མ་རྐང་ལམ་ལུགས་ཅན་གྱི་མཉམ་ལས་ཁང་འཛུགས་སྐྲུན་བྱས་ཚེ། ད་གཟོད་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་འགན་ཁུར་བྱེ་བྲག་ཏུ་གཏོང་ཐུབ། མ་རྐང་ལམ་ལུགས་ཅན་གྱི་མཉམ་ལས་ཁང་འཛུགས་སྐྲུན་བྱེད་པ་ནི་སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་འཁོར་རྒྱུག་བཟང་པོ་བྱེད་པར་སྐུལ་འདེད་གཏོང་བའི་མངོན་སུམ་གྱི་ཐབས་ལམ་ཡིན་ཞེས་མཚོ་སྔོན་ཞིང་ཆེན་ཕྱུགས་ལས་ཐིན་སྤྱི་ཁྱབ་ཕྱུགས་ལས་དགེ་རྒན་ཝང་ཧོས་ལིན་གྱིས་དེ་ལྟར་བཤད། 2014ལོར་རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་བཙུགས་རྗེས། སྔར་གྱི་འཛུགས་སྐྲུན་ཉམས་མྱོང་བསྡུ་ལེན་བྱེད་པའི་རྨང་གཞིའི་སྟེང་། ཐོན་སྐྱེད་འབྲེལ་བ་ལེགས་སྒྲིག་འབུར་དུ་ཐོན་པར་བྱས་པ་དང་། བྱ་བའི་འདུ་ཤེས་དང་བྱེད་ཕྱོགས། བྱེད་ཐབས་བཅས་གསར་སྐྲུན་བྱས། ལྷག་པར་ཞིང་ཆེན་ཡོངས་ཀྱི་ཚོད་ལྟ་ཁུལ་དང་ཚོད་ལྟ་ས་ཚིགས་ཁང་བརྒྱ་ཡིས་མ་རྐང་ལམ་ལུགས་བསྒྱུར་བཀོད་ལ་སྐུལ་འདེད་བྱས་པའི་ཐད་ནས་ངོ་བོ་རང་བཞིན་ལྡན་པའི་ཐོད་བརྒལ་བླངས་ཤིང་། སྦྲ་དཀར་དང་མེ་ལོང་སོགས་དཔེ་མཚོན་མིག་དཔེའི་དཔུང་ཁག་གལ་ཆེན་སྐོར་ཞིག་ལ་སྟོབས་ཤུགས་གསར་བ་རྒྱས་ཏེ། རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བཏོན། ལག་ལེན་བྱས་པ་བརྒྱུད་ཁྱིམ་འབྲེལ་ལམ་ལུགས་དང་ཁྱིམ་ཆེན་ལམ་ལུགས། ཕྱུགས་ཚབ་ལམ་ལུགས་བཅས་ཀྱིས་ཐོན་སྐྱེད་དེང་རབས་ཅན་གྱི་ཕྱོགས་སུ་བསྒྱུར་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ། དབུལ་ཕོངས་མང་ཚོགས་ལ་སྐུལ་ཁྲིད་བྱས་ཏེ་མཉམ་དུ་འབྱོར་ཕྱུག་ལྡན་པ་མངོན་འགྱུར་བྱེད་པ་སོགས་གཏིང་ཟབ་ཅིང་། རྩ་བའི་རང་བཞིན་གྱི་འགལ་བ་བསལ་མི་ཐུབ་པ་ར་སྤྲོད་བྱུང་། ཝང་ཧོས་ལིན་གྱིས་བཤད་རྒྱུར། མ་རྐང་ལམ་ལུགས་ཅན་གྱི་མཉམ་ལས་ཁང་ནི་མིག་སྔའི་གནས་ཚུལ་འོག་སྲོལ་རྒྱུན་ཕྱུགས་ལས་དེ་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཕྱུགས་ལས་སུ་བསྒྱུར་བའི་བགྲོད་ལམ་ཡང་དག་པ་ཞིག་ཡིན་ལ། ཐབས་ལམ་དེས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆའི་རང་བཞིན་མངོན་པར་མཚོན་ཡོད་ལ། ལག་ལེན་ཁྲོད་དུས་ཡུན་རིང་བོར་རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་ལ་བཀག་འགོག་ཐེབས་པའི་གཅིག་གྱུར་ཟུང་དུ་སྦྲེལ་བའི་གནད་དོན་ཐག་བཅད་ཅིང་། སྐྱེ་ཁམས་ཐོན་སྐྱེད་འཚོ་བ་འཁོར་རྒྱུག་བཟང་པོ་དང་ལེགས་སྒྱུར་བྱེད་པར་ཉམས་མྱོང་འདོན་སྤྲོད་དང་ཐབས་ལམ་འཚོལ་ཞིབ་བྱས། སྐྱེ་ཁམས་ཕྱུགས་ལས་མ་རྐང་ལམ་ལུགས་མཉམ་ལས་ཁང་གིས་སྔོན་ལ་རྩྭ་ས་དང་རྗེས་སུ་ཕྱུགས་ཟོག་མ་རྐང་དུ་འཇོག་པ། རྩྭའི་ཐོན་ཚད་ལྟར་ཕྱུགས་གྲངས་གཏན་འཁེལ་བྱས་ཤིང་། རྩྭའི་ཐོན་ཚད་ལྟར་ཕྱུགས་གྲངས་གཏན་འཁེལ་བྱེད་པ་དེ་མཉམ་ལས་ཁང་གི་མི་སྣ་མཉམ་ལས་ཁང་དུ་ཞུགས་པའི་ཆ་རྐྱེན་དུ་བརྩིས་ནས། སྔོན་ལ་རྩྭ་ས་མ་རྐང་དུ་འཇོག་པ་དང་དེ་ནས་ཕྱུགས་གྲངས་གཏན་འཁེལ་བྱེད་དགོས་ལ། ནོར་ལུག་ལྷག་མ་དེ་རང་གིས་ཕྱིར་བཙོང་བ་དང་ཡང་ན་གཅིག་གྱུར་གྱིས་རྟེན་གཞིར་འཚོ་གསོ་བྱས་ནས་གཅིག་བསྡུས་ཀྱིས་ཕྱིར་འཚོང་བའི་བྱེད་ཐབས་བཏོན་ནས། ལམ་ལུགས་ཇུས་འགོད་སྟེང་ཕྱུགས་ཉུང་འཕྲི་བྱས་རུང་ཕན་འབྲས་ཇེ་ཉུང་དུ་མི་འགྲོ་བ་དང་། ཕྱུགས་ཉུང་འཕྲི་བྱས་རུང་ཡོང་སྒོ་ཇེ་ཉུང་དུ་མི་འགྲོ་བ་དངོས་འབེབས་བྱས་ཏེ། ཕྱུགས་འཚོ་སྐྱོང་ཚད་ལས་བརྒལ་བ་བཀག་འགོག་བྱས།