ཆི་ལེན་རྫོང་འབྲོང་ལུང་ཞང་མདའ་བཞི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་མགོ་གཙོ་བུན་ཁྲང་ཐར་གྱིས་འདས་ཟིན་པའི་དབུལ་ཕོངས་ཀྱི་འཚོ་བ་ལ་ཕྱིར་དྲན་བྱེད་བཞིན་གདོང་ལ་སྐྱོ་ཉམས་ཤིག་ཤར་ནས་བཤད་རྒྱུར། སྔོན་ཆད་རང་ཁྱིམ་གྱི་རྩྭ་རའི་ནང་ནས་ནོར་ལུག་གསོ་བ་དང་དབྱར་ཁར་དབྱར་རྩྭ་དགུན་འབུ་བརྐོས་ནས་འཚོ་བ་ངན་ངོན་རོལ་དགོས་པ་དང་། ལོ་གཅིག་གི་རིང་ལ་བྱིས་པ་སློབ་གྲྭར་སྐྱེལ་བའི་འགྲོ་གྲོན་སོགས་སྒོར་མོ་ཁྲི་གཉིས་ནས་གསུམ་དགོས་ལ། དེའི་ཁར་ལོ་ལོན་རྒན་པ་ཡོད་པས་འཚོ་བ་ངན་ངོན་མི་རོལ་ཐབས་མེད་རེད་ཟེར།
ཉིས་སྟོང་བཅོ་ལྔ་ལོའི་ཟླ་བརྒྱད་པར་རྒྱལ་ཡོངས་རྩྭ་ས་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་བ་དེ་ཆི་ལེན་རྫོང་ཡོངས་ནས་སྤེལ་མགོ་བརྩམས། ལོ་དེའི་ཟླ་བཅུ་གཉིས་པར་མདའ་བཞི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས་མ་རྐང་ལམ་ལུགས་བཅོས་བསྒྱུར་བྱ་བ་དངོས་སུ་སྤེལ་མགོ་བརྩམས་ཤིང་། མ་རྐང་དུ་ཞུགས་པའི་སྡེ་བའི་ཁྱིམ་ཚང་སོ་གསུམ་དང་མི་གྲངས་བརྒྱ་དང་སོ་གཅིག་ལ་སླེབས་པ་དང་། རྩྭ་ས་སྤྱི་ཆིང་སྟོང་དྲུག་དང་སུམ་བརྒྱ་དང་ཕྱུགས་ཟོག་སྟོང་ལྔ་དང་ལྔ་བརྒྱ་བཅུ་གཉིས་གཅིག་བསྡུས་བྱས་ཏེ། མ་རྐང་ནང་བཞག་པའི་སྤྱིའི་མ་དངུལ་སྒོར་མོ་ས་ཡ་དགུ་དང་འབུམ་ལྔ་ཁྲི་དགུ་ལྷག་ཏུ་སླེབས་པས། གནད་ཁེལ་དབུལ་སྐྱོར་བྱེད་པའི་ཁྱིམ་ཚང་ལྔ་དང་མི་ཉེར་གཅིག་ལ་སྣེ་ཁྲིད་བྱས།
ཆི་ལེན་རྫོང་གིས་རྒྱལ་ཡོངས་རྩྭ་ས་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པའི་གོ་སྐབས་ལ་བརྟེན་ནས། གཙོ་བོར་མཉམ་ལས་ཁང་ཚད་ལྡན་ཅན་དུ་གཏོང་བའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དྲུག་ཚད་ལྡན་ཅན་དུ་བཏང་། ཆེད་ལས་མཉམ་ལས་ཁང་དྲུག་གིས་འཆར་གཞི་ཡོད་པ་དང་ཁྱབ་ཁོངས་ལྟར། གཞི་ཁྱོན་ཆེན་པོའི་ངང་གཅིག་བསྡུས་སྒོས་ཕྱུགས་རྒྱུད་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱས་ཤིང་། ཞིང་ཕྱུགས་ལས་ཀྱི“ས་བོན་བཟོ་འགོད”དང་རྨང་གཞིའི་སྒྲིག་བཀོད་ཆ་ཚང་ལག་བསྟར་བྱས་པ་དང་། ནོར་ལུག་ཚོ་གསོའི་རྟེན་གཞི་དང་ར་སྐོར་འཛུགས་སྐྲུན། གཟན་རྩྭ་གཟན་ཆས་འདེབས་པ། ཉམས་ཞན་དུ་གྱུར་བའི་ཕྱུགས་རར་རྩྭའི་ས་བོན་འདེབས་པ། ཨ་བྲ་དང་འབུའི་གནོད་པ་འགོག་བཅོས་བྱེད་པ་དང་། ཕྱུགས་ཟོག་གི་རིམས་ནད་འགོག་བཅོས་བྱེད་པ་བཅས་ཀྱི་མ་ལག་འཛུགས་སྐྲུན་ལ་བདག་སྲུང་བྱེད་པའི་བྱེད་ཐབས་ནུས་ལྡན་སྤྱད་དེ། ཞིང་ཕྱུགས་ལས་ཐོན་སྐྱེད་ཁྲོད་ཀྱི་རྨང་གཞི་རང་བཞིན་དང་བདག་གཉེར་རང་བཞིན། ཞབས་ཞུ་རང་བཞིན་བཅས་མ་ལག་གིས་འཛུགས་སྐྲུན་བྱེད་པ་དང་འཐུས་ཚང་དུ་བཏང་ཞིང་། ཁ་གསབ་དང་བྱ་དགའ་སྟེར་བའི་ནང་རྐྱེན་སྲིད་ཇུས་ལག་བསྟར་བྱས་པས། ཞན་འགྱུར་ཚབས་ཆེ་བའི་རང་བྱུང་རྩྭ་ས་ཁ་ཤས་སླར་གསོ་བྱུང་བ་དང་རྩྭ་སའི་དུག་རྩྭ་ཇེ་ཉུང་དུ་གྱུར་པ། སྔོ་ཁེབས་ཀྱིས་གཡོགས་པའི་ཚད་ཇེ་མང་དུ་གྱུར་པ། རྩྭ་སའི་ཐོན་སྐྱེད་ནུས་པ་དང་ནད་འགོག་དང་གནོད་འགོག་ནུས་པ་ཇེ་མཐོར་སོང་ལ། ཕྱུགས་ལས་ཐོན་སྐྱེད་ཀྱི་བདག་གཉེར་བྱེད་སྟངས་བསྒྱུར་བ་དང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་སྒོ་སྣ་མང་ཅན་དང་ཁྱད་ལྡན་ཐོན་ལས་གཞི་ཁྱོན་ཅན་དུ་འཕེལ་བར་སྐུལ་འདེད་བཏང་། ཕྱུགས་བཀག་རུང་ཕྱུགས་ཟོག་གསོས་ཆོག་པ་དང་ཕྱུགས་ཇེ་ཉུང་དུ་སོང་ཡང་ཤའི་ཐོན་ཁུངས་ཇེ་ཉུང་དུ་མི་འགྲོ་བ། ཕྱུགས་ཇེ་ཉུང་དུ་བཏང་ཡང་ཡོང་སྒོ་ཇེ་ཉུང་དུ་མི་འགྲོ་བ་མངོན་འགྱུར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་ཐད་ཁེ་ཕན་བསྐྲུན། རྫོང་ཡོངས་ཀྱིས་རྩྭ་སའི་ཕྱུགས་བཀག་རྒྱ་ཁྱོན་སྤྱི་ཆིང་ས་ཡ་ལྔ་འབུམ་གཅིག་ཁྲི་གཅིག་ལྷག་སྲ་བརྟན་དུ་བཏང་བ་དང་། རྩྭ་ཕྱུགས་དོ་མཉམ་པའི་རྒྱ་ཁྱོན་སྤྱི་ཆིང་བྱེ་བ་གཅིག་དང་འབུམ་བཞིར་སླེབས། དབྱེ་འབྱེད་གཏན་འབེབས་བྱས་པའི་གཞི་རྩའི་རྩྭ་སའི་སྲུང་སྐྱོབ་རྒྱ་ཁྱོན་སྤྱི་ཆིང་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་གཅིག་ཁྲི་དགུར་སླེབས་པ་དང་། རྩྭ་ས་བགོས་ནས་ཕྱུགས་འཚོ་རེས་བྱེད་པ་བརྒྱ་ཆའི་བཞི་བཅུའི་ཡན་དུ་སླེབས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་ཐོག་མར་རྫོང་ཕྱུགས་ལས་མཐུན་ཚོགས་དང་སྐྱེ་ལྡན་ཕྱུགས་ལས་མཐུན་ཚོགས་བཙུགས་པར་མ་ཟད། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བརྒྱ་དང་རེ་ལྔ་བཙུགས་ཤིང་། ཁྱིམ་ཚང་ཕྱུགས་ར་ང་གསུམ་ཐོ་འགོད་བྱས་པ་དང་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་གྱ་གཅིག་ཏུ་སླེབས་ཡོད།
མིག་སྔར་རྫོང་ཡོངས་སུ“རྩྭ་ལས་སྔོན་ལ་སྤེལ་བ”ལས་འགན་གཙོ་བོ་བྱེད་པའི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ནང་རྐྱེན་ཆགས་པ་དང་། རྩྭ་སའི་སྐྱེ་ཁམས་ཁ་གསབ་དང་བྱ་དགའ་སྟེར་བའི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་ལྔ་ཁྲི་གཉིས་ལྷག་ལ་སླེབས་ཞིང་། རྩྭ་སའི་སྐྱེ་ཁམས་ཁ་གསབ་དང་བྱ་དགའ་སྟེར་བའི་མ་དངུལ་སྒོར་མོ་བྱེ་བ་བརྒྱད་དང་ས་ཡ་གཅིག་འབུམ་གསུམ་ཁྲི་བཞི་ལྷག་ཏུ་སླེབས་པས། ཁེ་ཕན་ཐོབ་པའི་རོང་འབྲོག་ཁྱིམ་སྟོང་ལྔ་དང་ལྔ་བརྒྱ་ཉེར་གཅིག་དང་མི་གྲངས་ཁྲི་གཉིས་དང་སྟོང་གཉིས་གྱ་བདུན་ལ་སླེབས། ལོ་མང་བོར་སྐྱེས་བའི་སྤུས་ལེགས་གཟན་ཆས་གཟན་རྩྭའི་རྟེན་གཞི་སྤྱི་ཆིང་འབུམ་བརྒྱད་བཙུགས་པ་དང་རྩྭ་ས་སྤྱི་ཆིང་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་ལྔའི་སྟེང་གི་ཨ་བྲ་དང་སྤྱི་ཆིང་འབུམ་ལྔ་དང་ཁྲི་ལྔའི་གནོད་འབུ་འགོག་བཅོས་བྱས་པས། རྩྭ་ས་བགོས་ནས་ཕྱུགས་འཚོ་རེས་དང་ཕྱུགས་གསོ་བ་འགོག་པ། ཞིང་ཕྱུགས་ཕན་ཚུན་གསབ་རེས་བྱེད་པ། ས་གཡར་ནས་རྩྭ་འདེབས་པ་བཅས་ཀྱི་རྩྭའི་ཕྱུགས་ལས་ཀྱི་རྣམ་པ་ཞིག་གྲུབ་མགོ་བརྩམས།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།