སྟོན་གཞུང་གི་དུས་སུ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྤྱི་བསྒྲགས་སྤེལ་ཏེ། ཐུན་ཏེ་རྫོང་འདུས་པའི་མཚོ་སྔོན་ཞིང་ཆེན་གྱི་རྫོང་གསུམ་གྱིས་སྔོན་ལ་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཅེས་བསྒྲགས།
རྒྱལ་ཁབ་ཀྱི་ཕྱོགས་གསུམ་པས་དཔྱད་ཞིབ་ཚད་ལེན་བྱས་པ་བརྒྱུད། ཐུན་ཏེ་རྫོང་གི་དཔྱད་ཞིབ་དམིགས་ཚད་ཚང་མ་དབུལ་ཕོངས་ལས་ཐར་བ་དང་། དབུལ་ཕོངས་སྡེ་བ་ལས་ཐར་བ། དབུལ་ཕོངས་རྫོང་གི་ཞྭ་མོ་ཕུད་པའི་ཚད་གཞི་ལ་ཐོན་ཏེ། རྒྱལ་ཁབ་ཀྱི་ཆེད་དོན་དཔྱད་འཇོག་རྟོག་དཔྱོད་བདེ་བླག་གིས་ལེགས་འགྲུབ་བྱུང་བ་དང་། ཉེ་ལམ། ཞིང་ཆེན་སྲིད་གཞུང་གིས་ཐུན་ཏེ་རྫོང་དབུལ་ཕོངས་ལས་ཐར་བར་དངོས་སུ་ཆོག་མཆན་བཀོད།
ཉིས་སྟོང་བཅུ་གཉིས་ལོར་རྫོང་ཡོངས་ཀྱི་མི་གྲངས་ཁྲི་གསུམ་དང་སྟོང་དྲུག་ལྷག་དབུལ་ཕོངས་དང་ལྟོས་བཅས་ཀྱིས་དབུལ་ཕོངས་ཚད་ཐིག་མན་དུ་ཡོད་པ་དང་། ལོ་མང་པོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆེས་དབུལ་ཕོངས་ས་ཁུལ་ཞིག་ཏུ་གྱུར་ཡོད་པ་རེད།
ཉིས་སྟོང་བཅུ་གསུམ་ལོའི་ལོ་གསར་ནས་མགོ་བརྩམས་ཏེ། རི་ཆུ་སྒུལ་བ་དང་། དབུལ་ཕོངས་ལ་རྒྱལ་ཁ་ཐོབ་པའི་ཐག་གཅོད་ཀྱི་འཐབ་རྩོད་ཅིག་གནས་འདི་ནས་མགོ་བརྩམས། ཐུན་ཏེ་རྫོང་གིས་དམིགས་བསལ་གྱིས་ལོ་ངོ་གསུམ་གྱི་རིང་ལ་དབུལ་སྐྱོར་མཁྲེགས་གཏོར་བྱེད་པའི་འཆར་འགོད་དངོས་སུ་ལག་བསྟར་བྱས་ཏེ། མཚོ་སྔོན་གྱི་དབུལ་སྐྱོར་ལོ་རྒྱུས་སྟེང་ཐེངས་དང་པོར་གཅིག་བསྡུས་སྒོས་དབུལ་སྐྱོར་འཐབ་རྩོད་བྱེད་མགོ་བརྩམས།
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྐབས་སུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་བུན་ཁོས་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཉིས་སྟོང་བཅུ་གཉིས་ལོར་ཐུན་ཏེ་རྫོང་གི་སྡེ་བ་ཞིག་གི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ཁྱིམ་གྱི་དངོས་པོ་ཡོད་ཚད་སྒོར་མོར་བཀུགས་ན་སྒོར་མོ་སྟོང་གསུམ་དང་དྲུག་བརྒྱར་ཡང་སླེབས་མི་ཐུབ་པ་རེད། ད་ལྟ་ཁོ་ཚང་སྡོད་ཁང་གསར་བའི་ནང་བསྡད་ཡོད་པ་མ་ཟད། ད་དུང་ཁྱིམ་སྤྱོད་གློག་ཆས་མང་པོ་ཞིག་ཀྱང་ཉོས་ཡོད་པ་རེད་ཟེར།
ཀྲང་བུན་ཁོས་ཡིས་བཤད་པའི་མཚོ་ལྷོའི་གཏམ་རྒྱུད་དེ་ཡིས་ཚིག་ཉུང་ཞིང་དོན་འདུས་པ་དང་། གསོན་ཉམས་ལྡན་པའི་སྒོ་ནས་ཐུན་ཏེ་རྫོང་གིས་ལོ་འདི་དག་ལ་དབུལ་སྐྱོར་མཁྲེགས་གཏོར་བྱས་པའི་གནས་ཚུལ་ཞིབ་བརྗོད་བྱས་ཡོད།
ལོ་ལྔའི་རྗེས་ཀྱི་དེ་རིང་། ཐུན་ཏེ་རྫོང་གི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་དམིགས་ཚད་ཡོད་ཚད་ཁྱོན་ཡོངས་ནས་འགྲུབ་པ་དང་། རྫོང་ཡོངས་ཀྱི་དབུལ་བོའི་ཚད་དེ་ཉིས་སྟོང་བཅུ་གཉིས་ལོའི་བརྒྱ་ཆའི་དོན་ལྔ་ནས་མིག་སྔར་གྱི་བརྒྱ་ཆའི་ཐིག་དང་གྲངས་ཆུང་བདུན་དགུ་ལ་ཇེ་དམའ་རུ་སོང་།
འདི་ནི་དམིགས་བསལ་དབུལ་སྐྱོར་མཁྲེགས་གཏོར་གྱིས་གསར་སྐྲུན་བྱས་པའི་དབུལ་ཐར་ལམ་བུ་ཞིག་ཡིན།
འདི་ནི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་གཅིག་སེམས་གཅིག་གིས་བྲིས་པའི་ཐུན་ཏེ་ཡི་འཕེལ་རྒྱས་རྣམ་པ་ཡིན།
འབད་བརྩོན་ལྷོད་མེད་ཀྱིས་དབུལ་སྐྱོར་མཁྲེགས་གཏོར་བྱས་པས། ཐུན་ཏེ་རྫོང་གིས་དབུལ་ཕོངས་ཀྱི་གནས་བབ་མཇུག་སྒྲིལ་ཏེ། ཞིང་ཆེན་ཡོངས་ཀྱི་འབྲོག་ཁུལ་གྱི་ཨང་དང་པོ་དྲུག་གི་རྣམ་པ་གསར་སྐྲུན་བྱས་པ་སྟེ། གཅིག་ནི་ཁྱོན་ཡོངས་ནས་མི་ཕྱུགས་གཉིས་ཀྱི་བདེ་འཇགས་འཐུང་ཆུ་དང་ཞིང་ནགས་ལ་ཆུ་གཏོང་བའི་གནད་དོན་ཐག་གཅོད་བྱས་པའི་རྫོང་ཐོག་མར་གྱུར་བ་དང་། གཉིས་ནི་རྫོང་དང་། ཞང་། སྡེ་བ་རིམ་པ་གསུམ་གྱི་ལམ་དྲ་དང་ཐོན་སྐྱེད་འཚོ་བའི་ཐད་ལ་བཀོལ་བའི་གློག་ཡོངས་སུ་ཁྱབ་པའི་རྫོང་ཐོག་མར་གྱུར་ལ། གསུམ་ནས་སྤྱི་བའི་སྨན་བཅོས་འཕྲོད་བསྟེན་དང་། སློབ་གསོ་རིག་གནས་རྨང་གཞིའི་འཛུགས་སྐྲུན། སྡེ་བའི་ཕྱོགས་བསྡུས་གཞུང་སྒྲུབ་ཞབས་ཞུ་ལྟེ་གནས་དང་། རྒྱང་སྒྲོག་བརྙན་འཕྲིན་དང་དྲ་རྒྱའི་ཁོད་ཡངས་དྲ་བ་ཡོངས་སུ་ཁྱབ་པའི་རྫོང་ཐོག་མར་གྱུར་བ་དང་། བཞི་ནས་འབྲོག་པ་མང་ཚོགས་ཡོངས་གཏན་སྡོད་བྱེད་ཐུབ་པ་བྱུང་བ་དང་། ཁྱོན་ཡོངས་ནས་ཉེན་ཁ་ཆེ་བའི་ཁང་པ་དང་ཁང་པ་མེད་པའི་ཁྱིམ་ཚང་གི་གནད་དོན་ཐག་གཅོད་བྱས་པའི་རྫོང་ཐོག་མར་གྱུར་ཅིང་། ལྔ་ནས་རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བའི་ཐོན་ལས་འཕེལ་རྒྱས་དང་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་ཡོངས་ལ་ཁྱབ་པའི་རྫོང་ཐོག་མར་གྱུར་ལ། དྲུག་ནི་སྔོན་ལ་དབུལ་ཕོངས་ལས་ཐར་བའི་ཚད་གཞིར་ཐོན་པའི་རྫོང་ཐོག་མར་གྱུར།
དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ན་འབད་བརྩོན་ལྷོད་མེད་བྱེད་དགོས། སྔོན་ཆད་དབུལ་ཕོངས་ཡིན་པའི་རྫོང་དེ་ད་ལྟ་ཕྱུག་པོར་གྱུར་བ་དང་། དེ་ནི་རྫོང་དེའི་ཡུལ་མི་ཚོས་བཤད་པ་ནང་བཞིན་ང་ཚོའི་བདེ་སྐྱིད་ཀྱི་འཚོ་བ་ད་ལྟ་ནས་མགོ་བརྩམས་པ་ཡིན་ཟེར་བ་བཞིན་ནོ།
སྐོར་གཅིག་ཅན་བཅུ་དེ་ཁྱིམ་ཚང་བཅུ་ལ་དངོས་འབེབ་བྱེད་པའི་གནད་ཕིགས་བྱེད་ཐབས་ལག་བསྟར་བྱས་ནས། དབུལ་ཐར་བྱེད་ཐབས་ལ་དམིགས་ས་ཡོད་པར་ཁག་ཐེག་བྱས། ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་གཏེར་སྟོན་སྡེ་བའི་སྡེ་མི་ཆོས་དབྱངས་ལྷ་མོས་བཤད་རྒྱུར། སྔོན་ཆད་ང་ཚོ་རི་ནང་དུ་བསྡད་ན་འདུག་ས་སྦྲ་གུར་ཡིན་ལ། མལ་ཁྲི་མེད་པར་ས་སྟེང་དུ་ཉལ་དགོས། ད་ལྟ་གསལ་ཞིང་གྲལ་དག་པའི་ཁང་བའི་ནང་གནས་སྤར་ཞིང་། འབོལ་ཁྲི་དང་ཉལ་ཁྲི་སོགས་ཀྱང་ཉོས་ཡོད། ང་རང་གིས་ཕྱི་རོལ་ནས་ད་དུང་ཚོང་རྒྱག་ས་ཞིག་ཀྱང་གླས་ཡོད་པ་དང་། ཚོང་ཁང་ཆུང་ཆུང་ཞིག་གཉེར་ཏེ་ཚོང་རྒྱག་བཞིན་ཡོད་པས། མཚམས་རེར་ཉིན་གཅིག་ལའང་སྒོར་མོ་བརྒྱའི་ཡོང་སྒོ་ཡོད་ཟེར།
ཆོས་དབྱངས་ལྷ་མོས་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་འདི་གླེང་མ་ཐག་དགའ་སྤྲོའི་ངང་ཁ་ཡང་ཟུམ་ཐུབ་ཀྱིན་མེད་པ་རེད། ཆོས་དབྱངས་ལྷ་མོར་རྫོང་མཁར་དང་ཐག་མི་རིང་བའི་འགྲིམ་འགྲུལ་སྟབས་བདེ་ས་ཞིག་ཏུ་རང་ཉིད་ཀྱི་ཁང་བ་ཞིག་ཡོད་པ་དང་། ཁང་བའི་ནང་གི་ཉལ་ཁང་དང་། འགྲུལ་ཁང་། ཉི་མར་ལྡེ་ས་སོགས་ཁག་བགོས་པ་གསལ་བོ་ཡིན་པ་དང་། ཁང་བའི་ནང་གི་ཅ་ལག་ཚང་མ་བོད་ཆས་ཡིན་པར་མ་ཟད། འཁྱགས་སྒམ་དང་། དྲོད་རླངས་སོགས་དེང་རབས་གློག་ཆས་ཡོད་ཚད་གཅིག་ཀྱང་ཆད་ལྷག་མེད་པར་ཡོད་པ་རེད།
སྔོན་ལ་དབུལ་སྐྱོར་མཁྲེགས་གཏོར་གནད་ལ་འཁེལ་བ་བྱེད་དགོས།
ཐུན་ཏེ་རྫོང་གིས་དབུལ་སྐྱོར་བྱེད་ན་སྔོན་ལ་བློ་རིག་གི་ཐད་ལ་རོགས་སྐྱོར་བྱེད་པ་དང་། ཕུགས་འདུན་ཐད་ལ་རོགས་སྐྱོར་བྱེད་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་མཁྲེགས་གཏོར་གྱི་སྐོར་གཅིག་ཅན་བརྒྱད་ཀྱི་རེ་བའི་སྟེང་གཅིག་བསྡུས་བྱས་ནས། དབུལ་ཕོངས་སྡེ་བ་དང་། དབུལ་ཕོངས་ཁྱིམ་ཚང་གི་དངོས་ཡོད་གནས་ཚུལ་གཞིར་བཟུང་སྟེ། སྐོར་གཅིག་ཅན་བཅུ་དེ་ཁྱིམ་ཚང་བཅུ་ལ་དངོས་འབེབ་བྱེད་པའི་གནད་ཕིགས་དབུལ་སྐྱོར་བྱེད་ཐབས་སྟེང་ལག་བསྟར་བྱས་པ་དང་། ནན་ཏན་སྒོས་སྡེ་བ་རེ་དང་ཁྱིམ་ཚང་རེར་སྲིད་ཇུས་ཀྱིས་ཕན་ཐོགས་བསྐྲུན་གང་ཐུབ་བྱས།
དེ་དག་ནི་ཁྱད་ཆོས་ལྡན་པའི་ཐོན་ལས་དབུལ་ཐར་སྐོར་ཐེངས་དང་པོ་དང་། ངལ་རྩོལ་པ་ཕྱིར་ཞོར་ལས་ལ་གཏོང་བའི་དབུལ་ཐར་སྐོར་ཐེངས་དང་པོ། ས་གཞན་དུ་གནས་སྤོ་བའི་དབུལ་ཐར་སྐོར་ཐེངས་དང་པོ། སྐྱེ་ཁམས་ཁ་གསབ་ཀྱི་དབུལ་ཐར་སྐོར་ཐེངས་དང་པོ། མ་རྩའི་ཕན་འབྲས་ཐོབ་པའི་དབུལ་ཐར་སྐོར་ཐེངས་དང་པོ། སློབ་གསོ་འཕེལ་རྒྱས་ཀྱི་དབུལ་ཐར་སྐོར་ཐེངས་དང་པོ། སྨན་བཅོས་རོགས་སྐྱོར་གྱི་དབུལ་ཐར་སྐོར་ཐེངས་དང་པོ། སྤྱི་ཚོགས་འགན་སྲུང་གི་ཁ་གསབ་སྐོར་ཐེངས་དང་པོ། ཆུ་མཛོད་ཁུལ་གྱི་གནས་སྤོ་སྡོད་དམངས་དབུལ་ཐར་སྐོར་ཐེངས་དང་པོ། གྲོགས་སྒྲིག་རོགས་སྐྱོར་གྱི་དབུལ་ཐར་སྐོར་ཐེངས་དང་པོ་སོགས་རེད།
ཐང་མགོ་གྲོང་རྡལ་གཡུག་ལུང་སྡེ་བའི་ཧྲུའུ་ཅི་དང་པོ་ལིས་ཧྲིན་རིན་གྱིས་བཤད་རྒྱུར། ཁྱིམ་ཚང་རེ་རེར་ཕན་པའི་སྲིད་ཇུས་གནད་ལ་འཁེལ་བ་བཟོས་པ་དང་། ནད་ཀྱི་དབང་གིས་དབུལ་ཕོངས་སུ་གྱུར་བས་སྨན་བཅོས་ཀྱིས་རོགས་སྐྱོར་བྱས་པ། རང་ཁ་རང་གསོ་བྱེད་མི་ཐུབ་པ་རྣམས་ས་གཞན་དུ་གནས་སྤར་པ་དང་། ལོ་གཉིས་ཀྱི་འཕེལ་རྒྱས་བརྒྱུད་དེ། སྡེ་བའི་ནང་ནད་ཡོད་ན་སྟོན་ས་ཡོད་པ་དང་། རྒས་ན་གཉོར་ས་ཡོད་པ། སློབ་ན་འཁྲིད་མཁན་ཡོད་པ། སྒོར་ཁུག་ནང་སྒོར་མོ་ཇེ་མང་དུ་སོང་བས། ཡུལ་མི་ཚོའི་སེམས་ཤུགས་ཀྱང་སྔར་ལས་ཆེན་པོར་གྱུར་ཟེར།
སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་། འགན་སྲུང་གསུམ་གྱི་བྱ་བའི་དམིགས་འབེན་སྲ་བརྟན་དུ་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་གྱི་འགན་སྲུང་དྲ་བ་འཛུགས་སྐྲུན་བྱས།
རྒན་པོ་དབང་ལོ་ནི་ཞོལ་མ་ཞང་གསེར་རྡེའུ་སྡེ་བ་རུ་ནར་སོན་པའི་འབྲོག་པ་ཞིག་ཡིན་ལ། འདས་པའི་ལོ་འགའི་ནང་དུ་སྡེ་བ་དང་། ཞང་གི་འགྱུར་ལྡོག་དེས་ཁོ་ལ་ཚོར་བ་ཟབ་མོ་ཞིག་སྐྱེས་སུ་བཅུག ཁོས་བཤད་རྒྱུར། ལོ་འདི་དག་ལ། དམངས་ཕན་ཕྱུགས་སྟོབས་སྲིད་ཇུས་སོ་སོ་ལོ་རེ་ནས་ལོ་རེར་ཇེ་མང་དུ་སོང་བ་དང་། གསེར་རྡེའུ་སྡེ་བར་དགའ་འོས་པའི་འགྱུར་ལྡོག་མང་པོ་བྱུང་། སྣུམ་ལམ་ཁྱིམ་གྱི་སྒོ་ཁར་ཐོན་པ་དང་། རང་ཁྱིམ་གྱི་སྒོ་ཁའི་རྩྭ་སར་ཡང་ཁ་གསབ་རོགས་སྐྱོར་ཡོད་ལ། སྨན་བཅོས་རྒན་གསོ་ལ་ཉེན་སྲུང་ཡོད་ཅིང་། བྱིས་པ་སློབ་གྲྭར་འགྲོ་བའི་སློབ་ཡོན་ཡང་སྟེར་མི་དགོས་པ་རེད་ཟེར།
དབང་ལོ་ཡིས་བཤད་རྒྱུར། དངོས་ཡོད་ཀྱི་ཕན་ཁེ་དེ་འདྲ་མང་པོ་ཐོབ་པས། ང་རང་ཉིད་ཀྱིས་ཀྱང་བྱ་བ་ཞིག་སྒྲུབ་འདོད་ཟེར། དེ་ནས་ཡང་རང་གི་ཚ་བོ་བཀྲ་ཤིས་ནོར་བུ་ལ་བཤད་རྒྱུར། ད་ལྟ་ཉམས་སུ་མྱོང་བཞིན་པའི་ཆ་རྐྱེན་འདི་གཅེས་འཛིན་བྱས་ཏེ། སློབ་སྦྱོང་བཟང་པོ་བྱེད་དགོས་ཟེར། ཉེ་བའི་ལོ་འགའི་རིང་ལ། ཐུན་ཏེ་རྫོང་གིས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པའི་གོན་རྒྱུ་དང་། སློབ་གསོ། སྨན་བཅོས། སྡོད་ཁང་སོགས་དམངས་ཀྱི་གནད་དོན་ཐད། སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་། འགན་སྲུང་གསུམ་གྱི་དམིགས་འབེན་ལ་བརྟེན་ནས། ཁྱོན་ཡོངས་ནས་དབུལ་སྐྱོར་མཁྲེགས་གཏོར་གྱི་འགན་སྲུང་དྲ་རྒྱ་བརྟན་སྲུང་བྱས།
ཟ་མ་དང་གོན་པར་འདང་རྒྱག་མི་དགོས་པའི་དམིགས་འབེན་མངོན་འགྱུར་བྱེད་པར་བརྟེན་ནས། ཡུལ་བབ་དང་བསྟུན་ནས་ཁྱད་ཆོས་ཅན་གྱི་འདེབས་འཛུགས་ལས་རིགས་དང་ལས་སྣོན་ལས་རིགས། ཞབས་ཞུའི་ལས་རིགས་སོགས་འཕེལ་རྒྱས་སུ་བཏང་སྟེ། སྔར་ལས་མང་པོའི་ནགས་སྲུང་མཁན་དང་། རྩྭ་ཐང་དོ་དམ་སྲུང་སྐྱོབ་མཁན་སོགས་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་བྱས་ཏེ། སྔོན་ལ་དབུལ་ཕོངས་མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་འདེད་བཏང་ནས། དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་བརྟན་འཇགས་སྒོས་འཕར་བར་ཡར་སྐུལ་བྱས།
འོས་འགན་སློབ་གསོར་འགན་སྲུང་ཡོད་པའི་དམིགས་འབེན་གཏན་འཁེལ་བྱས་ཏེ། ལོ་བཅོ་ལྔའི་རིང་གི་རིན་མེད་སློབ་གསོ་དང་། བོད་ཁུལ་གྱི་ལོ་དགུའི་འོས་འགན་སློབ་གསོ་དང་ལོ་གསུམ་གྱི་རིང་ལ་རིན་མི་དགོས་པར་འབྲིང་རིམ་ལས་རིགས་སློབ་གསོ་ཉམས་སུ་མྱོང་བ། རྫོང་ཡོངས་ཀྱི་སྡེ་བ་གཅིག་ལ་བྱིས་བཅོལ་ཁང་གཅིག་ཡོད་པ་སོགས་ཀྱི་འོས་འགན་སློབ་གསོའི་འགན་སྲུང་བྱ་བ་དམ་འཛིན་བྱས་ཏེ། དབུལ་ཕོངས་ཁྱིམ་ཚང་གི་སློབ་གྲྭ་ཆེན་མོ་བར་རོགས་སྐྱོར་བྱེད་པའི་སྲིད་ཇུས་དང་། རྫོང་ཡོངས་ཀྱི་གནད་ཕིགས་དབྱེ་འབྱེད་དབུལ་ཕོངས་ཁྱིམ་ཚང་ཁྲོད་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མས་སློབ་མཚམས་འཇོག་པའི་གནས་ཚུལ་མེད་པའི་བྱ་བ་ནན་ཏན་གྱིས་དངོས་འབེབ་བྱས་པས། ལོ་དགུའི་འོས་འགན་སློབ་གསོའི་བརྟན་འཇགས་ཀྱི་ཚད་དེ་བརྒྱ་ཆའི་གོ་ལྔ་ལྷག་ལ་སླེབས།
རྨང་གཞིའི་སྨན་བཅོས་ལ་འགན་སྲུང་ཡོད་པའི་དམིགས་འབེན་གཏན་འཁེལ་བྱས་པ་སྟེ། རྫོང་མི་དམངས་སྨན་ཁང་དང་བོད་སྨན་ཁང་གསར་འཛུགས་དང་། ཡོངས་ཁྱབ་སྒོས་གནས་སྤོ་བའི་བྱ་བ། ཞང་དང་གྲོང་རྡལ་ལྔའི་འཕྲོད་བསྟེན་ཁང་དང་། སྡེ་བ་རིམ་པའི་འཕྲོད་བསྟེན་ཁང་དོན་གསུམ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས། ཁྱོན་ཡོངས་ནས་རིན་མེད་བརྒྱད་དང་ཁ་གསབ་རོགས་སྐྱོར་ལྔ་དང་། རྣམ་པ་གསར་བའི་ཞིང་སྡེའི་མཉམ་ལས་སྨན་བཅོས། ནད་ལྗིད་མོ་ཕོག་ན་ཉེན་སྲུང་ཡོད་པ། སྨན་བཅོས་རོགས་སྐྱོར། ནད་པ་མྱུར་སྐྱོབ་རོགས་སྐྱོར་སོགས་ཀྱི་འབྲེལ་ཡོད་སྨན་བཅོས་རོགས་སྐྱོར་སྲིད་ཇུས་དངོས་འབེབ་བྱས་ཏེ། མཁར་གྲོང་གི་སྡོད་དམངས་རྣམས་གཞི་རྩའི་སྨན་བཅོས་ཉེན་སྲུང་དང་། རྒན་གསོ་ཉེན་སྲུང་ནང་ཞུགས་པའི་ཚད་སོ་སོར་བརྒྱ་ཆའི་གོ་དགུ་ལྷག་དང་བརྒྱ་ཆའི་བརྒྱ་ལ་སླེབས་པ་དང་། དེའི་ནང་དབུལ་ཕོངས་མི་གྲངས་རྣམ་པ་གསར་བའི་ཞིང་སྡེའི་མཉམ་ལས་སྨན་བཅོས་ནང་ཞུགས་པའི་ཚད་བརྒྱ་ཆའི་བརྒྱ་ལ་སླེབས།
བདེ་འཇགས་སྡོད་ཁང་ལ་འགན་སྲུང་ཡོད་པའི་དམིགས་འབེན་གཏན་འཁེལ་བྱས་པའི་ཐད་ནས། ལོ་གསུམ་གྱི་རིང་ལ་དམིགས་བསལ་གྱི་སྒོ་ནས་དབུལ་སྐྱོར་མཁྲེགས་གཏོར་བྱས་པ་བརྒྱུད་དེ། རྫོང་ཡོངས་ཀྱི་སྡེ་བ་དོན་གསུམ་གྱི་རོང་འབྲོག་ཁྱིམ་ཚང་ཁྲི་གཅིག་དང་སྟོང་གཅིག་སུམ་བརྒྱ་གྱ་བདུན་ལྷག་གི་སྡོད་ཁང་གནད་དོན་ཐག་གཅོད་བྱས་པ་དང་། ཉིས་སྟོང་བཅུ་དྲུག་ལོར་དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་བ་བརྒྱུད་དེ། རྫོང་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་སུམ་བརྒྱ་དང་བཅུ་དགུར་ཡིག་ཚགས་འཛུགས་པ་དང་བྱང་བུ་ལས་པ་དང་། ཡིག་ཚགས་འཛུགས་པ་དང་བྱང་བུ་ལས་མེད་པའི་དབུལ་ཕོངས་ཁྱིམ་ཚང་བདུན་བརྒྱ་དང་དྲུག་གི་ཉེན་ཁང་ཡང་བསྐྱར་གསར་དུ་འཛུགས་སྐྲུན་བྱས་ནས། རྫོང་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་བདེ་འཇགས་སྡོད་ཁང་ལ་འགན་སྲུང་ཡོད་པ་དང་། མི་སྡོད་སའི་ཁོར་ཡུག་ཁྱོན་ཡོངས་ནས་ལེགས་བཅོས་བྱས།
ད་ལྟ་དབུལ་སྐྱོར་མཁྲེགས་གཏོར་གཏིང་ཟབ་ཏུ་ལག་བསྟར་བྱས་པའི་ཆ་རྐྱེན་འོག སློབ་གསོ་དང་། སྨན་བཅོས། སྡོད་ཁང་སོགས་ཐག་གཅོད་དཀའ་བའི་གནད་དོན་བཅུ་ཐག་གཅོད་བྱས་པ་དེས་རོང་འབྲོག་མང་ཚོགས་རྣམས་དགའ་རུ་བཅུག་པ་དང་། ཐོན་ལས་འཕེལ་རྒྱས་ཀྱིས་རོང་འབྲོག་མང་ཚོགས་རྣམས་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་བཅུག ད་ལྟ་ཐུན་ཏེ་རྫོང་དེ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འབྲོག་ཁུལ་དུ་ཆུ་དང་། གློག ལམ། སྡོད་ཁང་། བརྡ་འཕྲིན། ཐོན་ལས་འཕེལ་རྒྱས་སོགས་ཕྱོགས་ཀྱི་ཨང་དང་པོ་དྲུག་མངོན་འགྱུར་བྱས་པའི་ས་ཁུལ་དུ་གྱུར་བ་དང་། མཁར་གྲོང་གི་རྣམ་པར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་བས། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་བ་ཇེ་མཐོར་སོང་།
ལོ་གསུམ་རིང་གི་དམིགས་བསལ་རོགས་སྐྱོར་གྲུབ་འབྲས་བརྟན་འཇགས་སྒོས་ཇེ་མཐོར་བཏང་སྟེ། དབུལ་སྐྱོར་མཁྲེགས་གཏོར་གྱི་རྨང་གཞི་ཇེ་བརྟན་དུ་བཏང་།
རྐ་འབའ་སུམ་མདོ་གྲོང་རྡལ་གྱི་དབང་ཕྱུག་ནི་དབུལ་སྐྱོར་ཐོན་ལས་ར་བའི་ནང་གི་བོད་ཀྱི་གློག་བརྙན་འཕྲིན་རིག་གནས་ཐོན་ལས་རྟེན་གཞིའི་སྒྲིག་སྦྱོར་བ་ཞིག་ཡིན་པ་དང་། ཁོ་རང་སྟེང་གི་མི་ཚེའི་བརྒྱུད་རིམ་དེ་ནི་ཐུན་ཏེ་རྫོང་གི་དབུལ་སྐྱོར་བྱ་བར་གྲུབ་འབྲས་ཐོབ་པའི་བསྡུས་གཟུགས་ཤིག་ཡིན། དབང་ཕྱུག་ནི་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་ཞོལ་མ་སྡེ་བས་ཡིན་པ་དང་། ཕ་མ་གཉིས་ནི་སྤྱིར་བཏང་གི་འབྲོག་པ་ཞིག་ཡིན་ལ། ལོ་ངོ་མང་པོའི་རིང་ལ་དབང་ཕྱུག་ཚང་ནི་ད་དུང་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་ཞིག་རེད། དབྱར་རྩྭ་བརྐོ་བ་དེ་ནི་ཁོ་ཚང་གི་ཡོང་སྒོ་གཙོ་བོ་ཞིག་ཡིན། ད་སྐབས་དབང་ཕྱུག་ཚང་གིས་རྫོང་མཁར་དུ་ཐོག་བརྩེགས་གསུམ་ཅན་གྱི་ཁང་པ་ཆུང་ཆུང་ཞིག་ལས་ཡོད།
དབང་ཕྱུག་བརྙན་ཕབ་ལས་རོགས་པ་ནས་ད་ལྟའི་སྒྲིག་སྦྱོར་བར་གྱུར་བ་དང་། ད་ལྟ་ཟླ་རེའི་ཟླ་ཕོགས་སྒོར་མོ་སྟོང་གསུམ་རེད། དབང་ཕྱུག་གིས་ཁྱུང་ཆེན་བརྙན་གླིང་ཐུན་ཏེ་བརྙན་ཕབ་རྟེན་གཞིའི་འཁྲབ་འཁྲིད་པ་ཟོན་ཐར་རྒྱལ་ངོ་ཤེས་རྗེས་ཁོའི་ཚོགས་པའི་ནང་ཞུགས་པ་དང་། ཟོན་ཐར་རྒྱལ་གྱིས་བཤད་པ་ལྟར་ན། ད་ལྟ་དབང་ཕྱུག་ནི་ང་ཚོ་བརྙན་གླིང་རྟེན་གཞིའི་རྐང་འཛིན་པ་ཞིག་ཡིན་ཟེར།
ཐོན་ལས་སྣེ་ཁྲིད་ཀྱིས་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཇེ་དྲག་ཏུ་བཏང་བ།
ཐུན་ཏེ་རྫོང་གི་ཞིང་ཆེན་རིམ་པའི་དབུལ་སྐྱོར་ཐོན་ལས་ར་བ་དང་འབའ་ཐང་དབུལ་སྐྱོར་ཐོན་ལས་ར་བ་བཙུགས་པའི་ནང་། ཁེ་ལས་བཅུ་གསུམ་གྱིས་རིམ་བཞིན་ལས་གཉེར་བྱེད་ཐུབ་པ་བྱུང་། སྲིད་འཛིན་སྡེ་བ་དོན་གསུམ་ནས་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་བཙུགས་ཏེ། དབུལ་ཕོངས་ཁྱིམ་ཚང་སྟོང་གཅིག་དང་བརྒྱད་བརྒྱ་དོན་གཅིག་གི་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ་དང་། ཁྱིམ་ཚང་དགུ་བརྒྱ་དང་རེ་བརྒྱད་ས་གཞན་དུ་གནས་སྤར་ནས་ལས་ཞུགས་བྱས་ལ། ཁྱིམ་ཚང་བརྒྱ་དང་རེ་བརྒྱད་མ་རྐང་ནང་ཞུགས་ནས་ཡོང་སྒོ་བགོ་བཤའ་བརྒྱབ།
སྐྱེ་ཁམས་དབུལ་སྐྱོར་ལ་བརྟེན་ནས་ཡོང་སྒོའི་ཐབས་ལམ་རྒྱ་སྐྱེད་པ།
སྔོན་ལ་དབུལ་ཕོངས་ཁྱིམ་ཚང་ཁྲོད་སྐྱེ་ཁམས་ནགས་སྲུང་བ་ཉིས་བརྒྱ་སོ་བཞི་དང་རྩྭ་ཐང་དོ་དམ་པ་སུམ་བརྒྱ་ཉེར་བརྒྱད་ལ་ལས་འགན་ཁུར་དུ་བཅུག་པ་དང་། མི་རེར་ལོ་རེར་སྒོར་མོ་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱའི་ཟླ་ཕོགས་ཡོད་པ་རེད། ཉིས་སྟོང་བཅུ་དྲུག་ལོར་རོང་འབྲོག་མང་ཚོགས་ཁྲི་གཅིག་དང་བརྒྱ་དང་དོན་གཉིས་ལ་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའི་སྒོར་མོ་བྱེ་བ་ལྔ་དང་ས་ཡ་དྲུག་འབུམ་གཅིག་ཁྲི་གསུམ་ལྷག་བྱིན།
སློབ་གསོར་མ་དངུལ་གྱིས་རོགས་སྐྱོར་བྱས་ཏེ་སློབ་གསོའི་རོགས་སྐྱོར་ལ་སྐུལ་འདེད་བྱས་པ།
ཁྱོན་ཡོངས་ནས་ཡིག་ཚགས་འཛུགས་པ་དང་བྱང་བུ་ལས་ནས་དབུལ་ཕོངས་སློབ་མའི་འཚོ་བའི་ཁ་གསབ་སྒོར་མོ་དང་། སྤྱི་སྤྱོད་གྲོན་དངུལ། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཁ་གསབ་རོགས་སྐྱོར་སྒོར་མོ་ས་ཡ་བདུན་དང་འབུམ་བཞི་ཁྲི་བརྒྱད་ལྷག་དངོས་འབེབ་བྱས་པ་དང་། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་རྣམས་ཀྱི་སློབ་གསོ་སློབ་ཁྲིད་སྤུས་ཚད་ཇེ་མཐོར་གཏོང་ཆེད་མ་དངུལ་སྒོར་མོ་ས་ཡ་གཉིས་བཏང་ནས་སྐུལ་འདེད་བྱས་པ་དང་། དབུལ་ཕོངས་ཁྱིམ་ཚང་གི་སློབ་གྲྭ་ཆེན་མོ་སོ་གསུམ་ལ་སློབ་རོགས་བསྐྱི་དངུལ་སྒོར་མོ་འབུམ་གཅིག་དང་ཁྲི་གཉིས་ལྷག་དངོས་འབེབ་བྱས་པ་དང་། ཅང་སུའུ་ཡི་ཁ་གཏད་རོགས་འཛུགས་སྟེགས་བུ་བརྒྱུད་དེ་རོགས་སྐྱོར་མ་དངུལ་སྒོར་མོ་འབུམ་དགུ་ལྷག་དངོས་འབེབ་བྱས་ཏེ། འབད་བརྩོན་ཆེན་པོས་དབུལ་ཕོངས་ལས་ཐར་བའི་བརྩེ་སེམས་བརྒྱུད་སྒྲོག་བྱས།
ཐུན་ཏེ་རྫོང་དབུལ་སྐྱོར་ཅུའུ་ཡི་ཅུའུ་ཀྲང་བསྟན་པ་དར་རྒྱས་ཀྱིས་བཤད་རྒྱུར། དབུལ་སྐྱོར་བྱེད་ཐབས་རབ་དང་རིམ་པ་བརྒྱུད་དེ། དབུལ་སྐྱོར་རྨང་གཞི་སྲ་བརྟན་དུ་བཏང་བར་མ་ཟད། ལོ་གསུམ་རིང་གི་དབུལ་སྐྱོར་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་། དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་ཐད་ནས་ཐུན་ཏེ་རྫོང་གིས་དགའ་འོས་པའི་གྲུབ་འབྲས་ཤིག་བསྐྲུན་ཟེར།
ད་ལྟ། ཁང་བརྩེགས་གསར་བ་མང་པོ་ཐུན་ཏེ་རྫོང་དུ་ལས་པ་དང་། གཞུང་ལམ་བདེ་ཞིང་དག་གཙང་ཡིན་ལ། གློག་སྒྲོན་མང་པོ་བཀར་ཡོད་པ་རེད། བཅའ་སྡོད་སློབ་གྲྭ་དང་། རང་འདེམ་ཚོང་ར་ཆེན་མོ། ཚོང་ལས་རྐང་ཐང་སྲང་ལམ། སྨན་ཁང་སོགས་བཀོད་སྒྲིག་བྱས་པ་འོས་ཤིང་འཚམ་པ་དང་། སྒྲིག་ཆས་ཆ་ཚང་བ་རེད། དགའ་འོས་པ་ཞིག་ནི་འོ་བཟོས་ཐོན་རྫས་ལས་སྣོན་དང་། སྐྱེ་ཁམས་གསོ་སྤེལ་མཉམ་ལས་ཁང་། ཚོང་གཉེར་བྱེད་ས་སོགས་ཐོན་ལས་གྲུབ་ཚུལ་གྱི་རྣམ་པ་ཞིག་ཐུན་ཏེ་རྫོང་དུ་གྲུབ་བཞིན་ཡོད་པ་དང་། རོང་འབྲོག་མང་ཚོགས་རྣམས་ཐབས་ལམ་མང་པོའི་ཡོང་སྒོ་བཙལ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་བཞིན་ཡོད།
ལོ་ཙཱ། ཚེ་རིང་སྒྲོལ་མ།