མཚོ་སྔོན་བོད་ཁུལ་མཐུན་སྦྱོར་འཕེལ་རྒྱས་ཁྲོད་གོམ་པ་བརྟན་པོས་མདུན་དུ་བསྐྱོད་པ།
2017.12.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 37

 ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་པའི་ཚུན་ལ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཤིང་། “ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ལ་དམིགས་པ་དང“བསྒྱུར་བ་བཞི”ཡི་རིགས་ལམ་གསར་པས་སྣེ་ཁྲིད་དེ། ཞིང་ཆེན་ཡོངས་ཀྱི་བོད་ཁུལ་མཐུན་སྦྱོར་འཕེལ་རྒྱས་ཁྲོད་གོམ་པ་རེ་རེ་བཞིན་མདུན་དུ་བསྐྱོད་བཞིན་ཡོད།

མཚོ་སྔོན་བོད་ཁུལ་གྱིས་མི་འདང་སར་དམིགས་ནས་མྱུར་དུ་རྨང་གཞིའི་སྒྲིག་བཀོད་ཁ་གསབ་བྱས་པ།

ང་ཚོ་གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་རྒྱ་ཡེ་སྡེ་བའི་འབྲོག་པ་ཚེ་རིང་གི་ཁྱིམ་དུ་ཐོན་པ་ན། ཁོ་ཚང་གིས་ཁང་བ་ཐོག་ཁང་ཉིས་བརྩེགས་ཅན་ཞིག་ལས་ཡོད་ལ། ཁང་བའི་ནང་ཡངས་ཤིང་གསལ་ལ་སྐྱིད་སྣང་ཞིག་ངང་གིས་སྦྱིན་ཡོང་།

ཚེ་རིང་གིས་གསར་འགོད་པར་བཤད་རྒྱུར། སྔོན་ཆད་སྡེ་མི་རྣམས་ཐར་ཐོར་དུ་གནས་པས་ཆུ་དང་གློག་འཐེན་མེད། འབྲོག་པའི་གཏན་སྡོད་བཟོ་འགོད་ལག་བསྟར་བྱས་པ་བརྒྱུད་ཁོད་ཡངས་ལ་གསལ་བའི་ཉི་འོད་དྲོད་ཁང་འདིའི་ནང་སྤར་བ་ཡིན། མུས་གྲུ་བཞི་མ་བརྒྱ་དང་ཉི་ཤུ་ཡོད་པའི་ཐོག་ཁང་ཉིས་བརྩེགས་འདི་ལས་པར་སྒོར་ཁྲི་འགའ་ལས་བཏང་མེད། ད་ལྟ་རྒྱལ་ཁབ་ཀྱི་སྲིད་ཇུས་ངོ་མ་བཟང་གི ང་ཚོ་འབྲོག་པ་མང་ཚོགས་ཀྱིས་སྲིད་ཇུས་ཀྱི་དྲོད་ཁོལ་ལོངས་སྤྱོད་བྱེད་ཐུབ་ཡོད་ཅེས་བཤད།

ཉེ་བའི་ལོ་འགའི་རིང་། སྔ་གཞུག་ཏུ་ལས་གཞི་ཆེན་པོ་སྐོར་དང་སྐོར་བྱས་ཏེ་ལག་བསྟར་བྱས་པ་དང་། མ་དངུལ་འབོར་ཆེན་གཅིག་རྗེས་གཉིས་མཐུད་དུ་བཏང་བ་བརྒྱུད། མཚོ་སྔོན་བོད་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཤུགས་ཚད་ཉིན་རེ་བཞིན་ཆེ་རུ་ཕྱིན་ལ། བོད་ཁུལ་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའང་ཉིན་རེ་བཞིན་ཇེ་བཟང་ནས་ཇེ་བཟང་དུ་འགྱུར་བཞིན་ཡོད།

ཞིང་ཆེན་ཡོངས་ཀྱིས་མི་འདང་སར་དམིགས་ཏེ་མྱུར་དུ་རྨང་གཞིའི་སྒྲིག་བཀོད་ཐད་ཁ་གསབ་བྱས་པ་དང་། སྡེ་ཁག་ཚང་མས་མཉམ་འབྲེལ་དང་གོང་འོག་ཕན་ཚུན་རམ་འདེགས་བྱས་འོག་འགྲིམ་འགྲུལ་དང་ནུས་ཁུངས། ཆུ་བེད་སོགས་ལས་གཞི་ཆེན་པོ་སྐོར་ཞིག་སྔ་མོ་ནས་ཇུས་འགོད་བྱས་པ་དང་། སྲིད་ཇུས་འབྲེལ་མཐུད་དང་ལས་གཞི་འབྲེལ་མཐུད་སྒྲུབ་ཅི་ཐུབ་བྱས་པས། བོད་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡང་བསྐྱར་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་བྱས།

དེ་ནས་ཡང་མགོ་ལོག་གནམ་གྲུ་ཐང་ལེགས་འགྲུབ་བྱུང་སྟེ་གནམ་གྲུ་ཤར་གཏོང་བྱས་པ་དང་། ཚྭ་ཁ་གྲོང་རྡལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་ཆུང་ནང་ཚུད་པ། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱི་སྟོང་ཝ་རིམ་པ་བྱེ་བ་ཅན་གྱི་ནུས་ཁུངས་དཔེ་སྟོན་རྟེན་གཞི་ལེགས་འགྲུབ་བྱུང་བ། དྭངས་གཙང་གི་ནུས་ཁུངས་ཐོག་མར་ཞིང་ཆེན་གཞན་ལ་བསྐྱལ་བ། འོད་ཧྥུ་འཕྲུལ་འཁོར་སྟོང་ཝ་ས་ཡ་བདུན་ལ་ཉེ་བ་སོགས་མགོ་ལོག་གི་རྫོང་གསུམ་གྱི་གློག་དྲ་སྦྲེལ་བའི་བཟོ་འགོད་བདེ་བླག་ངང་ལེགས་འགྲུབ་བྱུང་སྟེ། ཞིང་ཆེན་ཡོངས་ཀྱི་གློག་དྲ་རྫོང་ཁོངས་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱུང་བའི་འཕྲིན་བཟང་རབས་དང་རིམ་པ་བསྒྲགས་ཡོང་།

ད་ལྟ། བོད་ཁུལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་མྱུར་དུ་ཆགས་བཞིན་པའི་སྒང་ཡིན།

ཆི་ལེན་གནམ་གྲུ་ཐང་དང་ན་གོར་མོ་གནམ་གྲུ་ཐང་བཅོས་བསྒྱུར་དང་རྒྱས་སྐྲུན་བྱེད་པའི་བཟོ་འགོད་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས། ན་གོར་མོ་ནས་ཏུང་ཧོང་དང་། ན་གོར་མོ་ནས་ཁུར་ལེ། མཚོ་བོད་ལྕགས་ལམ་ན་གོར་མོ་ནས་ལྷ་སའི་ལམ་མཚམས་ཀྱི་ནུས་ཁུངས་ཐོན་སྐྱེད་སྒྱུར་བཀོད་བཟོ་འགོད་མྱུར་དུ་སྤེལ་བཞིན་ཡོད་པ་དང་། ཟི་ལིང་ལྟེ་གནས་བྱས་ཏེ་བོད་ཁུལ་གྱི་ཁུལ་དྲུག་ཏུ་སྦྲེལ་བའི་མྱུར་བགྲོད་གཞུང་ལམ་གྱི་སྒྲོམ་གཞི་ཕལ་ཆེར་ཆགས་ཟིན་ལ། བོད་ཁུལ་གྱི་ཁུལ་ལྟེ་གནས་དང་ཞིང་ཆེན་ལྟེ་གནས་བར་རིམ་པ་དང་པོའི་མྱུར་བགྲོད་གཞུང་ལམ་ཡོད་པ་དང་། རྫོང་བར་རིམ་པ་གཉིས་ཅན་གྱི་གཞུང་ལམ་ཡོད་པ་ཕལ་ཆེར་མངོན་འགྱུར་བྱུང་།

བོད་ཁུལ་གྲོང་རྡལ་ཅན་དུ་གཏོང་བའི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་སོང་བ།

ཉིས་སྟོང་བཅུ་དྲུག་ལོར། གྲོང་རྡལ་ཅན་གྱི་ཆུ་ཚད་བརྒྱ་ཆའི་ལྔ་བཅུ་ལྷག་ལ་སླེབས་པ་དང་། མཛེས་སྡུག་ལྡན་པའི་གྲོང་རྡལ་བཅུ་དྲུག་དང་། མཐོ་སྒང་གི་མཛེས་པའི་གྲོང་རྡལ་སུམ་བརྒྱ་འཛུགས་སྐྲུན་བྱེད་པའི་ལས་འགན་འགྲུབ་བྱས་པ་དང་། གུང་ཧོ་དང་ཐུན་རིན་སོགས་རྫོང་ལྔ་གྲོང་ཁྱེར་ཅན་དུ་འཛུགས་སྐྲུན་བྱེད་པའི་དུས་མགོའི་བྱ་བ་སྤེལ་བཞིན་པའི་སྒང་ཡིན།

བོད་ཁུལ་འཛུགས་སྐྲུན་ཐད་ནས་རྒྱུན་ཆད་མེད་པར་གོམ་སྟབས་གསར་པ་སྤོ་བཞིན་པ།

མཚོ་སྔོན་གྱིས་ལྷད་མེད་ནུས་ཁུངས་དཔེ་སྟོན་ཞིང་ཆེན་དངོས་སུ་འཛུགས་སྐྲུན་བྱེད་མགོ་བརྩམས་པ་སྟེ། དྲ་ལམ་ཡངས་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་ཚད་མྱུར་དུ་སྤེལ་བ་དང་། རྒྱལ་ཡོངས་ཀྱི་བོད་ཡིག་འཚོལ་བཤེར་མ་ལག་ཐོག་མ་སྟེ“ཡོངས་འཛིན”དངོས་སུ་བེད་སྤྱོད་བྱེད་མགོ་བརྩམས། དེ་དག་ཚང་མས་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྐུལ་འདེད་ནུས་པ་སྔར་ལས་ཇེ་དྲག་ཏུ་བཏང་བར་མ་ཟད། སྐྱེ་སྟོབས་ཀྱི་དཔལ་འབར་བའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་པར་བྱས་ཡོད།

རི་བོ་སྔོ་ཞིང་ཆུ་བོ་དྭངས་མོར་སྲུང་སྐྱོབ་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་མྱུར་དུ་འཛུགས་སྐྲུན་བྱས་པ།

ཕྱུགས་བསྐྱུར་རྩྭ་སྐྱོང་དང་རྩྭ་ས་ལྟར་ཕྱུགས་གྲངས་གཏན་འཁེལ་བྱེད་པ་དང་། རི་བཀག་ནགས་གསོ་བྱེད་པ་བཅས་ནི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་བཟོ་འགོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། རྩྭ་ཕྱུགས་དོ་མཉམ་དང་སྐྱེ་ཁམས་སྔོ་ཁེབས་སླར་གསོ། རྩྭ་ཐང་གི་གསོ་སྐྱོང་ནུས་པ་ཇེ་མཐོར་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད།

ཉེ་བའི་ལོ་འགའི་རིང་། «མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལམ་ལུགས་ཀྱི་སྤྱིའི་འཆར་གཞི»དང་«མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་འཁོར་རྒྱུག་དཔལ་འབྱོར་སྔོན་བསྐྱོད་ཁུལ་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་འཆར་གཞི»སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས། བྱེད་ཐབས་བཅས་རབ་དང་རིམ་པ་སྔ་གཞུག་ཏུ་གཏན་འབེབས་བྱས་ཤིང་ལག་བསྟར་བྱས་པར་མ་ཟད། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སོགས་པུའུ་ཨུ་དྲུག་ལ་ཡར་ཞུ་བྱས་ཏེ་ཆོག་མཆན་ཐོབ་རྗེས། «མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་སྔོན་བསྐྱོད་ཁུལ་གསར་སྐྲུན་བྱེད་པའི་འགུལ་སྐྱོད་འཆར་གཞི»ལག་བསྟར་བྱས་པས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་གསོན་ཤུགས་གསར་པ་བསྣན།

རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ད་དུང་«མཚོ་སྔོན་ཞིང་ཆེན་གྱི་བྱེད་ནུས་ཁུལ་གཙོ་བོའི་འཆར་འགོད»ནང་བཏོན་པའི་དམིགས་འབེན་གཙོ་བོ་དང་འཐབ་ཇུས་ལས་འགན་ལ་དམིགས་ཏེ། ས་གནས་སོ་སོས་གཏན་འཁེལ་བྱས་པའི་བྱེད་ནུས་ཁུལ་ལྟར་འཕེལ་རྒྱས་སྙེག་པར་སྐུལ་འདེད་བྱེད་ཅི་ཐུབ་བྱས་པས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་འཕེལ་རྒྱས་དང་ཡུན་རིང་འཕེལ་རྒྱས་ལ་ནུས་པ་གལ་ཆེན་ཐོན།

མིག་སྔར། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལམ་ཐིག་གཏན་འཁེལ་བྱས་ལ། གཏན་འཁེལ་བྱས་པའི་ལམ་ཐིག་གཞི་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་སྤྱིའི་གཞི་ཁྱོན་གྱི་བརྒྱ་ཆའི་སོ་བདུན་གྲངས་ཆུང་ལྔ་ཟིན། 《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོར་ཐོན་ལས་སྤེལ་ཆོག་མིན་གྱི་ཚོད་ལྟའི་བྱེད་ཐབས》གཏན་འབེབས་བྱས་པ་དང་། སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོར་གཞི་ཁྱོན་ཆེ་བའི་བཟོ་ལས་ཅན་གྱི་གྲོང་རྡལ་གསར་སྤེལ་བྱེད་པར་ཚོད་འཛིན་དང་། གནས་བབ་དང་བསྟུན་ནས་འོས་ཤིང་འཚམ་པའི་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། ས་གནས་ཀྱི་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་འཐོབ་པར་སྐུལ་འདེད་གཏོང་རྒྱུ་རེད།

དམངས་འཚོའི་དོན་ཆེན་ལ་དམིགས་ནས་རྒྱུན་ཆད་མེད་པར་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་པ།

དབུལ་ཕོངས་ལས་ཐར་བ་དང་། སློབ་གསོ། སྨན་བཅོས། ལས་ཞུགས། སྤྱི་ཚོགས་འགན་སྲུང་སོགས་ནི་དམངས་འཚོ་དང་འབྲེལ་བ་ཡོད་པའི་དོན་ཆེན་རེད།

གནད་ཁེལ་དབུལ་སྐྱོར་བྱས་པ་བརྒྱུད། ད་ལྟ་མཚོ་སྔོན་བོད་ཁུལ་གྱི་དབུལ་ཕོངས་རྫོང་དྲུག་གིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་དང་། དབུལ་ཕོངས་སྡེ་བ་བརྒྱ་དང་རེ་བཞི་དབུལ་ཕོངས་ལས་ཐར། ཉིས་སྟོང་བཅུ་དྲུག་ལོར་བོད་ཁུལ་དུ་ནོར་སྲིད་ཆེད་དམིགས་དབུལ་སྐྱོར་མ་དངུལ་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་ལྷག་དངོས་འབེབས་བྱས་ཤིང་། བོད་ཁུལ་གྱི་དབུལ་ཕོངས་སྡེ་བར་རོགས་སྐྱོར་མ་དངུལ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་། བོད་ཁུལ་གྱི་དབུལ་ཕོངས་མང་ཚོགས་འབུམ་གཉིས་དང་ཁྲི་བདུན་ཚང་མ་མ་མཐའི་འཚོ་བའི་འགན་སྲུང་ནང་ཚུད་པ་དང་། རིགས་བགོས་ནས་འཚོ་བའི་ཁ་གསབ་བྱིན་ཏེ། དབུལ་བོ་རྣམས་དུས་ལྟར་དབུལ་ཕོངས་ལས་ཐར་བར་ཁག་ཐེག་བྱས།

དམངས་འཚོ་ལེགས་བཅོས་བྱེད་ན་སློབ་གསོ་གཙིགས་སུ་འཛིན་དགོས། རྒྱལ་ཁབ་ཀྱི་དབུལ་ཕོངས་ས་ཁུལ་ནས་འོས་འགན་སློབ་གསོ་སྤེལ་བའི་བཟོ་འགོད་དང་རོང་འབྲོག་ཁུལ་དུ་ཞག་སྡོད་ལམ་ལུགས་སློབ་གྲྭ་འཛུགས་པ། ཞིང་སྡེའི་དམའ་འབྲིང་སློབ་ཁང་དང་ཉལ་ཁང་སྒྱུར་བཀོད་ལས་གཞི་སོགས་གཅིག་བསྡུས་ཀྱིས་ལག་བསྟར་བྱས་ཏེ། བོད་ཁུལ་གྱི་འོས་འགན་སློབ་གསོ་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་བཅོས་བྱས།

ད་ལྟ། མཚོ་སྔོན་ཞིང་ཆེན་གྱི་རང་སྐྱོང་ཁུལ་དྲུག་གི་བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ཚང་མ་ཕལ་ཆེར་རྒྱལ་ཁབ་ཀྱི་སློབ་གྲྭ་ཆུང་འབྲིང་གི་ཕྱོགས་བསྡུས་གནོད་འགོག་ཚད་གཞིར་སླེབས་པ་དང་། སློབ་གྲྭ་སོ་སོའི་རྨང་གཞིའི་སྒྲིག་བཀོད་དང་དཔྱད་ཆས་སྒྲིག་ཆས། སློབ་གསོ་ཆ་འཕྲིན་ཅན་བཅས་ཀྱང་ཕལ་ཆེར་ཞིང་ཆེན་ཡོངས་ཀྱི་ཚད་གཞི་ཅན་གྱི་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་ཚད་གཞིར་སླེབས། ཉིས་སྟོང་བཅུ་དྲུག་ལོར། མཚོ་སྔོན་གྱི་རང་སྐྱོང་ཁུལ་དྲུག་གི་འོས་འགན་སློབ་གསོ་སྲ་བརྟན་དུ་བཏང་ཚད་བརྒྱ་ཆའི་གོ་གསུམ་གྲངས་ཆུང་གསུམ་ལྷག་ལ་སླེབས།

མིག་སྔར། རང་ཞིང་གིས་རིམས་ནད་ཆེན་པོ་སྔོན་འགོག་བྱེད་ཐབས་ཚང་མ་ལག་བསྟར་ནུས་ལྡན་བྱས་ཤིང་། ཐུམ་འབུ་ནད་འགོག་བཅོས་ཐད་མ་དངུལ་སྒོར་དུང་ཕྱུར་གཉིས་བཏང་ནས་མི་ས་ཡ་གཅིག་དང་འབུམ་བརྒྱད་ལ་འདེམ་བཤེར་བྱས། རིམས་ནད་འགོག་པའི་འཆར་འགོད་ལྟར་རིམས་ནད་འགོག་ཁབ་བརྒྱབ་ཚད་བརྒྱ་ཆའི་གོ་བརྒྱད་ཡན་དུ་སླེབས། མཆིན་ནད་ལྡེམ་བུ་བྱུང་ཚད་སྤྱི་ཡོངས་ནས་བལྟས་ན་མར་བབས་ཡོད།

བོད་ཁུལ་གྱི་མང་ཚོགས་ཚང་མས་ཆེས་སེམས་ཁུར་བྱེད་པའི“རྒས་ན་བརྟེན་ས་ཡོད་པ་དང་རྒས་ན་འཚོ་རྟེན་ཡོད་པ”ཡི་གནད་དོན་ཡང་ཐག་གཅོད་བྱས།

སྤྱི་ཚོགས་ཀྱི་འགན་སྲུང་ནུས་པ་རྒྱུན་ཆད་མེད་པར་སྲ་བརྟན་དང་ཇེ་མཐོར་གཏོང་བའི་གོ་རིམ་ཁྲོད། རྒན་གསོ་ཉེན་འགོག་ལམ་ལུགས་ཉིན་རེ་བཞིན་འཐུས་ཚང་དུ་བཏང་སྟེ་གཞི་རྩའི་རྒན་གསོ་ཉེན་འགོག་ལམ་ལུགས་དེ་མཁར་གྲོང་གི་སྡོད་དམངས་ཡོངས་ལ་ཁེབས་སུ་བཅུག་ཅིང་། ཁེབས་རྒྱ་སྲ་བརྟན་དུ་བཏང་ཚད་བརྒྱ་ཆའི་གོ་ལྔ་ཡན་ལ་སླེབས་ཡོད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།