གསར་འགོད་པས་ཉེ་ཆར་ཞིང་ཆེན་དབུལ་སྐྱོར་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་བྱེད་པའི་གཡུལ་འགྱེད་ཆེན་མོའི་ཁྲོད། རང་ཞིང་གིས་ཧུར་ཐག་སྒོས་གྲོང་གསེབ་ཀྱི་རི་ཆུའི་ཐོན་ཁུངས་དག་ཡུལ་སྐོར་ཐོན་ཁུངས་སུ་བསྒྱུར་རྒྱུ་ཡིན་ལ། ལོ་གཅིག་གི་རིང་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་དྲུག་ས་ཡ་ལྔ་བཏང་སྟེ་སྡེ་བའི་ཡུལ་སྐོར་ལས་གཞི་བརྒྱ་དང་ང་ལྔ་ལག་བསྟར་བྱས་ཤིང་། ཧུར་ཐག་སྒོས་མེ་ཏོག་གིས་ཁེངས་པའི་ཞིང་གྲོང་དང་སྤྲོ་སྣང་ལྡན་པའི་ཁ་ཡངས་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་མཚོན་རྟགས་དུ་མ་བཟོས་པས། དབུལ་ཕོངས་མི་གྲངས་ཁྲི་གསུམ་སྟོང་དགུ་ལ་སྣེ་ཁྲིད་དེ་ཡོང་སྒོ་འཕར་སྣོན་བྱུང་།
ཧོང་ཀྲུང་རྫོང་ལམ་ལུང་ཁོག་གྲོང་རྡལ་ཁ་ཡངས་སྡེ་བ་ཡིས་མིག་སྔར་ཞིང་པའི་སྤྲོ་སྐྱིད་ཁང་ཉི་ཤུ་ལྷག་གསར་དུ་ལས་ཤིང་། མཚོ་སྔོན་གྱི་གྲོང་གསེབ་དབུལ་སྐྱོར་ཡུལ་སྐོར་གཞུང་ལམ་སྤྱི་ལེ་བདུན་དང་གྲངས་ཆུང་བརྒྱད་ཐོག་མར་བཟོ་སྐྲུན་བྱས་པ་དེ། སྤྲོ་སྣང་ལྡན་པའི་ཁ་ཡངས་ལྗོངས་ཁུལ་གྱི་འགྲིམ་འགྲུལ་ལམ་དང་མཐུད་འབྲེལ་བྱས་ཏེ། མེ་ཏོག་མཚོ་མོའི་ཡུལ་སྐོར་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས། གྲོང་གསེབ་ཀྱི“ཞིང་པའི་སྤྲོ་སྐྱིད་ཁང”དང་། “ཞིང་པའི་རང་འདེམ་ཚོང་ཁང”འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་པས། ལྗོངས་ཁུལ་འཛུགས་སྐྲུན་ལ་བརྟེན་ནས་དབུལ་ཕོངས་སྡེ་བ་ཞིག་གི“དབུལ་ཕོངས་ཞྭ་མོ”ཕུད་ཐུབ་སོང་། ན་ནིང་། ཁ་ཡངས་ལྗོངས་ཁུལ་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་པ་མི་ཐེངས་འབུམ་གསུམ་ལ་སྣེ་ལེན་བྱས་པ་དང་། སྡེ་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་བརྒྱད་དང་ཆིག་བརྒྱ་འཕར།
སྤེན་མ་ལུང་སྡེ་བའི་མེ་ཏོག་ལྗོངས་ཁུལ་ནི་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཧྲུའོ་པེ་བོད་རིགས་ཞང་གིས་བཟོས་པའི་གྲོང་གསེབ་ཡུལ་སྐོར་མཚོན་རྟགས་ཤིག་ཡིན་ལ། གྲོང་གསེབ་ཡུལ་སྐོར་དབུལ་སྐྱོར་ཐོན་སྐྱེད་ཁུལ་ཡང་ཡིན། ལྗོངས་ཁུལ་གྱིས་འཕེལ་རྒྱས་གཏོང་སྟངས་བསྒྱུར་ཏེ། ཞིང་ས་མ་རྐང་དུ་ཞུགས་པའི་རྣམ་པ་ལ་བརྟེན་ནས་ཁྱིམ་ཚང་བརྒྱ་དང་དྲུག་གི་སྡོད་དམངས་ཀྱི་ས་ཞིང་སྤྱི་ཆིང་བཞི་བཅུ་དེ“མེ་ཏོག་གི་རྒྱ་མཚོ”ཞེས་པའི་ལྗོངས་ཁུལ་འཛུགས་སྐྲུན་ཕྱོགས་སུ་བཀོལ། རིམ་བསགས་ཀྱིས་བརྩོན་ལེན་བྱས་པའི་སྒོར་ས་ཡ་བདུན་ལྷག་རིམ་པ་སོ་སོ་དང་རིགས་སོ་སོའི་ལས་གཞི་ཡི་མ་རྐང་དུ་ཕབ་པ་དག་སྡེ་དམངས་རེ་རེའི་མགོར་ཚད་འཇལ་བྱས་ཏེ་བཞག་པ་དང་། གཞན་དབུལ་ཕོངས་ཁྱིམ་ཚང་དགུ་ཡི་ཐོན་ལས་དབུལ་སྐྱོར་མ་དངུལ་སྒོར་འབུམ་གཅིག་ཁྲི་བཞི་སྟོང་དྲུག་མ་རྐང་ཚད་འཇལ་བྱས་ཏེ། སྡེ་དམངས་རྣམས་ལྗོངས་ཁུལ་གྱི“བདག་པོ”ངོ་མ་རུ་འགྱུར་བར་བྱས། ཉིས་སྟོང་བཅུ་དྲུག་ལོར། ལྗོངས་ཁུལ་གྱི་འགྲུལ་པ་ཕར་ཚུར་འགྲོ་ཚད་མི་ཐེངས་འབུམ་གསུམ་ལྷག་ལ་སླེབས་པ་དང་། འཛིན་བྱང་གི་ཡོང་སྒོ་སྒོར་ས་ཡ་གཅིག་འབུམ་བཞི་ལྷག་དང་། ཞིང་པའི་སྤྲོ་སྐྱིད་ཁང་གི་ཡོང་སྒོ་སྒོར་ས་ཡ་གསུམ་ལྷག་ལ་བུད་དེ། སྡེ་བ་ཡོངས་ཀྱི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་གཉིས་འཕར་བ་དང་། དབུལ་ཕོངས་ཁྱིམ་ཚང་ཡོངས་རྫོགས་བརྟན་པོར་དབུལ་ཐར་བྱས།
ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཞི་ཧྲན་ཞང་ཡ་ཧོ་སྡེ་བས་རི་ཆུ་བཟོ་བཅོས་བྱས་ཏེ། “ཆེས་མཛེས་པའི་བྱང་ཕྱོགས་སྐས་ཞིང”བསྐྲུན་པ་དང《ཞི་ཧྲན་ཞང་གི“ཆེས་མཛེས་པའི་བྱང་ཕྱོགས་སྐས་ཞིང་གི་སྤྲོ་གསེང་གླིང”གི་འཆར་འགོད》དེ་ཞིང་ཆེན་དབུལ་སྐྱོར་ཅུའུ་ཡི་ཡུལ་སྐོར་དབུལ་སྐྱོར་ལས་གཞིའི་ནང་བཀོད་ནས། དབུལ་སྐྱོར་མ་དངུལ་སྒོར་ས་ཡ་བདུན་འབུམ་གཉིས་ཁྲི་ལྔ་བརྩོན་ལེན་བྱས། ལས་གཞི་དེ་ལག་བསྟར་བྱས་རྗེས་ཞི་ཧྲན་ཞང་ཡ་ཧོ་སྡེ་བ་དང་དབྱང་ཞུས་སྡེ་བའི་ཁྱིམ་ཚང་ཉིས་བརྒྱ་དང་ཉེར་བཞི་ཡི་དབུལ་ཕོངས་མི་གྲངས་བརྒྱད་བརྒྱ་དང་ཉེར་གཅིག་ལ་ཕན་ཐོགས་པར་མ་ཟད། ལོ་རེའི་ཡུལ་སྐོར་དུས་ཆེན་གྱི་སྐབས་སུ་མི་འབོར་འབུམ་གཅིག་ཁྲི་ལྔ་སྣེ་ལེན་བྱེད་ཐུབ། མི་རེས་སྒོར་བརྒྱ་རེ་འཛད་སྤྱོད་བྱས་པ་ལྟར་བརྩིས་ན་དབུལ་ཕོངས་ཁྱིམ་ཚང་རེ་རེར་ཆ་སྙོམས་ཀྱིས་ཡོང་སྒོ་སྒོར་ཁྲི་གཅིག་སྟོང་གཅིག་བདུན་བརྒྱ་འཕར་ཐུབ་ལ། ལོ་ཧྲིལ་པོར་མི་རེར་ཡོང་སྒོ་སྒོར་སྟོང་གསུམ་དང་ཉིས་བརྒྱ་འཕར་ཐུབ།
གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། མཚོ་སྔོན་གྱི་ས་ཁུལ་བརྒྱ་ཆའི་དྲུག་བཅུ་ཡན་གྲོང་གསེབ་ཏུ་གནས་ཡོད་པ་དང་། གྲོང་གསེབ་མི་ཉུང་བ་ཞིག་ལ་ཐུན་མོང་མ་ཡིན་པའི་ལོ་རྒྱུས་རིག་གནས་དང་རང་བྱུང་ཡུལ་ལྗོངས་ཡོད། རང་ཞིང་གིས་སྐྱེ་ཁམས་རིག་གནས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བ་དེ“དབུལ་སྐྱོར་གཙོ་ཁྲིད་ཐོན་ལས་ཆེན་པོ་ལྔ”ཡི་ནང་བཞག་ཡོད། མིག་སྔར་གྲོང་གསེབ་ཡུལ་སྐོར་དེ་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཐད་ཀྱི་“གཡུལ་ས་གཙོ་བོ”རུ་གྱུར་ཅིང་ཡུལ་སྐོར་དབུལ་སྐྱོར་དེ་མཚོ་སྔོན་གྱི་དབུལ་ཐར་འགག་སྒྲོལ་གྱི་ནུས་ལྡན་འགྲོ་ལམ་དུ་གྱུར་དང་འགྱུར་བཞིན་འདུག
རྩོམ་སྒྲིག་པ། སྐར་མ་འཚོ།