དམངས་ཕན་སྲིད་ཇུས་ཀྱི་དྲོད་ཁོལ་ཀློང་ན་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་གཅན་ཚའི་འབྲོག་སྡེ་ཞིག
2018.01.05 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 34

ཉན་མཁན་རྣམ་པ། ཞོལ་ནས་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྐལ་བཟང་རྣམ་རྒྱལ་གྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ། དམངས་ཕན་སྲིད་ཇུས་ཀྱི་དྲོད་ཁོལ་ཀློང་ན་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་གཅན་ཚའི་འབྲོག་སྡེ་ཞིག་ཞེས་པ་དེ་གཏོང་རྒྱུ།
གཅན་ཚ་ཐང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ནས་བར་ཐག་སྤྱི་ལེ་བཞི་བཅུ་ལྷག་གི་མཚམས་སུ་ཡོད་པའི་ཕྱུགས་ལས་གཙོ་གཉེར་གྱི་ཞང་ཞིག་ཡིན་ལ། ཞང་ཡོངས་ལ་བསྡོམས་པས་སྡེ་བ་བརྒྱད་དང་ཁྱིམ་ཚང་ཆིག་སྟོང་ལྷག་ཡོད་པ་དང་། ཉེ་བའི་ལོ་འདི་དག་གི་རིང་ལ། རྫོང་དང་ཞང་ཏང་ཨུའི་རྒྱབ་སྐྱོར་དང་ཐུགས་ཁུར་འོག་ཏུ། ཆུ་གློག་ལམ་གསུམ་སོགས་སྡེ་བའི་རྨང་གཞིའི་སྒྲིག་ཆས་ཡོད་ཚད་ལ་འཛུགས་སྐྲུན་བྱས་ཤིང་། སྡེ་བའི་ནང་གི་ཁྱིམ་ཚང་རེ་རེ་ཡི་གནས་ཚུལ་ལྟར་དུ་དབུལ་སྐྱོར་གནད་འཁེལ་གྱི་སྲིད་ཇུས་དངོས་འབེབ་བྱས་མཐར། གནས་སྤོར་སྡེ་བ་སྟེ་ཤ་བཟང་ཐང་སྡེ་བ་ནི་ཡོངས་སུ་དབུལ་ཐར་བྱས་ཟིན་པ་དང་། གཅན་ཚ་ཐང་ཞང་གི་སྡེ་བ་གཞན་པའི་ཁྱིམ་ཚང་ལྔ་བརྒྱ་ལྷག་ལོ་གཉིས་ཀྱི་རིང་ལ་རྣམ་གྲངས་གང་མང་ལ་བརྟེན་ནས་དབུལ་བོ་ལས་ཐར་དགོས་པ་རེད། དེའི་ཕྱོགས་ནས་གཅན་ཚ་ཐང་ཞང་གི་ཧྲུའུ་ཅི་དཔའ་འབྲུག་གིས་བཤད་རྒྱུར།
དཔའ་འབྲུག གཅན་ཚ་རྫོང་ནས་ལྟོས་བཅོས་ཀྱིས་གཅན་ཚ་ཐང་འདི་མང་ཚོགས་ཀྱི་ཆ་རྐྱེན་ཞན་པའི་ས་ཁུལ་ཞིག་ཡིན། གཅན་ཚ་ཐང་ཞང་ལ་ཁྱིམ་ཚང་ཕལ་ཆེར་སྟོང་ལྷག་ཡོད་ལ། དེའི་ནང་དུ་དབུལ་ཕོངས་ཁྱིམ་ཚང་ལྔ་བརྒྱ་ཏག་ཏག་ཡོད། དེ་བས་ང་ཚོའི་དབུལ་ཐར་ཕྱོགས་ཀྱི་བྱ་བ་ཤིན་ཏུ་ལྕི་མོད། དེང་གི་སྲིད་ཇུས་བཟང་པ་དང་།མང་ཚོགས་ལ་བརྩོན་སེམས་ཡོད་པ་གཞིར་བཞག་ནས། ཁྱིམ་ཚང་རེ་རེ་ཡི་གནས་ཚུལ་ལྟར་ངལ་རྩོལ་བྱེད་མི་ཐུབ་པའི་ཁྱིམ་ཚང་རྣམས་རོགས་སྐྱོར་གྱི་རྣམ་གྲངས་ནང་ཚུད་དུ་འཇུག་པ་དང་། ངལ་རྩོལ་ནུས་ཤུགས་ཡོད་པའི་དབུལ་ཁྱིམ་ལ་ཡང་དེར་ཚོད་ཀྱིས་བཀོད་སྒྲིག་བྱས་ཤིང་། སྔོན་མ་ནས་ཁྱིམ་ཚང་རེ་རེ་ཡི་དབུལ་ཕྱུག་གནས་ཚུལ་ཡང་ཞིབ་ཏུ་རྟོག་ཞིབ་ཞིབ་མོ་བརྒྱུད་ནས་དབྱེ་འབྱེད་བྱས་ཡོད་པ་རེད།ཉིན་འགའི་སྔོན་ཏག་ཏག་ལ་ང་ཚོས་ཡང་བསྐྱར་ཁྱིམ་ཚང་རེ་རེ་ཡི་གནས་ཚུལ་དབྱེ་འབྱེད་བྱས་ཡོད།

གཅན་ཚ་ཐང་གི་དཀྱིལ་སྙིང་ས་ཁུལ་ཏེ་ས་བགོས་ཉག་ག་རུ་ཁྱིམ་ཚང་བདུན་བཅུ་ལྷག་གིས་ཚོང་ཁང་ཕྱེས་ནས་ཞོར་ལས་ལ་བརྩོན་བཞིན་ཡོད་་པ་དང་། ལྷག་པར་ཞང་སྲིད་གཞུང་གིས་སྡེ་བའི་ནང་གི་སྔོན་ཐོན་མི་སྣ་རྣམས་ཀྱིས་སྲོལ་རྒྱུན་འབྲོག་ལས་ཐོན་ལས་ཐད་ནས་ཁེ་ལས་ཀྱི་གཞི་རྒྱ་བསྐྱེད་པ་ལ་སྐུལ་འདེད་གཏོང་བཞིན་མཆིས། ང་ཚོ་གསར་འགོད་པས་ཀ་བརྒྱ་སྡེ་བ་དང་པོ་དང་གཉིས་པའི་སྡེ་དཔོན་ལ་བཅར་འདྲི་བྱེད་དུས། ཁོ་ཚོས་བཤད་རྒྱུར།
མདོ་འཛིན་པ། བདེ་མོ། ཁྱོད་ཀ་བརྒྱ་སྡེ་བ་དང་པོའི་སྡེ་དཔོན་ཨེ་རེད།
འབྲུག་བྱམས་རྒྱལ། རེད། ང་ཀ་བརྒྱ་སྡེ་བ་དང་པོའི་སྡེ་དཔོན་ཡིན།
མདོ་འཛིན་པ། སྤྱིར་ན་ནིང་ད་ལོ་ཁྱོད་ཚོའི་སྡེ་བའི་དབུལ་སྐྱོར་གནས་ཚུལ་ག་འདྲ་རེད།
འབྲུག་བྱམས་རྒྱལ། གཅན་ཚ་རྫོང་ན་དབུལ་སྐྱོར་གྱི་སྡེ་བ་སུམ་ཅུ་སོ་བཞི་ཡོད་པ་དང་། ང་ཚོ་ཀ་བརྒྱ་སྡེ་བ་དང་པོ་དབུལ་སྐྱོར་སྡེ་བ་སོ་བཞིའི་གྲས་སུ་གཏོགས་པ་རེད། རྫོང་དང་ཞང་ཏང་ཨུའི་དབུལ་སྐྱོར་གནད་འཁེལ་བྱས་པའི་བཀའ་དྲིན་ལ་མང་ཚོགས་ཀྱིས་ཀྱང་ཤིན་ཏུ་ནས་དགའ་བསུ་ཆེན་པོ་བྱེད་ཀྱིན་འདུག
མདོ་འཛིན་པ། རེད། ཡ་ཁྱོད་ཀ་བརྒྱ་སྡེ་བ་གཉིས་པའི་སྡེ་དཔོན་ཡིན་ནམ།
ཤ་བོ་ཚེ་རིང་། རེད་རེད།
མདོ་འཛིན་པ། ཁྱོད་ཀྱིས་མིང་ལ་ཅི་ཟེར་རམ།
ཤ་བོ་ཚེ་རིང་། ངའི་མིང་ལ་ཤ་བོ་ཚེ་རིང་ཟེར། སྤྱིར་བཏང་གི་ཁྱིམ་ཚང་དབུལ་བོ་དང་དབང་བོ་སྐྱོན་ཅན་ལ་ཕན་ཚུན་སྡེབས་སྒྲིག་བྱེད་པ་དང་། ངལ་རྩོལ་གྱི་ནུས་ཤུགས་ཡོད་ཅིང་ཁྱིམ་ཚང་དབུལ་བོ་ཡིན་པ་རྣམས་ལ་དེར་བསྟུན་གྱིས་བཀོད་སྒྲིག་བྱས་ཡོད་པ་རེད།


སྡེ་བ་ཞིག་ལ་མཚོན་ན་དཔལ་འབྱོར་འཕེལ་རྒྱས་སུ་སོང་ནས། དེང་གི་སྤྱི་ཚོགས་ཀྱི་འགྲོས་དང་ལྷན་དུ་བསྐྱོད་དགོས་པ་ལས་གཞན་ད་དུང་བསམ་བློའི་འཕེལ་རྒྱས་ཀྱང་ཤིན་ཏུ་གལ་ཆེན་ཡིན། གཅན་ཚ་ཐང་ཞང་གིས་སྡེ་བའི་ནང་གི་ངལ་རྩོལ་མི་བྱེད་པར་ཆང་འཐུང་ཤོ་རྒྱག་གི་དུས་ལ་གཡེལ་ནས་ཉི་མ་གཏོང་བའི་མི་ཁ་ཤས་ལ་དམིགས་ནས་ཞང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཏུ། སྡེ་བའི་སྒྲིག་ལམ་གཏན་འཁེལ་བྱས་ཤིང་། སྒྲིག་ལམ་དང་འགལ་ན་འོས་འཚམ་གྱི་ཆད་པ་གཅོད་པ་དང་སློབ་གསོ་གཏོང་པ་སོགས་བྱས་པས། ད་ལྟ་སྡེ་བའི་མི་རྣམས་ཀྱི་བསམ་བློ་དང་ཀུན་སྤྱོད་སོགས་ཕྱོགས་གང་ཐད་ནས་ཡར་རྒྱས་ཆེན་ཆེན་པོ་བྱུང་ཡོད། གཅན་ཚ་ཐང་ཞང་གི་ཞང་གཙོ་སངས་རྒྱས་དོན་འགྲུབ་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་མང་ཚོགས་ལ་དྲིལ་སྒྲོག་བྱས་པའི་གནས་ཚུལ་ངོས་ནས་བཤད་རྒྱུར།
སངས་རྒྱས་དོན་འགྲུབ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དེ་ང་ཚོས་རྫོང་རིམ་པའི་ཚོགས་ཆེན་བཅུ་དགུ་བའི་དྲིལ་སྒྲོག་ལས་བྱེད་རུ་ཁག་མར་ཡོང་ནས། ཞང་རིམ་པ་དང་སྡེ་བ་རིམ་པ་ལ་ཚན་ཁག་བགོས་ནས། མང་ཚོགས་རྣམས་ལ་གོ་སླ་བའི་སྒོ་ནས་བསྒྲགས་པ་རེད། དེ་བས་གཅན་ཚ་ཐང་གི་སྡེ་བ་བརྒྱད་པོ་འདི་སྔོན་ཆད་དང་བསྡུར་ན་ཆབ་སྲིད་དང་བསམ་བློའི་གོ་རྟོགས་ཇེ་ཆེར་སོང་ཡོད།
གོང་དུ་ཞང་གཙོ་སངས་རྒྱས་དོན་འགྲུབ་ཀྱིས་བཤད་ཀྱིན་པ་ནང་ལྟར། གཅན་ཚ་ཐང་གི་འབྲོག་པ་མང་ཚོགས་ལ་སྲིད་ཇུས་སྒྲོག་འགྲེལ་དང་བསམ་བློ་ཡར་སྐུལ། དམངས་ཕན་གྱི་སྲིད་ཇུས་སོགས་དུས་རྒྱུན་བསྒྲགས་དང་སྒྲོག་གིན་ཡོད་པས། ད་ལྟ་སྡེ་བའི་ནང་གི་འབྲོག་དམངས་རྣམས་ཀྱི་བསམ་བློའི་ཆུ་ཚད་ཀྱང་མཐོར་འདེགས་ཆེན་པོ་བྱུང་ནས། མི་རིགས་མཐུན་སྒྲིལ་གྱི་ངོས་ནས་ཀྱང་སྔར་ལས་ཇེ་བཟང་དང་ཇེ་ལེགས་སུ་སོང་ཡོད། ལོ་ན་དོན་གསུམ་ལ་བུད་པའི་སྡེ་བའི་རྒན་པོ་ལྷ་སྐྱབས་རྒྱལ་གྱིས་རང་གི་ཆུང་དུས་ལ་ཕྱིར་དྲན་བྱེད་ཞོར་དུ་འབྲོག་སྡེ་འདིའི་འགྱུར་ལྡོག་དང་འཕེལ་རྒྱས་ངོས་ནས་བཤད་རྒྱུར།
ལྷ་སྐྱབས་རྒྱལ། སྔོན་ཆད་འབྲོག་ལས་རྐྱང་རྐྱང་གི་ས་ཁུལ་ཡིན།ཐོན་ཁུངས་ཅི་ཡང་མེད་ལ། ཐ་ན་ཆུ་ཡི་དཀའ་ཁག་ཀྱང་ཤིན་ཏུ་ཆེ་བ་རེད། ཁྱིམ་ཚང་རེ་རེ་ལ་བཟང་ངན་ཡོད་མོད། ཁྱིམ་ཚང་མང་ཆེ་ཤོས་ལ་དཔྱིད་ཀ་ཐོན་ན་ཟ་མ་ཚར་འགྲོ་བའི་གནས་ཚུལ་ཡོད་པ་རེད།

དེ་ལྟར་ཁོས་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་དོན་བརྒྱད་ལོ་ནི་སྡེ་བ་འདིའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ཏུ་བསམ་འདུག་ལ། རང་གི་མི་ཚེའི་འཚོ་བའི་མྱོང་ཚོར་གླེང་སྐབས་མུ་མཐུད་དུ་བཤད་རྒྱུར།
ལྷ་སྐྱབས་རྒྱལ། བདུན་བཅུ་དོན་བརྒྱད་ཀྱི་རྗེས་སུ།ཕྱི་ཕྱོགས་ལ་སྒོ་ཕྱེས་པ་ནས་བཟུང་། ཚོང་ལས་ཇེ་མང་ལ་སོང་ཞིང་། མང་ཚོགས་ཀྱི་བསམ་པའི་གོ་རྟོགས་ཀྱང་ཇེ་མཐོར་སོང་ནས། མང་ཚོགས་ཀྱི་ཁ་རྒྱབ་ལྟོ་གོས་ཀྱི་གནས་བབ་ཀྱང་སྔོན་དང་བསྡུར་ན་ཇེ་བཟང་ལ་བུད་སོང་། དེ་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། དབུལ་སྐྱོར་ཇེ་མང་ལ་སོང་ཞིང་། དེ་ཤིན་ཏུ་གནད་ལ་འཁེལ་བ་རེད། འཛུགས་སྐྲུན་གྱི་ཕྱོགས་ནས་ཀྱང་ཆུ་གློག་ལམ་གསུམ་དང་སྡོད་ཁང་འཛུགས་སྐྲུན། ཁང་རྙིང་བསྐྱར་གསོ་སོགས་བྱས་ནས་ཚར་ཡོད་པ་རེད། སྔོན་ཆད་སྤྱི་ལོ་གཅིག་དགུ་ང་དགུ་དྲུག་བཅུའི་བར་སྐབས་དེ་ལ། མ་འོངས་པར་གཅན་ཚའི་ཐང་ལ་རླངས་འཁོར་ཡོང་རྒྱུ་རེད། ཟས་མ་མྱོང་བའི་ཚོད་མ་སྣ་ཚོགས་ཟ་ཐུབ་རྒྱུ་རེད་ཟེར་ན། བློ་ངོ་དཔོག་མི་ཐུབ་གི དེའི་རྗེས་ནས་བལྟས་ན་ངོ་མ་གནས་ཚུལ་དེ་འདྲ་སླེབས་བྱུང་། ད་ལྟ་ཕལ་ཆེར་གཅན་ཚ་ཐང་གི་ཁྱིམ་ཚང་མང་ཆེ་ཤོས་ལ་རླངས་འཁོར་ཡང་ཡོད་ཀི རང་ཉིད་ཀྱང་ལོ་ལོན་ནས་འཆི་ཁ་ལ་སླེབས་ཡོད་རུང་། ད་ལྟ་རླངས་འཁོར་ཏག་ཏག་གི་ནང་དུ་འགྲོ་གི་ཡོད། འཚོ་བ་ཡི་འགྱུར་ལྡོག་འདི་དངོས་ནས་འདི་འདྲ་གནམ་ས་བླ་འོག་བརྗེ་བ་ལྟ་བུར་གྱུར་སོང་བ་རེད།


འགྱུར་ལྡོག་མེད་ན་འཕེལ་རྒྱས་མེད་ཟེར་པ་བཞིན། འཕེལ་རྒྱས་ནི་འགྱུར་ལྡོག་དང་སྒྱུར་བཅོས་ཀྱི་ཁྲོད་ནས་ལེགས་སྒྱུར་བྱས་ཏེ་བྱུང་པ་རེད། གཅན་ཚ་ཐང་ཞེས་པའི་འབྲོག་སྡེ་འདི་ལ་མཚོན་ནའང་། ཏང་གི་དམངས་ཕན་སྲིད་ཇུས་ཀྱི་ཐུགས་ཁུར་དྲོན་མོའི་འོག་ཏུ་དབུལ་ཐར་གྱི་ལས་ལ་བརྩོན་བཞིན་འདུག དགུན་ཟླ་བཅུ་གཉིས་པའི་ནམ་ཟླ་ནི་གྲང་འཁྱག་ཤིན་ཏུ་རྒོལ་ནའང་། ང་ཚོ་གསར་འགོད་པས་འབྲོག་དམངས་རེ་རེ་ཡི་གདོང་གི་འཛུམ་མདངས་ལས། ཁོ་ཚོས་འཚོ་བ་ལ་བཅངས་པའི་བརྩེ་དུང་དང་རེ་སྨོན་དཔོག་ཐུབ་ལ།སྡེ་མི་རེ་རེ་ཡི་ཡིད་ཆེས་ཀྱི་མིག་མདངས་ལས། ཁོ་ཚོའི་བྲང་ཁོག་ན་འཁྱིལ་བའི་དམངས་ཕན་སྲིད་ཇུས་ཀྱི་དྲོད་ཁོལ་ཚོར་བྱུང་།

ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྐལ་བཟང་རྣམ་རྒྱལ་གྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ། དམངས་ཕན་སྲིད་ཇུས་ཀྱི་དྲོད་ཁོལ་ཀློང་ན་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་གཅན་ཚའི་འབྲོག་སྡེ་ཞིག་ཞེས་པ་དེ་ཡིན། 



f5da735b125f61121a451cacc3fc19f9.jpg

གཅན་ཚ་ཐང་ཞང་གི་ཧྲུའུ་ཅི་དཔའ་འབྲུག་གིས་སྡེ་བ་སྤྱིའི་གནས་ཚུལ་གླེང་བ།


微信图片_20180103134102.jpg

གཅན་ཚ་ཐང་གི་ཞང་གཙོ་སངས་རྒྱས་དོན་འགྲུབ་ལ་བཅར་འདྲི་བྱེད་ཀྱིན་པ།



微信图片_20180103134040.jpg

གཅན་ཚ་ཐང་ཀ་བརྒྱ་སྡེ་བ་དང་པོའི་སྡེ་དཔོན་འབྲུག་བྱམས་རྒྱལ་ལ་བཅར་འདྲི་བྱེད་ཀྱིན་པ།

微信图片_20180103134047.jpg

གཅན་ཚ་ཐང་གི་རྒན་པོ་ལྷ་སྐྱབས་རྒྱལ་ལ་བཅར་འདྲི་བྱེད་ཀྱིན་པའི་པར།

རྩོམ་སྒྲིག་པ།སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་འཁུར་བ།ཨ་བརྟན་རྒྱལ།
ལྟ་སྐུལ་བ།དབྱངས་ཅན།
སྤྱིའི་ལྟ་སྐུལ་བ།རྣ་བྷ།