བཀྲ་ཤིས་གཏམ་བཟང་སྙན་མོ། ཟོལ་མེད་རེ་བཞག་ཆེན་མོ།
2018.01.29 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 55

ཟླ་དང་པོའི་ཚེས17ཉིན་གྱི་ཕྱི་དྲོར། 《མཚོ་སྔོན་སྤྱི་ཚོགས་ཚན་རིག》བོད་ཡིག་དེབ་གསར་བཏོན་མཛད་སྒོ་དང་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་གླེང་སྟེགས་ཟི་ལིང་རྣམ་རྒྱལ་མགྲོན་ཁང་དུ་བསྡུས་ཤིང་། འབྲེལ་ཡོད་མགོ་ཁྲིད་དང་ཆེད་མཁས་པ། རྩོམ་སྒྲིག་པ་རྒན་པ་སྐོར་ཞིག་འཛོམས་ནས། 《མཚོ་སྔོན་སྤྱི་ཚོགས་ཚན་རིག》བོད་ཡིག་དུས་དེབ་གསར་དུ་བཏོན་པར་རྟེན་འབྲེལ་ཞུས་པ་དང་། དུས་མཚུངས་སུ་དུས་དེབ་གསར་བཏོན་གྱི་དགེ་མཚན་དང་མ་འོངས་རྩོམ་སྒྲིག་ཁྲོད་མཉམ་འཇོག་བྱ་དགོས་རིགས་སོགས་ཀྱི་སྐོར་ལ་བསམ་ཚུལ་ལྷུག་བརྗོད་དང་བསམ་བློ་བརྗེ་རེས་འཁྲུག་པོ་བྱས་པར། མཚོ་སྔོན་བོད་ཡིག་ཚགས་པར་སྟེང་ཁོ་ཚོའི་གཏམ་བཤད་ཁ་ཤས་སྙིང་བསྡུས་ཀྱིས་བཀོད་པ་ནི་གཤམ་གསལ་ལྟར། 

མཚོ་སྔོན་སྤྱི་ཚོགས་ཚན་རིག་གླིང་གི་གླིང་གཙོ་ཁྲིན་ལྦེ་ཡིས་བཤད་རྒྱུར། འབད་བརྩོན་ལྷོད་མེད་དང་ཧུར་ཐག་གིས་བརྩོན་ལེན་བྱས་པར། རྒྱལ་ཁབ་གསར་འགྱུར་པར་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་དང་ཞིང་ཆེན་ཏང་ཨུས་ཆོག་མཆན་ཐོབ་པ་བརྒྱུད་དེ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་དོ་དམ་བྱེད་ཅིང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གིས་གཙོ་སྒྲུབ་བྱེད་པའི《མཚོ་སྔོན་སྤྱི་ཚོགས་ཚན་རིག》བོད་ཡིག་དེབ་དངོས་སུ་གསར་འདོན་བྱས་པ་ཡིན་ཞིང་། བདག་གིས་གཙོ་སྒྲུབ་ལས་ཁུངས་ཀྱི་ཚབ་བྱས་ནས་འདིར་ཕེབས་མགོ་ཁྲིད་དང་ཆེད་མཁས་པ་རྣམ་པར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིང་གི་མགོ་ཁྲིད་པས་དུས་དེབ་འདི་གསར་འདོན་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་པ་ཡིན། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་ཤུགས་ཤུགས་དྲག་ཏུ་འགྲོ་བ་དང་རྒྱལ་དམངས་སྤུས་མཚག་མཐོར་འདེགས་བྱུང་བ་དང་བསྟུན་ནས། སྤྱི་ཚོགས་ལས་རིགས་ཁག་དང་མི་རིགས་ཁག་གི་མང་ཚོགས་ཀྱི་སྤྱི་ཚོགས་ཚན་རིག་ལ་ངེས་ཤེས་འདྲོང་འདོད་ཆེ་རུ་རྒྱས་བཞིན་པའི་སྒང་འདིར། སྤྱི་ཚོགས་ཚན་རིག་གི་རིག་གཞུང་དུས་དེབ་ཆར་རྗེས་ཀྱི་ཤ་མོ་བཞིན་འཕེལ་གྱིན་ཡོད། དེ་ལྟ་ནའང་མཚོ་སྔོན་དང་ཀན་སུའུ། བོད་ལྗོངས། ཡུན་ནན། སི་ཁྲོན་བཅས་ཞིང་ལྗོངས་ལྔའི་བོད་ཡིག་གི་སྤྱི་ཚོགས་ཚན་རིག་སྐོར་གྱི་དུས་དེབ་ནི་ལྟོས་བཅས་ཀྱིས་ཉུང་ཞིང་གཉོམ་པར་འདུག་པས། 《མཚོ་སྔོན་སྤྱི་ཚོགས་ཚན་རིག》བོད་ཡིག་དེབ་ནི་དུས་ཐོག་ཆར་བ་ལྟ་བུར་གྱུར་ཡོད། དེ་ཡང《མཚོ་སྔོན་སྤྱི་ཚོགས་ཚན་རིག》བོད་ཡིག་དེབ་ནི་དུས་ཚིགས་རེར་དེབ་རེ་འདོན་རྩིས་ཡིན་ལ། དེ་ལ་ཆབ་སྲིད་རིག་པ་དང་དཔལ་འབྱོར་རིག་པ། སྐྱེ་ཁམས་རིག་པ། མི་རིགས་རིག་པ། ཆོས་ལུགས་རིག་པ། ཁྲིམས་ལུགས་རིག་པ། ལོ་རྒྱུས་རིག་པ། མིའི་རིགས་རིག་པ། དམངས་སྲོལ་རིག་པ། སློབ་གསོ་རིག་པ། སྐད་བརྡ་རིག་པ། བོད་སྨན་སྨན་རྫས་རིག་པ། རྩོམ་རིག་སྒྱུ་རྩལ་རིག་པ་སོགས་ཀྱི་སྐོར་ནས་ཁྱད་ཆོས་ལྡན་པའི་ལེ་ཚན་བཀོད་སྒྲིག་བྱས་ཡོད།

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་རབ་བརྟན་ཚེ་རིང་གིས་བཤད་རྒྱུར། དེ་རིང་ནི《མཚོ་སྔོན་སྤྱི་ཚོགས་ཚན་རིག》བོད་ཡིག་དེབ་གསར་བཏོན་གྱི་བཀྲ་ཤིས་ཉིན་མོ་ཡིན་ལ། ཁོ་བོ་ནི་སྔོན་ཆད་དུས་དེབ་སྒྲིག་མཁན་ཞིག་དང་ད་ལྟ་དཔེ་སྐྲུན་ལས་རིགས་གཉེར་མཁན་ཞིག མི་རིགས་དཔེ་སྐྲུན་ལས་རིགས་ཀྱི་གྲོགས་པོ་ཞིག་ཡིན་པ་བཅས་ཀྱི་ཆ་ནས་ལྷག་བསམ་ཟོལ་མེད་ཀྱིས་རྟེན་འབྲེལ་ཞུས་པ་ཡིན། མཚོ་སྔོན་སྤྱི་ཚོགས་ཚན་རིག་རྒྱ་ཡིག་དེབ་ནི་རང་རེའི་ཞིང་ཆེན་གྱི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་འབྲས་བུ་འདོན་སྤེལ་བྱེད་སའི་སྟེགས་བུ་གལ་ཆེན་ཞིག་དང་རང་རེའི་ཞིང་ཆེན་གྱི་རིག་གཞུང་དུས་དེབ་གྲགས་སྙན་ཅན་ཞིག་ཡིན་ཞིང་། དེ་ལ་བོད་ཡིག་དེབ་གསར་དུ་བཏོན་པ་ནི་ཡིག་རིགས་ཤིག་གི་འགྱུར་ལྡོག་ཙམ་མ་ཡིན་པར་རྩོམ་ཡིག་ནང་དོན་དང་ཞིབ་འཇུག་ལ་ཁ་གསབ་དང་ཞིབ་འཇུག་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་པ་ཞིག་ཡིན་པ་དང་། དྲིལ་སྒྲོག་གི་མཐོང་སྣེ་རྒྱུན་བསྲིངས་པ་ཞིག་ཀྱང་ཡིན། བོད་ཡིག་གི་རིག་གཞུང་དུས་དེབ་འདིས་མཚོ་སྔོན་ལ་རྐང་འཛུགས་པ་དང་། བོད་ཁམས་ཡོངས་ལ་ཁ་ཕྱོགས་པ། རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ལ་ཁ་ཕྱོགས་པའི་མཐོ་ཚད་ཡོད་ལ་ཟབ་ཚད་བདོག་པ། ཆུ་ཚད་ལྡན་པ། ཁྱད་ཆོས་ཡོད་པ་བཅས་ཀྱི་གྲངས་ཉུང་མི་རིགས་སྐད་ཡིག་གིས་གྲུབ་པའི་དུས་དེབ་ཅིག་ཏུ་འགྱུར་བའི་རེ་བ་ཡོད།ང་ཚོའི་མཚོ་སྔོན་ལ་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་དང་མཚར་སྡུག་ལྡན་པའི་རང་བྱུང་ཁམས། ཁྱད་ཆོས་ལྡན་པའི་ས་གནས་མི་སྣ། ལོ་མང་པོའི་རིང་ལ་གྲུབ་པའི་མཚོ་སྔོན་གྱི་སྙིང་སྟོབས་སོགས་ཡོད་ལ། དེ་ལས་ཀྱང་གསོན་ཤུགས་འབར་བའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་ཀྱི་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་སྔོན་ཐོན་ཁུལ་འཛུགས་སྐྲུན་སོགས་ཀྱང་ཡོད་པ་ནི་དུས་དེབ་འདིའི་ནང་དོན་དང་དམ་པར་སྦྲེལ་དགོས་ལ། དེ་བཞིན་དུ་ངེས་པར་མཐོ་སྒང་གི་ཁྱད་ཆོས་དང་མཚོ་སྔོན་གྱི་ཁྱད་ཆོས་ཁྱབ་སྒྲོག་དང་། སྐྱེ་ཁམས་འཛུགས་སྐྲུན་ཕྱོགས་ཀྱི་ཞིབ་འཇུག་གྲུབ་འབྲས་དྲིལ་སྒྲོག་བྱེད་པ། རིགས་སོ་སོའི་མི་དམངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་རྒྱུན་འཛིན་བྱེད་པར་ཤུགས་འདོན་དགོས།

མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་གཅོད་པ་དོན་འགྲུབ་གྱིས་བཤད་རྒྱུར། ཐོག་མར་བདག་གིས《མཚོ་སྔོན་སྤྱི་ཚོགས་ཚན་རིག》བོད་ཡིག་དེབ་གསར་འདོན་བྱས་པར་རྟེན་འབྲེལ་ཞུས་པ་ཡིན་ལ། མཚོ་སྔོན་ལ་མཚོན་ན་སྤྱི་ཚོགས་ཚན་རིག་ཕྱོགས་ཀྱི་སྟོང་ཆ་ཆེན་པོ་ཞིག་བསྐངས་ཐུབ་སོང་བ་ཡིན་པ་དང་།ལས་ཀ་འདི་ལྟ་བུ་ཞིག་སྒྲུབ་ཐུབ་པ་ནི་ལས་སླ་མོ་མིན་པ་ཤེས་པར་བྱས་ནས་ཀུན་གྱིས་རྒྱབ་སྐྱོར་བྱེད་དགོས། དེ་ཡང་བོད་རིག་པ་ཞིབ་འཇུག་གི་དར་ཆ་རང་རྒྱལ་གྱིས་འཛིན་དགོས་ཤིང་། དེ་འཛིན་པ་ལ་དུས་དེབ་འདི་ལྟ་བུ་ཤིན་ཏུ་མཁོ་འདུག་ལ། དེ་བཞིན་དུ་དུས་དེབ་འདི་སྲོག་ཤིང་དུས་དེབ་བམ་བྱེད་ནུས་འདོན་ཐུབ་པའི་དུས་དེབ་ཅིག་ཏུ་བསྒྱུར་བར་མང་པོས་མཉམ་འབད་བྱ་དགོས།

མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་ཧྲུའུ་ཅི་མ་ཎི་འབུམ་གྱིས་བཤད་རྒྱུར། དེ་རིང《མཚོ་སྔོན་སྤྱི་ཚོགས་ཚན་རིག》བོད་ཡིག་དེབ་དངོས་སུ་གསར་འདོན་བྱེད་ཐུབ་པ་བྱུང་བ་ནི་མཚོ་སྔོན་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་དགའ་འོས་པའི་དོན་ཆེན་ཞིག་ཡིན་ལ། ང་རང་དུས་དེབ་འདིའི་གྲོས་མགོ་འདོན་མཁན་དང་ལས་ཀ་སྒྲུབ་མཁན་གྱི་གྲས་ཡིན་པའི་ཆ་ནས་འདིར་ཕེབས་སྐུ་མགྲོན་རྣམ་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། 《མཚོ་སྔོན་སྤྱི་ཚོགས་ཚན་རིག》བོད་ཡིག་དེབ་ནི་དུས་རབས་གསར་པའི་བོད་ཁུལ་གྱི་བསམ་བློ་རིག་གནས་འཛུགས་སྐྲུན་ལ་དམིགས་པ་དང་སྒོས་སུ་སྤུས་བཟང་གཞུང་ལུགས་འཇོན་མིའི་དཔུང་ཁག་གསོ་སྐྱོང་བྱེད་པར་དམིགས་པ་ཡིན་ལ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་གསར་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པར་དམིགས་པ་དང་། སྒོས་སུ་བོད་ཁུལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་ལ་ཞབས་འདེགས་སྔར་བས་བཟང་པོ་བྱ་བའི་ཆེད་དུ་གསར་འདོན་བྱས་པ་ཡིན། དེ་ཡིས་བོད་ཡིག་གིས་གསར་རྩོམ་བྱས་པའི་གཞུང་ལུགས་བརྩམས་ཆོས་ཉུང་བ་དང་། བོད་ཡིག་གི་སྤྱི་ཚོགས་ཚན་རིག་གི་དུས་དེབ་ཤིན་ཏུ་ཉུང་བ། བོད་ཡིག་སྤྱད་དེ་གཞུང་ལུགས་བྱེད་ཕྱོགས་སྲིད་ཇུས་སློབ་སྦྱོང་དང་དྲིལ་སྒྲོག་བྱས་པ་མི་འདང་བ། བོད་རིགས་གཞུང་ལུགས་འཇོན་མིའི་དཔུང་ཁག་གི་སྤྱི་གྲངས་ཉུང་བ་དང་གྲུབ་ཚུལ་ལུགས་མཐུན་མིན་པ་ལ་སོགས་པའི་གནད་དོན་ཐག་གཅོད་པའི་ཕྱོགས་སུ་ནུས་པ་འདོན་ངེས་ལ་བྱས་རྗེས་ཀྱང་འཇོག་སྲིད།

མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིང་གི་གསར་འགྱུར་དཔེ་སྐྲུན་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲུའུ་ཕིང་ཡིས་བཤད་རྒྱུར།
ཐོག་མར་ངས་མཚོ་སྔོན་སློབ་ཆེན་གྱི་བོད་ཡིག་སྤྱོད་པའི་དགེ་རྒན་དང་ཞིབ་འཇུག་པ་སོགས་ཀྱི་ཚབ་བྱས་ནས《མཚོ་སྔོན་སྤྱི་ཚོགས་ཚན་རིག》 བོད་ཡིག་དེབ་གསར་དུ་བཏོན་པར་རྟེན་འབྲེལ་ཞུས་པ་དང་། 《མཚོ་སྔོན་མི་རིགས་སློབ་ཆེན་རིག་གཞུང་དུས་དེབ》བོད་ཡིག་དེབ་ཀྱི་ཚབ་བྱས་ནས་ཀྱང་རྟེན་འབྲེལ་ཞུས་པ་ཡིན། སྤྱིར་ན་བོད་ཡིག་ལ་དུས་དེབ་ཉུང་བ་དང་སྒོས་སུ་རིག་གཞུང་དུས་དེབ་ཉུང་བས་མཁས་པ་མང་པོའི་ཆེད་རྩོམ་འགོད་ས་མེད་པར་གྱུར་ཏེ་ལས་ཀའི་གོ་ཐོབ་འཕར་དཀའ་བའི་གནད་དོན་ལ་འཕྲད་ཀྱི་ཡོད། དེ་བས་ང་ཚོའི་དགེ་སློབ་མང་པོས《མཚོ་སྔོན་སྤྱི་ཚོགས་ཚན་རིག》བོད་ཡིག་དེབ་གསར་འདོན་བྱས་པ་ཐོས་ནས་དགའ་བཞིན་ཡོད། དེ་ཡང་བོད་ཡིག་གི་རིག་གཞུང་དུས་དེབ་ལ་མཚོན་ན་དངོས་ཡོད་གནས་ཚུལ་དང་མཚོ་སྔོན་གནད་དོན་ལ་ཞིབ་འཇུག་བྱས་པའི་རྩོམ་ཡིག་བཀོད་པ་ཧ་ཅང་ཉུང་། དེའི་ཕྱིར《མཚོ་སྔོན་སྤྱི་ཚོགས་ཚན་རིག》བོད་ཡིག་དེབ་ཀྱིིས་གནད་དོན་དེ་རིགས་ཀྱི་ཕྱོགས་ལ་ཤུགས་འདོན་དགོས་ལ་འདོན་ཀྱང་སྲིད་ངེས་རེད། མདོར་ན《མཚོ་སྔོན་སྤྱི་ཚོགས་ཚན་རིག》བོད་ཡིག་དེབ་གསར་དུ་བཏོན་པ་ནི་མཚོ་སྔོན་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་དགའ་འོས་པའི་དོན་དག་ཅིག་དང་བོད་རིག་པའི་བཀྲ་ཤིས་པའི་དོན་ཆེན་ཞིག་རེད། དེ་ཡིས་བོད་ཁུལ་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་རྣམ་པ་ལེགས་སྒྱུར། འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་སོགས་ཀྱི་ཕྱོགས་ལ་བྱས་རྗེས་འཇོག་པའི་རེ་བ་ཆེན་པོ་བཅངས་ཡོད།

མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་བོད་རིག་པ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཤེས་རབ་ཡིས་བཤད་རྒྱུར། 《མཚོ་སྔོན་སྤྱི་ཚོགས་ཚན་རིག》བོད་ཡིག་དེབ་གསར་འདོན་བྱས་པ་ནི་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་དོན་ཆེན་ཞིག་ཡིན། དུས་དེབ་པར་སྐྲུན་བྱེད་སྐབས་འདུ་ཤེས་འཛིན་སྟངས་ལ་མཐོང་ཆེན་བྱས་ཏེ་ཆབ་སྲིད་པས་ཚགས་པར་དང་དུས་དེབ་སྒྲུབ་པའི་འདུ་ཤེས་ཡོད་དགོས་ལ། དུས་དེབ་གཉེར་བའི་རྩ་དོན་བརྗེད་མེད་ཀྱིས་མཚོ་སྔོན་གྱི་དོན་དངོས་ལ་རྐང་བཙུགས་ཏེ། བོད་ཡུལ་ལ་ཁ་ཕྱོགས་ནས་བོད་ཁུལ་སྤྱི་ཚོགས་དཔལ་འབྱོར་རིག་གནས་བཅས་ཀྱི་ཕྱོགས་སོ་སོར་ཞབས་འདེགས་བསྒྲུབ་དགོས་ཤིང་། རང་སའི་ཆེད་མཁས་པ་དང་ཞིབ་འཇུག་པ་སྐྱེད་སྲིང་བྱས་ཏེ་བོད་ཁུལ་གྱི་མ་འོངས་པའི་སྤྱི་ཚོགས་འཕེལ་རྒྱས་ལ་གར་སྟེགས་ལེགས་པོ་ཞིག་བསྐྲུན་དགོས།

རྩེར་སྙེག་རྩོམ་སྒྲིག་ཁང་གི་འགན་འཛིན་པ་གདུགས་དཀར་འབུམ་གྱིས་བཤད་རྒྱུར།
ཐོག་མར《མཚོ་སྔོན་སྤྱི་ཚོགས་ཚན་རིག》བོད་ཡིག་དེབ་གསར་འདོན་བྱས་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ། བོད་ཡིག་ལ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་སྐོར་གྱི་དུས་དེབ་ཤིན་ཏུ་དཀོན་པས་དུས་དེབ་འདི་གསར་འདོན་བྱས་པ་ནི་ཤིན་ཏུ་དགའ་འོས་པའི་དོན་དག་ཆེན་པོ་ཞིག་རེད། ཁོ་བོའི་ཉམས་མྱོང་ལྟར་ན་བོད་ཡིག་དུས་དེབ་ཅིག་ལ་མཚོན་ན་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་ཆོས་ལུགས་སྐོར་གྱི་ཆེད་རྩོམ་ལ་ཁ་འབྲལ་ཐབས་མེད་ཅིང་དེ་ནི་ཀློག་པ་པོའི་དགའ་བསུ་ཐོབ་ཐུབ་མིན་ལའང་འབྲེལ་བ་དམ་པོ་ཡོད། དེ་བཞིན་དུ་སློབ་ཆེན་གྱི་དགེ་རྒན་དང་ཞིབ་འཇུག་སློབ་མའི་དཔྱད་རྩོམ་དང་ལས་བྱེད་པས་གོ་ཐོབ་བརྩོན་ལེན་ཆེད་རྩོམ་ལ་དོ་སྣང་བྱེད་པའང་ཀློག་པ་པོའི་སྤྲོ་སྣང་ཇེ་ཆེར་གཏོང་བ་དང་རྩོམ་ཁུངས་ཀྱི་སྒོ་གླེགས་འབྱེད་པའི་ཐབས་དམ་པ་ཞིག་ཀྱང་ཡིན་སྙམ།

རྩོམ་སྒྲིག་པ། སྐར་མ་འཚོ།