ཐེམ་ཆེན་རྫོང་གཡུ་འབྲུག་མཉམ་ལས་ཁང་ལ་ད་ལོར་ཁེ་སྤོགས་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་ཁྲི་བཞི་ཐོབ་པ།
2018.01.03 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 31

1.jpg

ཁེ་སྤོགས་བགོ་བའི་ཚོགས་ཆེན་གྱི་ཡུལ་དངོས།

 ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་ལུས་རྩལ་བྱ་འགུལ་ལྟེ་གནས་སུ་ནམ་རྒྱུན་དང་མི་འདྲ་བའི་དགའ་སྤྲོའི་རྣམ་པས་ཁེངས་ཡོད་ལ་མདུན་ཅོག་སྟེང་སྒོར་མོ་བྱེ་བ་གཅིག་དང་ས་ཡ་གསུམ་ཁྲི་བཞི་བཞག་ཡོད་ཅིང་། མཉམ་ལས་ཁང་གི་འབྲོག་དམངས་དྲུག་བརྒྱ་ལྷག་མཉམ་གཅིག་ཏུ་འཛོམས་ཏེ། ཐེམ་ཆེན་རྫོང་གཡུ་འབྲུག་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཁེ་སྤོགས་བགོ་བཤའ་རྒྱག་པའི་ཚོགས་ཆེན་བསུས།

རྒྱུས་ལོན་བྱུང་བ་ལྟར་ན། འདི་ནི་ཉིས་སྟོང་བཅུ་བཞི་ལོར་ཐེམ་ཆེན་རྫོང་ཤེས་ཡོན་གྲོང་རྡལ་དང་། མཁར་དམར་ཞང་སོགས་གྲོང་རྡལ་དང་ཞང་གསུམ་གྱི་མེ་ལོང་དང་། མཚམས་ཁང་། བདེ་ཡངས། ཞི་བདེ་སྨོན་ལམ་སོགས་བདག་གཉེར་ཅུང་ཚད་ལྡན་ཡིན་པའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཅུ་བཞི་ཐོ་འགོད་བྱས་ཏེ་མཉམ་འབྲེལ་ཁང་བཙུགས་པའི་ཚུན་གྱི་ཁེ་སྤོགས་བགོ་བཤའ་རྒྱག་ཐེངས་གསུམ་པ་རེད། ལོ་གཅིག་གི་ནང་ལ། མེ་ལོང་སྡེ་བའི་འབྲོག་མི་དཀོན་མཆོག་རྡོ་རྗེས་ཟླ་ཕོགས་སྒོར་ཁྲི་གཉིས་དང་སྟོང་བརྒྱད་བླངས་ཤིང་། མཉམ་ལས་ཁང་གིས་བྱ་དགར་སྒོར་ཁྲི་བཞི་ལྷག་བྱིན་པ་དང་། ཁེ་སྤོགས་སྒོར་ཁྲི་ལྔ་བླངས། ཁོ་ཚོས་མཉམ་ལས་ཁང་བཙུགས་པའི་རྗེས་སུ། ཡོང་འབབ་ལོ་སྔོན་མ་དག་དང་བསྡུར་ན་ཇེ་མང་དུ་སོང་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། མཉམ་ལས་ཁང་བཙུགས་པའི་ཚུན་ལ། ཧུར་ཐག་སྒོས“མ་རྐང་མཉམ་ལས་ལམ་ལུགས་ཀྱི་དཔེ་དབྱིབས”དར་སྤེལ་དུ་བཏང་ཞིང་། ནོར་ཁྱུ་དང་ལུག་ཁྱུ་སོ་སོར་དབྱེ་སྟེ་གསོས་པ་དང་། རྩྭ་རའི་ནང་དུ་ནོར་ཁྱུ་དང་ལུག་ཁྱུ་སོ་སོར་བཀར་ཏེ་རེས་སྐོར་ནས་འཚོ་སྐྱོང་བྱས་ཤིང་། ངལ་རྩོལ་ནུས་ཤུགས་རྩལ་ནུས་ལྟར་ཡང་བསྐྱར་ལས་བགོས་དང་གཅིག་གྱུར་གྱིས་རེས་སྐོར་འཚོ་སྐྱོང་བྱས་ཏེ། གཅིག་གྱུར་སྒོས་སྡེབ་སྦྱོར་དང་། གཅིག་གྱུར་སྒོས་ཤ་ཤེད་རྒྱས་སུ་འཇུག་པ། གཅིག་གྱུར་སྒོས་ཕྱིར་འཚོང་བྱེད་པ། གཅིག་གྱུར་སྒོས་ལས་སྣོན་བྱེད་པ། གཅིག་གྱུར་སྒོས་ནད་ཡམས་སྔོན་འགོག་བྱེད་པ་དང་རིགས་དགར་གསོ་སྤེལ་གྱི“གཅིག་གྱུར་དྲུག་དང་རིགས་དབྱེ་གཅིག”གི་དོ་དམ་དཔེ་དབྱིབས་སྤྱད་དེ། སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་ཁང་ཚད་དང་ལྡན་པའི་སྒོ་ནས་འཁོར་སྐྱོད་བྱེད་པའི་ཆུ་ཚད་ཇེ་མཐོར་བཏང་། 2015ལོ་ནས་བཟུང་། མཉམ་ལས་ཁང་གིས་ཀན་ལུང་ཀུང་སི་སོགས་ཁེ་ལས་དང་ནོར་ལུག་ཕྱིར་འཚོང་གན་རྒྱ་བཞག་པ་དང་། སྐམས་ལུག་ཤའི་ལས་སྣོན་གྲོས་མཐུན་ཡི་གེའི་སྟེང་མིང་རྟགས་བཀོད་དེ། གཅིག་གྱུར་གྱིས་ཕྱིར་འཚོང་བྱས་པས། ཕྱུགས་ལས་ཐོན་རྫས་ཀྱི་རིན་གོང་མངོན་གསལ་གྱིས་ཇེ་མཐོར་སོང་ཞིང་། ཚོང་ལམ་སྔར་ལས་ཡངས་པོ་དང་སྟབས་བདེ་ཅན་དུ་གྱུར།

ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་སྤྱི་ཁྱབ་ཕྱུགས་ལས་སློབ་དཔོན་ཝང་ཧུའེ་ལིན་གྱིས་བཤད་རྒྱུར། དེང་སྐབས་སྡེ་བ་མང་པོས་བཙུགས་པའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ནི། གཞི་རིམ་མཉམ་ལས་རྩ་འཛུགས་ཀྱི་ཐོག་མའི་དཔེ་དབྱིབས་ཙམ་ཡིན་ཡང་། གཡུ་འབྲུག་མཉམ་ལས་ཁང་ནི་དེའི་རྨང་གཞིའི་སྟེང་ཐོན་ཁུངས་གཅིག་སྡུད་དང་། གཞི་རྒྱ་བསྐྱེད་པ། ཕན་འབྲས་ཇེ་མཐོ་དང་ཚོང་རར་བསྟུན་པའི་མཉམ་ལས་རྩ་འཛུགས་ཤིག་ཁྱོན་ཡོངས་ནས་ཆགས་པ་ཞིག་ཡིན་པར་མ་ཟད། མ་འོངས་པའི་མཉམ་ལས་ཁང་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འཕེལ་སྟངས་ཤིག་ཀྱང་ཡིན།

མིག་སྔར། གཡུ་འབྲུག་མཉམ་ལས་ཁང་གིས་མ་དངུལ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་དྲུག་བཏང་སྟེ། ཐེམ་ཆེན་རྫོང་ཤམ་བྷ་ལ་ཚོང་དོན་མགྲོན་ཁང་དང་། ཧྲེང་ཀོ་ཆང་ཁང་ཆེན་མོ་ཉོ་སྡུད་བྱས་པ་ལས་གཞན། ད་དུང་མི་རིགས་ཀོ་ཆས་ལས་སྣོན་བཟོ་གྲྭ་བཙུགས་པ་དང་། ཤ་སྐམ་བཟོ་གྲྭ་དང་བོད་ལུགས་ཟ་ཁང་སོགས་གཉེར་ཏེ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་མངོན་འགྱུར་འབྱུང་དུ་བཅུག་པ་དང་། ཡོང་སྒོ་འཕར་སྣོན་གྱི་ལམ་བུ་སྣ་མང་རྒྱ་བསྐྱེད་ཅིང་། ངལ་རྩོལ་ནུས་ཤུགས་ལྷག་མ་སྤོ་སྒྱུར་བྱེད་པར་སྐུལ་འདེད། མཉམ་ལས་ཁང་གི་ཚོགས་མིའི་དཔལ་འབྱོར་ཡོང་འབབ་འཕར་སྣོན་འབྱུང་བ། མཉམ་ལས་ཁང་གི་ཐུན་མོང་དཔལ་འབྱོར་འཕར་བ། དཔལ་འབྱོར་འཕར་གནས་གསར་པ་སྐྱེད་སྲིང་བཅས་ཀྱི་ཆེད་དུ་ཆེས་ལེགས་པའི་དཔེ་མཚོན་གསར་པ་ཞིག་བསྐྲུན་ཡོད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།