མཚོ་སྔོན་འཐུས་ཚབ་ཚོགས་པས་རྒྱལ་ཁབ་ཀྱིས་བོད་ཁུལ་གྱི་དགེ་ཐོན་སློབ་མར་སློབ་ཡོན་མི་ལེན་པའི་ཆེད་དོན་འཆར་འགོད་འཛུགས་པར་བསམ་འཆར་བཏོན་པ།
2018.03.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 35

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་རྒྱལ་ཁབ་ཀྱིས་བོད་ཁུལ་གྱི་དགེ་ཐོན་སློབ་མར་སློབ་ཡོན་མི་དགོས་པའི་ཆེད་དོན་འཆར་འགོད་བཙུགས་ཏེ། སློབ་གསོ་པུའུ་ཡི་ཁོངས་གཏོགས་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་ཐོན་སློབ་མར་སློབ་ཡོན་མི་ལེན་པར་སློབ་གསོ་མྱོང་བའི་དབུལ་སྐྱོར་མཁྲེགས་གཏོར་ལ་ཡར་སྐུལ་བཏང་སྟེ། བོད་ཁུལ་གྱི་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཁྲོད་སྔར་ལས་ལྷག་པའི་སྒོ་ནས་གནད་ལ་ཕིགས་པ་དང་། ནུས་པ་ཆེན་པོ་འདོན་པར་སྐུལ་འདེད་བྱེད་དགོས་པའི་བསམ་འཆར་བཏོན།

བསམ་འཆར་ནང་བཤད་རྒྱུར། ཉིས་སྟོང་བཅུ་གཅིག་ལོ་ནས་བཟུང་། ས་ཁུལ་སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཁག་དང་སློབ་གྲྭས་རྒྱལ་ཁབ་ཀྱིས་སློབ་ཡོན་མི་ལེན་པར་དགེ་ཐོན་སློབ་མ་བསྡུ་ལེན་བྱེད་པ་དེ་སྤུས་ཚད་མཐོ་བའི་དགེ་རྒན་སྐྱེད་བསྲིང་བྱེད་པའི་ཆེས་གལ་ཆེན་གྱི་ཁ་གསབ་ཐབས་ལམ་ཞིག་ཏུ་བརྩིས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་སློབ་གསོའི་དྲང་བདེན་ལ་ཡར་སྐུལ་དང་། སློབ་གསོ་འཕེལ་རྒྱས་མི་ཆེ་བའི་ས་ཁུལ་དུའང་དགེ་རྒན་གྱི་ཐོན་ཁུངས་བཟང་པོ་ཁ་གསབ་བྱེད་པར་ཁག་ཐེག་བྱེད་ཐུབ་ཆེད། རྒྱལ་ཁབ་ཀྱི་སློབ་ཡོན་མི་ལེན་པའི་དགེ་ཐོན་སློབ་མ“སྔོན་མ་གསུམ”གྱི་རྩ་དོན་བགོ་བཤའ་གཏན་འཁེལ་བྱས་ཏེ། མཐོ་འབྲིང་སློབ་གྲྭས་སྔོན་ལ་བསྡུ་ལེན་བྱེད་པ་དང་། མཚོ་ཤར་གྲོང་ཁྱེར་གྱིས་ཟི་ལིང་གྲོང་ཁྱེར་ལས་སྔོན་ལ་བསྡུ་ལེན་བྱེད་ཆོག་པ་དང་། ཁུལ་དྲུག་གིས་མཚོ་ཤར་གྲོང་ཁྱེར་གྱི་སྔོན་ལ་བསྡུ་ལེན་བྱེད་ཆོག་པ་དེ་ཡིན། སྤྱི་ཕྱོགས་ནས་ལྟོས་ན། རྒྱལ་ཁབ་ཀྱིས་སློབ་ཡོན་མི་ལེན་པར་དགེ་ཐོན་སློབ་མར་གཞི་རིམ་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་སློབ་གྲྭས་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད་མོད། མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོའི་རང་བྱུང་ས་ཁམས་ཀྱི་ཆ་རྐྱེན་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་སོགས་ཀྱི་ཕྱོགས་སུ་བར་ཁྱད་ཅུང་ཆེ་བས། རང་སྐྱོང་ཁུལ་དྲུག་དང་ལྷག་པར་དུ་མཚོ་སྔོན་ལྷོ་ཕྱོགས་ཀྱི་རང་སྐྱོང་ཁུལ་གསུམ་གྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོན་ཁུངས་བཟང་པོ་ཁ་གསབ་བྱེད་རྒྱུ་དཀའ་ཁག་ཧ་ཅང་ཆེ་བ་རེད།

མཚོ་སྔོན་འཐུས་ཚབ་ཚོགས་པས་སློབ་གསོ་པུའུ་ཡི་ཐད་གཏོགས་དགེ་ཐོན་སློབ་གྲྭ་ཆེན་མོ་དེ་བོད་ཁུལ་གྱི་དགེ་རྒན་གསོ་སྐྱོང་བྱེད་སའི་རྟེན་གཞི་རུ་གཏན་འཁེལ་བྱེད་དགོས་པ་དང་། ལོ་རེར་སློབ་མ་ལེན་པའི་འཆར་གཞིའི་ཁྲོད་རྒྱལ་ཁབ་ཀྱི་སློབ་ཡོན་མི་བསྡུ་བའི་དགེ་ཐོན་སློབ་མ་བསྡུ་བའི་འཆར་གཞི་སྣ་གཅིག་ནས་སློབ་མ་བསྡུ་དགོས་པ་དང་། དེ་ནི་བོད་ལྗོངས་དང་། བོད་ཁུལ་གྱི་ཞིང་ཆེན་བཞི་ལ་ཁ་གཏོད་དགོས། སློབ་མ་ཐོག་མར་བསྡུ་སྐབས་བོད་ཁུལ་དུ་ལས་ཞུགས་བྱེད་པའི་ཁ་ཕྱོགས་གཏན་འཁེལ་བྱེད་དགོས་ལ། སྤུས་ཚད་མཐོ་བའི་སློབ་ཡོན་མི་ལེན་པའི་དགེ་ཐོན་སློབ་མ་སྔར་ལས་མང་པོ་ཞིག་ཕྱིར་བོད་ཁུལ་གྱི་སློབ་གྲྭར་སོང་ནས་སློབ་ཁྲིད་བྱེད་པར་ཁག་ཐེག་བྱས་ནས། རྒྱལ་ཁབ་ཀྱི་སློབ་ཡོན་མི་ལེན་པའི་དགེ་ཐོན་སློབ་མ་གསོ་སྐྱོང་གི་བྱ་བ་དེ་སྔར་ལས་ཕན་འབྲས་ལྡན་པ་དང་། སྔར་ལས་གནད་ལ་ཕིགས་པ། སྔར་ལས་ཁ་གཏད་རང་བཞིན་ཡོད་པར་སྐུལ་འདེད་བྱེད་གོས་པའི་བསམ་འཆར་བཏོན།

ལོ་ཙཱ། ཚེ་རིང་སྒྲོལ་མ།