ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན། ཡང་བསྐྱར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྟ་བོ་ཞོལ་མ་ཞང་གནས་ཆེན་སྡེ་བའི“ཧྲུའུ་ཅི་དང་པོ”རྣམ་སྲས་དང་ངོ་འཕྲད། ཉིན་དེ་ནི་ཏག་ཏག་ཁོ་རང་སྨན་ཁང་ལས་སྒོར་བུད་པའི་ཉིན་གཉིས་པ་རེད།
གསར་འགོད་པའི་སེམས་སུ་ད་དུང་གསལ་ལྷང་ངེར་འཆར་བ་ནི་ཟླ་བཞིའི་སྔོན་ལ་གནས་ཆེན་སྡེ་བའི་རྣམ་སྲས་ལ་ཐེངས་དང་པོར་བཅར་འདྲི་བྱས་པའི་སྐབས་དང་། ཁོས་གནས་ཆེན་སྡེ་བའི་མང་ཚོགས་ཁྲིད་དེ་བྱ་བར་བྲེལ་བ་ཆེ་བའི་སྐབས་ཀྱི་རྣམ་པ་དེ་ཡིན་ལ། དཀའ་སྡུག་གང་ལའང་མི་འཛེམས་ཤིང་ཁ་ཞེ་གཉིས་མེད་ཀྱིས་དབུལ་སྐྱོར་བྱ་བ་སྒྲུབ་མཁན་ཧྲུའུ་ཅི་བཟང་པོ་དེ་ལ་རོང་འབྲོག་མང་ཚོགས་ཀྱིས་དགའ་བསུ་ཐོབ་ཡོད།
གནས་ཆེན་སྡེ་བ་ནི་རྨ་ཆེན་རྫོང་རྟ་བོ་ཞོལ་མ་ཞང་གི་བོད་རིགས་འདུས་སྡོད་བྱས་ཡོད་པའི་ཕྱུགས་ལས་རྐྱང་རྐྱང་གི་སྡེ་བ་ཞིག་ཡིན་ཞིང་།རྫོང་སྲིད་གཞུང་ཡོད་སའི་རྟ་བོ་གྲོང་རྡལ་དང་བར་ཐག་སྤྱི་ལེ་བརྒྱ་དང་ལྔ་བཅུ་མཚམས་སུ་ཡོད་ཅིང་མཚོ་ངོས་ལས་ཆ་སྙོམས་མཐོ་ཚད་སྨི་སྟོང་བཞི་དང་སུམ་བརྒྱ་ཡིན་པ་དང་། གནམ་གཤིས་ཁོར་ཡུག་ཤིན་ཏུ་སྡུག
རྣམ་སྲས་ནི་མགོ་ལོག་ཁུལ་སློབ་གསོ་ཅུའུ་ཡིས་གནས་ཆེན་སྡེ་བར་གནད་ཁེལ་དབུལ་སྐྱོར་བྱ་བ་བསྒྲུབ་པར་མངགས་པའི“ཧྲུའུ་ཅི་དང་པོ”ཡིན།རྣམ་སྲས་ཀྱིས་རང་གི་བརྩེ་སེམས་ལ་བརྟེན་ནས་དབུལ་སྐྱོར་བྱ་བ་མགོ་བརྩམས། སྡེ་མི་བློ་འཕྲིན་གྱིས་བཤད་རྒྱུར། རྣམ་སྲས་ཐེངས་དང་པོར་གནས་ཆེན་སྡེ་བར་སླེབས་སྐབས་སྡེ་དམངས་རྣམས་ལ་རེ་སྒུག་དང་སེམས་ཁུར་གཉིས་ཀ་ཡོད་དེ། ཁོས“ཕྱི་རྣམ་བཟོ་སྐྲུན”ཞིག་ལས་ཏེ་ས་སྐུའི་སྟེང་ལ་གསེར་རྩི་ཙམ་བྱུགས་ཏེ་བུད་འགྲོ་བར་བསམས། འོན་ཀྱང་དུས་ཡུན་རིང་པོ་མ་སོང་བར་མང་ཚོགས་ཀྱི་སེམས་ཁྲལ་དེ་དགོས་མེད་དུ་གྱུར།
རྣམ་སྲས་ཀྱི་བསམ་པར་མང་ཚོགས་ཀྱི་གམ་དུ་བསྡད་ན་ད་གཟོད་མང་ཚོགས་ཀྱི་བློར་འབབ་ངེས། ཁོས་ཀྱང་གནས་ཆེན་སྡེ་བ་རང་གི་ཕ་ཡུལ་གཉིས་པའི་ཚད་དུ་བཟུང་། ཟླ་གཅིག་མ་འགོར་བར་སྡེ་བའི་ནང་གི་དབུལ་ཁྱིམ་བརྒྱ་དང་གོ་བརྒྱད་པོར་ཐེངས་གཅིག་ཉུལ། སྡེ་བའི་རྒན་མགོ་དཀར་ནས་གཞོན་སོ་དཀར་བར་གྱི་མིང་ལ་ཅི་ཟེར་དང་། ལོ་ན་ག་ཚོད་ཡིན་པ། ཁྱིམ་ཚང་གི་གནས་ཚུལ་ཅི་འདྲ་ཡིན་པ་ཁོས་བློ་ནས་ཤར་མར་བཤད་ཐུབ། རིམ་བཞིན་སྡེ་མི་རྣམས་ཀྱང་ཁོ་ལ་ཡིད་རྟོན་ཇེ་ཆེ་ནས་ཇེ་ཆེར་གྱུར་ཅིང་། དོན་དག་ཡོད་མེད་གཉིས་ཀྱི་ཁོ་དང་མཉམ་དུ་ཁ་བརྡ་བྱེད་པར་དགའ་བར་གྱུར།མཐའ་མཇུག་དབུལ་ཕོངས་ཁྱིམ་ཚང་ཞེ་བརྒྱད་གཏན་འཁེལ་བྱས་ཤིང་། ཁྱོན་མི་བརྒྱ་དང་ཉེར་གཅིག་ཡོད། བརྟག་དཔྱད་བྱས་པ་བརྒྱུད། སྡེ་བའི་ནང་གི་དབུལ་ཁྱིམ་དག་དབུལ་ཕོངས་སུ་གྱུར་པ་ལ་རྒྱུ་རྐྱེན་གསུམ་ཡོད་པ་སྟེ། གཅིག་ནི་ན་ཚའི་དབང་གིས་དབུལ་པོར་གྱུར་པ། གཉིས་ནི་རང་བྱུང་ཁོར་ཡུག་གི་ཤུགས་རྐྱེན་ཆེ་བ། གསུམ་ནི་བསམ་བློ་རྗེས་ལུས་བཅས་ཡིན།
རྣམ་སྲས་ཀྱིས་བཤད་རྒྱུར། “ཁོས་སྡེ་བའི་ནང་དུ་གླུ་ལེན་ཤེས་པ་དང་བྲོ་འཁྲབ་ཤེས་པའི་མི་མང་པོ་མཐོང་སོང་། ང་ཚོས་གླུ་གར་ཚོགས་པ་ཞིག་སྒྲིག་འཛུགས་བྱས་ཏེ་རྩལ་ནུས་ལ་བརྟེན་ནས་སྒོར་མོ་བཙལ་ཐུབ།” ཁ་ནས་བཤད་པ་ལག་ནས་བསྒྲུབས་ཤིང་། རྣམ་སྲས་དང་སྡེ་སྡོད་དབུལ་སྐྱོར་ལས་བྱེད་རུ་ཁག་གིས་དགྲ་འདུལ་ཡུལ་སྐོར་ཀུང་སི་དང་རིག་གནས་རྒྱུན་འཛིན་གླུ་གར་དར་སྤེལ་རུ་ཁག་གི་འགན་འཁུར་པ་གཙོ་བོ་བློ་འཕྲིན་དང་ལྷ་སྐྱབས་ལ་མཐུན་འགྲིག་བྱས་ཏེ། སྡེ་བ་དེའི་དབུལ་ཕོངས་འབྲོག་ཁྱིམ་ལྔ་བཅུ་དགྲ་འདུལ་ཡུལ་སྐོར་ཀུང་སིའི་ནང་དུ་བླངས་པ་དང་། འཁྲབ་སྟོན་འཇོན་ནུས་ལྡན་པའི་དབུལ་ཕོངས་འབྲོག་པ་ཉེར་དྲུག་གིས“རྨ་ཆེན་འབྲུག་མོ་གླུ་གར་ཚོགས་པ”བཙུགས་ཤིང་། རྨ་ཆེན་རྫོང་ཏང་ཨུའི་རྩ་འཛུགས་པུའུ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སོགས་ནས་མ་དངུལ་བརྩོན་ལེན་བྱས་ཏེ། འཁྲབ་ཆས་ཉོ་སྒྲིག་བྱས་པར་མ་ཟད་ཧུར་ཐག་སྒོས་ཞབས་བྲོ་སྦྱོང་བརྡར་དང་འཁྲབ་སྟོན་བྱས་ནས་དབུལ་ཐར་ཡོང་འབབ་མངོན་འགྱུར་འབྱུང་དུ་བཅུག
དབུལ་སྐྱོར་བྱ་བའི་ཐད་འཕེལ་རྒྱས་ཅུང་ཙམ་མངོན་བྱུང་བས་རྣམ་སྲས་ཀྱི་སེམས་ལ་དགའ་སྤྲོ་སྐྱེས། འོན་ཀྱང་རྣམ་སྲས་ཀྱིས་གསལ་པོར་ཤེས་པ་ནི་དབུལ་ཐར་འབྱུང་བར“འབྱོར་འབྲིང་བསྐྱལ་བ”ཙམ་གྱིས་མི་ཆོག་པར་མང་ཚོགས་རྣམས་དངོས་སུ་དབུལ་ཐར་འབྱུང་དགོས་ན། སློབ་གསོའི་སྟེང་ཤུགས་འདོན་དགོས་པ་དེ་ནི་གནད་འགག་ཡིན།
རྣམ་སྲས་ཀྱི་བསམ་པར། ཁ་རུབ་རྗེས་ལུས་ཀྱི་བསམ་བློའི་དབང་གིས་ཚང་མ་ཕྱུག་བསྒྱུར་འབྱོར་འབྲིང་གི་ལམ་ནས་གཞན་གྱི་རྗེས་མ་ཆོད་པ་དང་། དེའི་ཁར་སློབ་གསོའི་ཐོན་ཁུངས་བཟང་པོ་ནང་འདྲེན་བྱེད་མ་ཐུབ། སློབ་གསོའི་སྒྲིག་བཀོད་རྗེས་ལུས་ཡིན་པ་བཅས་ཀྱི་དབང་གིས་ད་ལྟའི་དབུལ་ཕོངས་ཀྱི་གནས་བབ་དེ་བསྐྲུན་པ་རེད། འབྱུང་འགྱུར་སྡེ་བ་རྩ་བ་ནས་དབུལ་ཐར་འབྱུང་དགོས་ན་སློབ་གསོ་དམ་འཛིན་བྱེད་དགོས།དེ་ནས། “སློབ་གསོའི་དབུལ་སྐྱོར”དེ་རྣམ་སྲས་ཀྱིས་འགག་སྒྲོལ་བྱ་བའི་གཙོ་གནད་དུ་བཟུང་།གནས་ཆེན་སྡེ་བའི་བྱིས་པ་ཚང་མ་རྟ་བོ་ཞོལ་མ་ཞང་བཅའ་སྡོད་སློབ་ཆུང་དུ་འགྲོ་བཞིན་ཡོད་ལ་སྡེ་བ་སློབ་གྲྭ་དང་ཁ་ཐག་ཅུང་རིང་།དེ་ནས་རྣམ་སྲས་ཀྱིས་མགོ་ལོག་ཁུལ་སློབ་གསོ་ཅུའུ་ཡི་ལས་གཞི་འཛུགས་སྐྲུན་མ་དངུལ་སྒོར་ཁྲི་ཉི་ཤུ་བརྩོན་ལེན་བྱས་ཏེ། སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་ལེགས་སྒྱུར་དང་སློབ་ཁྲིད་སྒྲིག་ཆས་ཁ་སྣོན་བྱས།
རྣམ་སྲས་ཀྱིས་བཤད་རྒྱུར། “དབུལ་ཕོངས་སུ་གྱུར་པའི་རྒྱུ་རྐྱེན་སྣ་ཚོགས་ཡོད་པས་ཁོ་གཅིག་པུའི་ནུས་པར་བརྟེན་ནས་དབུལ་ཕོངས་ཀྱི་རྩ་བ་ནས་སེལ་མི་ཐུབ། ཡིན་ནའང་། ཁོའི་ལྟག་རྒྱབ་ན་སྲིད་གཞུང་གི་རྒྱབ་སྐྱོར་དང་། ལས་ཁུངས་ཀྱི་རྒྱབ་སྐྱོར། སྤྱི་ཚོགས་ཀྱི་རོགས་རམ། མང་ཚོགས་ཀྱི་བསམ་འདུན་ཡོད། ཤེས་རིག་དབུལ་སྐྱོར་གྱི་སྟེང་འབད་བརྩོན་བྱས་ན་ད་གཟོད་དབུལ་ཐར་དངོས་མངོན་འགྱུར་འབྱུང་ཐུབ།”
རྩོམ་སྒྲིག་པ། སྐར་མ་འཚོ།