན་གཟོ་དགོས་ན་ཚང་མས་སྟོབས་ཤུགས་གཅིག་སྒྲིལ་དང་། མི་རེ་རེ་ནས་འབད་བརྩོན་བྱེད་པ་དང་བསམ་བློ་ཞིབ་མོ་བཏང་སྟེ་རང་ཉིད་ཀྱི་ཕ་ཡུལ་དེ་སྔ་མོ་ནས་དབུལ་ཐར་ཕྱུག་འགྱུར་བྱེད་པརསེམས་ཤུགས་ཆེན་པོ་འདོན་དགོས་ཞེས་གཅན་ཚ་ཐང་ཞང་གི་ཏང་ཨུའི་ཧྲུའུ་ཅི་དཔའ་འབྲུག་གིས་བཤད།

ང་ཚོ་གནས་སྤོར་བྱས་རྗེས་སུ་འཚོ་བ་སོགས་ཕྱོགས་གང་ཅིའི་ཐད་ནས་ཅུང་བཟང་མོད། ཆད་ལྷག་ཅིག་ཡོད་པ་ནི་སྡེ་བ་ཐུན་མོང་ལ་དབང་བའི་དཔལ་འབྱོར་གྱི་ཡོང་སྒོ་ཞིག་མེད་པ་དེ་རེད། ངས་བསམ་ན་སྡེ་བའི་ནང་དུ་ནོར་ལུག་གསོ་སྤེལ་དང་ཕྱུགས་ལས་ཐོན་རྫས་ལས་སྣོན་བྱེད་སའི་མཉམ་ལས་ཁང་ཞིག་འཛུགས་ཐུབ་པར་གྱུར་ཚེ། ང་ཚོའི་རྗེས་ཕྱོགས་ཀྱི་འཚོ་བ་སྔར་ལས་འབྱོར་ཕྱུག་ལྡན་པར་འགྱུར་ཐུབ་ངེས་རེད། ཏག་ཏག་ཉིན་དེར་སྡེ་བའི་ཀྲི་པུའུ་ཧྲུའུ་ཅིར་བདམས་པའི་སྙིང་དཀར་རྣམ་རྒྱལ་གྱིས་དེ་ལྟར་བཤད། ཁོས་བལྟས་ན་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ནི་སྐར་ལྔ་སྡེ་བ་ཕྱུག་འགྱུར་དང་འབྱོར་འབྲིང་འཚོ་བའི་ལམ་དུ་བསྐྱོད་པའི་ལམ་བུ་ཉག་གཅིག་ཡིན་ཞིང་། ནོར་ལུག་གསོ་སྤེལ་དང་ཕྱུགས་ལས་ཐོན་རྫས་ལས་སྣོན་བྱེད་རྒྱུ་དེ་འབྲོག་པ་ཚོར་ཆ་མཚོན་ནས་བཤད་ནའང་ཅུང་བྱང་ཆ་ལྡན་པའི་ལས་ཤིག་རེད། དེའི་སྟབས་ཀྱིས་རྗེས་ཕྱོགས་སུ་ཁོའི་ལུས་སེམས་གཉིས་ཀྱི་སྟོབས་ཤུགས་གཙོ་བོ་དེ་མཉམ་ལས་ཁང་ཞིག་འཛུགས་པའི་ཐད་བཀོལ་རྩིས་འདུག

ཤེས་མེད་ཚོར་མེད་ཀྱི་ངང་ནས་ཉི་མ་ནུབ་རིར་ཡོལ་གྱིན་འདུག་ནའང་སྤྲོ་སེམས་འཁོལ་བའི་བགྲོ་གླེང་དེ་ད་དུང་མུ་མཐུད་དུ་བྱེད་བཞིན་འདུག

གནམ་མཐའ་མུན་པས་གཡོགས་ནས་ས་རུབ་ལ་ཉེ་ཞིང་། དགའ་སྤྲོའི་དགོད་སྒྲ་དང་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་སྐར་ལྔ་སྡེ་བའི་སྡེ་མི་རྣམས་ཀྱིས་སྒྲོག་བཤད་ཚོགས་པའི་དགེ་རྒན་རྣམ་པ་རླངས་འཁོར་དུ་བསྐྱལ་ནས་ལམ་འཇུག་བྱེད་བཞིན་འདུག

སྒྲོག་བཤད་བྱེད་པའི་བྱ་བ་འདི་ནི་ཕར་བལྟས་ཚོད་ཀྱིས་ཅུང་སླ་མོར་སྣང་ཡང་། དོན་གྱིས་ཡང་དག་པའི་སྲིད་ཇུས་ཀྱི་དགོངས་དོན་ངོ་མ་དེ་མི་དམངས་མང་ཚོགས་ཀྱི་སེམས་སུ་གསལ་བོར་ཤེས་རྟོགས་འབྱུང་དུ་འཇུག་རྒྱུ་ནི་དེ་འདྲའི་ལས་སློ་མོ་ཞིག་མ་རེད། ང་ཚོ་དར་དམར་སྒྲོག་བཤད་ཚོགས་པ་ཐོག་མར་བཙུགས་ནས་ཟླ་ངོ་གཅིག་གི་རིང་ལ་ང་ཚོས་གཞུང་ལུགས་དང་རིག་རྩལ་འཁྲབ་སྟོན། བཞུགས་མོལ་ཚོགས་འདུ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་དེ་རྫོང་ཡོངས་སུ་སྒྲོག་བཤད་ཐེངས་བཅུ་ཕྲག་ཁ་ཤས་བྱས། ཐེངས་རེ་རེར་མི་དམངས་མང་ཚོགས་ཀྱིས་ང་ཚོར་དགའ་བསུའི་ཐལ་མོ་རྡེབ་དུས་ད་གཟོད་ང་ཚོའི་སེམས་ཀྱང་ཅུང་བདེ་ལ་འབབ་ཐུབ་ཀྱི་འདུག དྲིལ་སྒྲོག་ཚོགས་པའི་ཚོགས་མི། གུང་གཞོན་ཚོགས་པ་གཅན་ཚ་རྫོང་ཏང་ཨུའི་ཧྲུའུ་ཅི་མཱ་ཧེ་ཧྥུུན་གྱིས་ཕྱིར་རྫོང་མཁར་དུ་ལོག་པའི་ལམ་བར་ནས་དེ་ལྟར་བཤད་བྱུང་།

ལོ་ཙཱ་བ། གཡང་འབུམ་རྒྱལ།