ཞུང་ཧྭ་རྫོང་བུས་མདོ་ཞང་ཉ་གཤོང་སྡེ་བའི་ཀུན་འདུས་ཞལ་ཐང་ཆེན་མོ་དེ་འཛམ་གླིང་གི་ཅི་ཉི་སིའི་གྲས་སུ་ཚུད།
2018.01.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 65

མཚོ་སྔོན་དང་བོད་ལྗོངས།  ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ཀྱི་དམངས་ཁྲོད་སྒྱུ་རྩལ་པ་བཞི་བརྒྱ་ཡིས་ལོ་ངོ་བཞི་ལྷག་གི་དུས་ཚོད་བེད་སྤྱད་ནས། རིང་ཚད་ལ་རྨིད་དྲུག་བརྒྱ་བཅོ་བརྒྱད། ཞེང་ཚད་ལ་རྨིད་གཉིས་གྲངས་ཆུང་ལྔ་ཡོད་པའི་ཞལ་ཐང་ཆེན་མོ་ཞིག་འབྲི་བཞེངས་བྱས་ནས་ལེགས་གྲུབ་བྱུང་བ་ནི《ཀྲུང་གོའི་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོ》ཞེས་པ་དེ་ཡིན། འཛམ་གླིང་སྟེང་ཆེས་རིང་བའི་ཞལ་ཐང་ཡིན་པས་ཅི་ཉི་སིའི་གཟེངས་རྟགས་ཐོབ། ཀུན་འདུས་ཞལ་ཐང་ཆེན་མོའི་གཙོ་འགན་པ་བརྩོན་འགྲུས་རབ་རྒྱས་ལགས་ནི་ཞུང་ཧྭ་རྫོང་བིས་མདོ་ཞང་ཉ་གཤོང་སྡེ་བའི་གཟི་བརྗིད་ཡིན་ལ། ཁོ་ནི་1951ལོའི་ཟླ12པར་ཞུང་ཧྭ་རྫོང་བིས་མདོ་ཞང་གི་ཞིང་བ་དཀྱུས་མ་ཞིག་གི་ཁྱིམ་དུ་སྐྱེས། ཁོང་གིས་ད་ལྟ་མཐོ་རིམ་མཛེས་རྩལ་པ་དང་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་མཛེས་རིས་ཡར་སྐུལ་ཚོགས་པའི་ལས་འཛིན་པ། མཚོ་སྔོན་ཞིང་ཆེན་སྐབས་བཞི་བའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན། མཚོ་སྔོན་ཞིང་ཆེན་བོད་རིག་ཞིབ་འཇུག་ཚོགས་པའི་ལས་འཛིན། ཀུན་འདུས་ཞལ་ཐང་ཆེན་མོའི་སྤྱི་ཁྱབ་ཇུས་འགོད་པ་དང་ཁག་ཁུར་བ་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།

ཁོ་ལོ་ན་ཆུང་དུས་ནས་ཞུང་ཧྭ་རྫོང་བིས་མདོ་དགོན་ཆེན་དུ་ཡི་གེ་འབྲི་ཀློག་བསླབས་པ་ཙམ་ལས་སློབ་གྲྭ་ཆེ་ཁག་ཏུ་འགྲིམ་པའི་སྐལ་བ་མ་ལྡན་པར་དམངས་ཁྲོད་སྒྱུ་རྩལ་པ་བཟོད་པ་ལགས་ཀྱི་མདུན་དུ་རི་མོ་འབྲི་བ་ནས་འགོ་བརྩམས་ཏེ། རང་གི་ལྷན་སྐྱེས་ཀྱི་ཤེས་རབ་དང་བརྩོན་པ་ལ་བརྟེན་ནས་འབྲས་བུ་གང་འཚམ་ཐོབ་པའི་རྨང་གཞིའི་སྟེང་། སྔ་རྗེས་སུ་ཞིང་ཆེན་དང་རྫོང་རིམ་པའི་ཟབ་སྦྱོང་འཛིན་གྲྭར་ཞུགས་པས་དེང་རབས་རི་མོའི་ལག་རྩལ་བྱང་ཆུབ་པར་གྱུར། 1972ལོར་རི་མོའི་བྱ་བར་དངོས་སུ་ཞུགས་པ་ནས་བཟུང་བརྩོན་པ་ཆེན་པོས་མུ་མཐུད་དུ་རྒྱལ་ཁབ་ཕྱི་ནང་གི་བྲིས་འབུར་རི་མོ་སྣ་ཚོགས་སྦྱངས་ཤིང་། ལྷག་པར་དུ་རྐ་སར་ཀུན་བཟང་ལགས་དགེ་རྒན་དུ་བསྟེན་ཏེ་བོད་ཀྱི་རི་མོའི་འབྲི་རྩལ་གཞུང་དང་ལག་ལེན་སྦྱངས་ཏེ་རྒྱ་བོད་ཟུང་འབྲེལ་གྱི་རི་མོ་མང་པོ་ཞིག་གསར་རྩོམ་བྱས་པ་ལ་སྤྱི་ཚོགས་སྟེང་བྱ་དགའ་ཐེངས་མང་ཐོབ་ཅིང་མཁས་མང་གིས་གདེང་འཇོག་མཐོན་པོ་དང་། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པས་ཁོའི་མཚན་སྙན་གྲགས་དེ་འཛམ་གླིང་མི་སྣ་གྲགས་ཅན་གྱི་ཟིན་ཐོར་བཀོད་ཡོད། རྒྱལ་སྤྱིའི་མཛེས་རྩལ་པ་མཉམ་འབྲེལ་ལྷན་ཚོགས་སོགས་འཛམ་གླིང་རིམ་པའི་སྒྱུ་རྩལ་སྡེ་ཁག་བཅུ་དྲུག་གིས་ཁྱོད་ཀྱིས་མིའི་རིགས་ལ་བསྐྲུན་པའི་ཕྱག་རྗེས་ནི་འབུར་དུ་ཐོན་པ་ཞིག་ཡིན་ཞེས་བསྟོད་ཚིག་བཀོད་པའི་འཛིན་ཡིག་གནངས་ལ། བོད་ཀྱི་མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་གིས་མདོ་སྨད་པ་རིག་པའི་དཔའ་བོ་ཞེས་བསྔགས་བརྗོད་མཛད། 

རང་གི་མི་ཚེ་དོན་ཡོད་དུ་སྒྲུབ་པ་དང་། མི་ཡུལ་ལ་ཟས་རིན་ཙམ་གྱི་ལེགས་རྗེས་ཤིག་བསྐྲུན་ཕྱིར་ལོ་མང་པོ་ཞིག་ཏུ་ཁོའི་བསམ་བློར་འཆར་ཟིན་ལེགས་པར་བཀོད་པའི་རྨང་གཞིའི་སྟེང་། རང་ཉིད་ལ་དངོས་པོའི་ཆ་རྐྱེན་གང་ཡང་མེད་པ་ལ་མ་བལྟས་པར། སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་འོག་དཀའ་ཁག་ཡོད་ཚད་རང་སྟེང་གིས་ཁྱད་དུ་བསད་དེ1996ལོ་ནས་དངོས་སུ«ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོ»བཞེངས་ཏེ་གྲུབ་པར་བྱས་པ་འདི་ནི་ཁོས་རང་ཉིད་དགའ་བའི་རི་མོའི་ཆེད་ལས་སྒྱུ་རྩལ་དེ་ལ་བརྟེན་ནས་འཇིག་རྟེན་གྱི་མིའི་རིགས་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཡིན། 

《ཀུན་འདུས་ཞལ་ཐང་ཆེན་མོ》ཡི་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་སྟེ།  བོད་རིགས་ཀྱི་ལོ་རྒྱུས་དང་རིག་གནས། དམངས་སྲོལ།  སྒྱུ་རྩལ་སོགས་ཀྱི་ནང་དོན་མང་པོ་འདུས།  གཙོ་བོ་ཕྱིའི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང་ནང་བཅུད་ཀྱི་སེམས་ཅན་གྲུབ་ཚུལ།  བོད་གངས་ཅན་ལྗོངས་སུ་འགྲོ་བ་མིའི་རིགས་བྱུང་ཚུལ།  པུར་རྒྱལ་བོད་ཀྱི་གདུང་རབས། སྟོན་པ་ཤྰཀྱ་ཐུབ་པའི་སྐྱེས་རབས། གཡང་དྲུང་བོན་དང་རྙིང་མ།  ས་སྐྱ། བཀའ་བརྒྱུད།  བཀའ་གདམས།  དགེ་ལུགས། ཇོ་ནང་སོགས་ཀྱི་གྲུབ་མཐའ་བྱུང་ཚུལ། གྲུབ་མཐའ་དེ་དག་གི་སྐྱེས་ཆེན་དམ་པའི་མཛད་རྣམ། གསོ་རིག།  གནམ་དཔྱད་རིག་པ།  སྒྱུ་རྩལ་རྩོམ་རིག་འཛུགས་སྐྲུན། དེ་མིན་བོད་ཁུལ་གྱི་དགོན་སྡེ།  རི་ཆུ་གྲགས་ཅན།  དུས་སྟོན་དང་རྒྱན་གོས་སྣ་ཚོགས།  ཡུལ་སྲོལ་གོམས་གཤིས་དང་སྤྱོད་ལམ་སྣ་ཚོགས།  སྡོད་ཁང༌། སྦྲ་གུར། པ་ཏྲ་རྒྱན་གྱི་རི་མོ་དང་བཀྲ་ཤིས་རྟགས་མཚན་གྱི་རི་མོ་སོགས་འདུས་ཡོད་པས།  བོད་ཀྱི་ལོ་རྒྱུས་དང་རིག་གནས་ཀུན་འདུས་ཀྱི་དེབ་ཐེར་ཆེན་མོའང་ཡིན། 

ཅིའི་ཕྱིར་ཡུལ་མི་ཚོས་བརྩོན་འགྲུས་རབ་རྒྱས་ངོ་སྤྲོད་བྱས་པ་ལ་བརྟེན་ནས་ཉ་གཤོང་སྡེ་བ་གླེང་དགོས་ཟེར་ན། ཡུལ་དེ་ནི་མི་རིགས་རིག་གནས་ཀྱི་གཏེར་མཛོད་ལྟ་བུ་ཞིག་ཡིན་པས། གནས་དེ་ལ་བརྟག་དཔྱད་དུ་སོང་དུས་ད་གཟོད་དངོས་སུ་ཚོར་ངེས། ཉ་གཤོང་སྡེ་བ་ནི་ལུང་བ་ཞིག་གི་ནང་དུ་ཡོད་ལ། རྒྱབ་ཕྱོགས་སུ་རི་དང་མདུན་ཕྱོགས་སུ་ཆུ་ཡོད་པའི་རི་ཆུ་གཉིས་འཛོམས་ཀྱི་ས་ཆ་ཞིག་ན་ཡོད། སྡེ་བ་འདིར་སྲོལ་རྒྱུན་གྱི་རྣམ་པ་སྔར་བཞིན་གནས་ཡོད་ལ། སྡོད་དམངས་གཙོ་བོ་ནི་ཨ་མདོའི་བོད་རིགས་ཡིན།  སྡེ་བའི་མཐའ་འཁོར་དུ་ས་ཞིང་དང་ནགས་ཚལ་སྟུག་པོ་སོགས་ཡོད་པས། ཉ་གཤོང་སྡེ་བར་ཐོན་པ་ན། གདོད་མའི་ནགས་ཚལ་དུ་ཐོན་པ་དང་ཀུན་ནས་མཚུངས། བཤད་རྒྱུན་ལ་སྡེ་བ་དེའི་སྡོང་བོ་ཁ་ཤས་ལོ་ལྔ་བརྒྱ་ལྷག་གི་ལོ་རྒྱུས་འགོར་ཡོད་ཟེར། 

ལོ་ཙཱ་བ། སྐར་མ་འཚོ།