“ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་བོས་ང་ཚོ་སྡོད་ཁང་གསར་བའི་ནང་བསྡད་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པར་གྱུར་སོང་། གལ་ཏེ་ཁྱེད་རང་པེ་ཅིན་དུ་འགྲོ་ན། ང་ཚོའི་ཚབ་ཏུ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ལགས་ལ་སྐད་འདི་ངེས་པར་དུ་བཤད་རོགས། དེང་སྐབས་པན་ཡན་སྡེ་བའི་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་ཡོད། ང་ཚོས་ནམ་ཡིན་ཡང་སྤྱི་ཁྱབ་ཧྲུའུ་ཅི་ལགས་ཀྱི་ཐུགས་ཁུར་སེམས་ལ་དམ་པོར་འཛིན་ངེས།”ཞེས་འཐུས་མི་ཨ་ཧྲིན་ཆིན་གྱིས་ཚོགས་འདུའི་གཏམ་བཤད་ཁྲོད་ངོ་གདོང་མཆི་མས་རླན་བཞིན། པན་ཡན་སྡེ་བའི་ཡུལ་མི་མང་ཚོགས་ཀྱི་སེམསམགཏིང་གི་སྐད་ཆ་དེ་ཀུན་གྱི་སྙན་ལམ་དུ་ཕུལ།

འཐུས་མི་ཨ་ཧྲིན་ཆིན་གྱིས༼ སྲིད་གཞུང་བྱ་བའི་སྙན་ཞུར༽ གྲོས་ཞིབ་བྱེད་སྐབས། པན་ཡན་སྡེ་བའི་འགྱུར་ལྡོག་གླེང་བཞིན་པ།
ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྟེང་དུ་ལུས་ལ་ཧོར་རིགས་ཀྱི་འཕྱོར་གོས་སྤྲས་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མིའམ། ཧོའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཀའོ་ཀྲའེ་གྲོང་རྡལ་གྱི་ཀྲིན་ཀྲང་གཞོན་པ་ཨ་ཧྲིན་ཆིན་གྱིས་མཚོ་སྔོན་སྐད་ལུགས་ཀྱིས་གྲོས་ཞུགས་ཀྱི་འཐུས་མི་རྣམས་ལ“པན་ཡན་སྡེ་བའི་གཏམ་རྒྱུད”མཉམ་གླེང་བྱས།
སྔོན་ཆད་ཀྱི་པན་ཡན་སྡེ་བ་ནི་ཧོའུ་ཀྲུའུ་རྫོང་གི་གཙོ་གནད་དབུལ་ཕོངས་སྡེ་བ་ཞིག་ཡིན་མོད། དེང་སྐབས་པན་ཡན་སྡེ་བ་ནི་ས་གཞན་གནས་སྤོར་གྱི་དཔེ་མཚོན་སྡེ་བ་ཞིག་ཏུ་གྱུར་ཡོད།
ཨ་ཧྲིན་ཆིན་གྱི་སེམས་ཁོངས་སུ། ལོ་གསུམ་ཡར་སྔོན་གྱི་པན་ཡན་སྡེ་བ་ནི་སྔར་བཞིན་ཧ་ཅང་ཉམས་ཐག་གི་རྣམ་པ་ཞིག་ཡིན། པན་ཡན་སྡེ་བ་ནི་ཧྲ་གུག་རི་བོའི་རི་མ་ས་ཁུལ་གྱི་སྡེ་ཁུལ་གཉིས་དང་། ཁྱིམ་གྲངས་བརྒྱ་དང་ཉེར་དགུ མི་གྲངས་བཞི་བརྒྱ་གྱ་བཞི་བཅས་ཡོད་པའི་གནས་སྤོར་སྡེ་བ་ཞིག་ཡིན་ལ། སྡེ་བ་དེའི་ནང་དུ་ཡིག་ཚགས་བྱང་བུ་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་དོན་གཉིས་དང་། མི་གྲངས་ཉིས་བརྒྱ་དོན་བདུན་ཡོད། རི་སྟེང་དུ་རྐང་ལམ་ཕྲ་མོ་གཅིག་མ་གཏོགས་མེད་ལ། ཆར་འབབ་ཐེངས་རེར་རི་ལམ་འདམ་རྫབ་ཆེ་བས་སྡེ་མི་རྣམས་ཕར་འགྲོ་ཚུར་འོངས་བྱེད་དཀའ་ལ། རྒན་པར་སྨན་གསོ་དང་། བྱིས་པ་སློབ་གྲྭར་འགྲོ་བ། ལོ་གཞོན་རྣམས་ཞོར་ལས་ལ་འགྲོ་བ་བཅས་ལ་དཀའ་ལས་ཤིན་ཏུ་ཆེ།
ས་གཞན་གནས་སྤོར་གྱི་སྲིད་ཇུས་བཟང་བོ་དང་བསྟུན་ནས། 2016ལོའི་ཟླ་བཞི་བའི་ཚེས་གཅིག་ཉིན། པན་ཡན་སྡེ་བའི་ས་གཞན་གནས་སྤོར་གྱི་ལས་གཞི་མགོ་བརྩམས་ཤིང་། སྡེ་གསར་གྱི་སྤོར་གནས་ཡངས་ཤིང་རྒྱ་ཆེ་ལ། དབུལ་ཕོངས་ཁྱིམ་ཚང་རེ་རེས་མ་དངུལ་སྒོར་སྟོང་བཞི་ཙམ་བཏང་བས་སྡོད་ཁང་གསར་བར་འདུག་ཐུབ་པ་བྱུང་།
ཟླ་ངོ་བདུན་གྱི་རྗེས་སུ། ཨར་འདམ་སྲེག་བརྩིགས་བྱས་པའི་སོ་ཕག་གི་ཁང་བ་དང་སྒོ་ར་སྟར་ཕྲེང་བསྒྲིགས་ནས་ཡོད། ཁྱིམ་ཚང་རེའི་ཁང་བ་འཛུགས་སྐྲུན་གྱི་རྒྱ་ཁྱོན་མུས་གྲུ་བཞི་མ་བརྒྱད་ཅུ་དང་། མལ་ཁང་གསུམ་དང་འདུག་ཁང་གཉིས་རེ་སྒྲིག་བཀོད་བྱས་ཡོད་ལ། ད་དུང་མུས་གྲུ་བཞི་མ་བརྒྱ་དང་དགུ་བཅུ་ཅན་གྱི་ར་སྐོར་ཆེན་པོ་གཅིག་ཡོད་པར་མ་ཟད། ར་སྐོར་ནང་དུ་རང་འབབ་ཆུ་འཐེན་ཡོད། དུས་དེ་ནས་བཟུང་ཧྲ་གུག་ས་ཁུལ་གྱི་འགྲིམ་འགྲུལ་དཀའ་ཞིང་། འཐུང་ཆུ་དཀོན་པའི་ལོ་རྒྱུས་དེ་གཞི་ནས་མཇུག་རྫོགས་པ་ཡིན།
ཨ་ཧྲིན་ཆིན་གྱིས་གསར་འགོད་པར་བཤད་རྒྱུར། པེ་ཅིན་ལ་མ་ཡོང་བའི་སྔོན་དུ། ཁོ་མོ་ཆེད་དུ་པན་ཡན་སྡེ་བར་ཐེངས་གཅིག་སོང་པ་ཡིན་ལ། སྔོན་མར་སྤྱི་ཁྱབ་ཧྲུའུ་ཅི་དང་ལག་འཇུ་ཁ་བརྡ་བྱས་མྱོངས་བའི་རྒན་པོ་ལི་ཡིག་རོང་ནི་ལོ་དོན་བདུན་སོན་འདུག ཁོང་རྒན་རྒོན་གཉིས་ཀྱིས་ང་རང་པེ་ཅིན་ལ་ཚོགས་འདུར་འགྲོ་དགོས་པ་ཐོས་འཕྲལ་དགའ་སྣང་ཆེན་པོ་སྐྱེས། རྒན་པོ་ལི་ཡིག་རོང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཡོང་དུས་སྡོད་ཁང་གསར་བར་ད་རུང་རྒྱན་སྤྲས་བྱས་མེད་པས། ཇ་དཀར་ཡོལ་གང་ངམ་ཡང་ན་གོ་རེ་བག་ལེབ་གཅིག་ཀྱང་འདྲེན་རྒྱུ་མ་བྱུང་། ངོ་མ་བཤད་ན་སྤྱི་ཁྱབ་ཧྲུའུ་ཅི་ཡང་བསྐྱར་རང་ཁྱིམ་དུ་བསུ་འདོད་ཧ་ཅང་ཆེ། གལ་ཏེ་དེ་འདྲའི་སྐལ་བ་ཞིག་ལྡན་ཚེ། ངེས་པར་དུ་རང་ཉིད་དངོས་སུ་བསྙལ་བའི་ནས་ཆང་ཁམ་གང་དྲངས་རྗེས། ད་གཟོད་ལོ་འདི་དག་རིང་གི་སྡེ་བའི་འགྱུར་ལྡོག་ཞུ་འདོད་ཡོད་ཟེར།
“ཁོང་གཉིས་ཀྱིས་ང་ལ་ཆེད་དུ་མངགས་བཅོལ་གནངས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ལགས་ལ་ཁ་བཏགས་ཡུག་གཅིག་དང་རྒན་པོས་དངོས་སུ་འཚེམ་དྲུབ་བྱས་པའི་ལྷམ་འཚང་གཅིག་བསྐུར་བ་མ་ཟད། ཁོང་གཉིས་ཀྱིས་ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ལགས་ལ་རས་ལྷམ་ཆ་གཅིག་བཟོ་འདོད་ཡོད་ཟེར།”
ཨ་ཧྲིན་ཆིན་གྱིས་མགྲིན་པ་བརྣངས་ཞོར་དང་སྐད་ཆ་བཤད་ཞོར་གྱིས“རྒན་རྒོན་ཁོང་གཉིས་ཀྱིས་སྙིང་ཁུང་རུས་པའི་སྟེང་ནས་ཏང་ལ་བཀའ་དྲིན་ཞུ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ལགས་ལ་བཀའ་དྲིན་ཞུ་བ། བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་སུ་འབྲངས་བའི་བརྩེ་སེམས་ཀྱིས་ང་ལ་སེམས་འགུལ་ཚད་མེད་ཐེབས་སུ་བཅུག”
“དེང་སྐབས་ཀྱི་པན་ཡན་སྡེ་བར་ཆུ་དང་གློག ལམ། ཆུ་འཕུད་སྦུག་ལམ། གཙང་སྤྱོད་ཁང་། ཕྱོགས་བསྡུས་བཅོས་སྐྱོང་ཁུལ། བཙོག་ཆུ་ཐག་གཅོད་ས་ཚིགས། སྡེ་གསར་མཛེས་བཟོ་སོགས་རྨང་གཞིའི་སྒྲིག་ཆས་ཆ་ཚང་ལེགས་གྲུབ་བྱས་ཤིང་། ཞིང་བའི་ཁྱིམ་དུ་བསྐྱོད་ཚེ། སྡོད་ཁང་གསར་བའི་ཁོད་ཡངས་ཤིང་གྲལ་དག་པ་དང་། ཐུན་མིན་གྱི་མཛེས་བཟོ་བྱས་ཡོད་ལ། ཁྱིམ་དུ་རང་བྱུང་སོལ་རླངས་བཀོལ་གྱིན་ཡོད། ཁྱིམ་ཚང་རེ་རེའི་ཁྱིམ་དུ་སྤྱི་ཁྱབ་ཧྲུའུ་ཅི་གཟིགས་ཞིབ་ལ་ཕེབས་པའི་འདྲ་པར་བཀལ་ཏེ། རྒྱ་ཆེའི་མང་ཚོགས་ཀྱིས་ཏང་ལ་བཅང་བའི་བཀའ་དྲིན་མཚོན་པར་བྱས་ཡོད།”
པན་ཡན་སྡེ་བའི་མང་ཚོགས་ཀྱིས་དགའ་སྤྲོའི་ངང་ཨ་ཧྲིན་ཆིན་ལ་བཤད་རྒྱུར། ཏང་དང་སྲིད་གཞུང་གིས་ད་ལྟ་ཚང་མར་ཕག་རྒྱུད་གསོ་སྤེལ་དང་ཀྲུང་ལུགས་སྨན་རྒྱུ་འདེབས་འཛུགས། སྡེར་གྱི་འཚེམ་དྲུབ་སྒྲིག་སྦྱོར་དང་ཕྱིར་འཚོང་། འོད་ནུས་དབུལ་སྐྱོར་སོགས་ཀྱི་རྣམ་གྲངས་འཕེལ་
རྒྱས་ལ་རོགས་སྐྱོར་བྱས་ཏེ། དབུལ་བོ་མང་ཚོགས་གནས་སྤོ་ཐུབ་པ་དང་ཕྱུག་པོ་ཆགས་ཐུབ་པར་ཁག་ཐེག་བྱས།
ཡུལ་མི་ཚོས་ནམ་རྒྱུན་སྤྱི་ཁྱབ་ཧྲུའུ་ཅི་ལགས་ཡང་བསྐྱར་པན་ཡན་སྡེ་བར་ཕེབས་པར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད།
ལོ་ཙཱ་བ། རྟ་མགྲིན་སྐྱབས།