ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་སྔར་ལས་ཆེན་པོ་བྱེད་རྒྱུའི་གྲོས་གཞི་བཏོན།
མཚོ་སྔོན་ནི་རང་རྒྱལ་གྱི་བོད་ལུགས་གསོ་རིག་སྨན་རྫས་ཀྱི་འབྱུང་གནས་དང་རྒྱུད་སྤེལ་ས་ཆ་གཙོ་བོ་ཡིན་པ་དང་། མཚོ་སྔོན་དུ་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ལོ་རྒྱུས་ཧ་ཅང་རིང་བ་དང་རྒྱ་ཆེ་ལ། མང་ཚོགས་ཀྱི་རྨང་གཞི་བརྟན་པོ་ཡོད། ཡིན་ན་ཡང་འཕེལ་རྒྱས་ཁྲོད་ངེས་པར་དུ་ཐག་གཅོད་དགོས་པའི་གནད་དོན་འགའ་ཡང་རྙེད། དེར་བརྟེན། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གིས་མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་སྨན་རྫས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་རྒྱབ་སྐྱོར་སྔར་ལས་ཆེན་པོ་བྱེད་རྒྱུའི་གྲོས་གཞི་བཏོན།
གྲོས་གཞིའི་ནང་བཤད་རྒྱུར། མིག་སྔར། ཞིང་ཆེན་ཡོངས་སུ་བོད་སྨན་ཐོན་སྐྱེད་ཁེ་ལས་བཅོ་ལྔ་ཡོད་པ་དང་། 2017ལོའི་བཟོ་ལས་སྤྱིའི་རིན་ཚད་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་ལྔར་སླེབས་ལ། བོད་སྨན་གྱི་སྤྱིའི་རིན་ཚད་ཀྱིས་རྒྱལ་ཡོངས་བོད་སྨན་གྱི་སྤྱིའི་རིན་ཚད་ཀྱི་བརྒྱ་ཆའི་བཞི་བཅུ་ཡས་མས་ཟིན། མཚོ་སྔོན་་ཞིང་ཆེན་དུ་གཞུང་བཙུགས་བོད་སྨན་ཁང་དང་སོག་སྨན་ཁང་ཉེར་བརྒྱད་ཡོད་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་སྨན་ཁང་གི་སྤྱིའི་གྲངས་ཀྱི་བརྒྱ་ཆེའི་ཉེར་བདུན་ཟིན་ལ། ནད་པའི་མལ་ཁྲི་སྟོང་གཉིས་དང་དྲུག་བརྒྱ་ང་གཉིས་ཡོད་པ་དང་། དེས་ཞིང་ཆེན་ཡོངས་སྨན་ཁང་གི་མལ་ཁྲི་ཡི་གྲངས་ཀའི་བརྒྱ་ཆའི་བཅུ་གཅིག་ཟིན་ལ། གཞུང་བཙུགས་བོད་སྨན་ཁང་གཙོ་བྱས་པ་དང་། སྤྱི་ཚོགས་ཀྱིས་བོད་ལུགས་སྨན་ཁང་འཛུགས་པ་དེ་ཁ་གསབ་ཏུ་བྱས་པའི་ཅུང་འཐུས་ཚང་ཡིན་པའི་བོད་སྨན་སྨན་བཅོས་ཞབས་ཞུ་མ་ལག་གྲུབ་པར་བྱས། ལྷག་པར་དུ་མཚོ་སྔོན་གྱིས་ཆེད་དུ་གསར་གཏོད་བྱས་པའི་བོད་ལུགས་གསོ་རིག་གི་སྨན་བཅོས་དང་ལུས་གསོ་བདེ་སྲུང་། ཚན་རིག་ཞིབ་འཇུག སློབ་གསོ། ཐོན་ལས། རིག་གནས། ཕྱི་ཕྱོགས་འབྲེལ་འདྲིས་གཞི་གཅིག་ཅན་གྱི་འཕེལ་རྒྱས་རྣམ་པ་དེས། བོད་ལུགས་གསོ་རིག་གི་ཐོན་ཁུངས་ཕན་ཡོད་སྒོས་མཉམ་བསྲེས་དང་བཀོད་སྒྲིག་བཟང་བོ་བྱས་པ་དང་། རང་རྒྱལ་གྱི་བོད་ལུགས་གསོ་རིག་ལས་དོན་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་དང་སྐུལ་འདེད་བྱས་ཏེ། བོད་ལུགས་གསོ་རིག་ཐོན་ལས་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ཆོས་དང་དགེ་མཚན་གྱི་ཐོན་ལས་སུ་གྱུར་བར་བྱས།
མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་ཐོན་ལས་རྒྱུན་མ་ཆད་པར་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། བོད་ལུགས་གསོ་རིག་གི་ཚན་རིག་ཞིབ་འཇུག་ཐད་ཀྱི་དངུལ་གཏོང་ཚད་མི་འདང་བ་དང་། བོད་ལུགས་གསོ་རིག་གི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་ད་དུང་ཤུགས་སྣོན་དགོས་ལ། བོད་སྨན་ཚོང་ར་རྒྱ་སྐྱེད་པའི་ཐད་ནས་དཀའ་ཁག་ལྡན་པ་དང་། བོད་སྨན་ཐོ་འགོད་དང་ལས་གཉེར་ཆོག་མཆན་འགོད་པ་སོགས་གནད་དོན་གྱིས་བོད་ལུགས་གསོ་རིག་སྨན་རྫས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་བཀག་འཛིན་ཚབས་ཆེན་བྱེད་ཀྱིན་ཡོད་ཟེར།
གོང་གི་གནད་དོན་དེ་དག་ལ་ཁ་གཏད་དེ། རྡོ་རྗེ་རབ་བརྟན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གིས་བོད་སྨན་གྱི་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་དཀར་ཆག་དང་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་དང་ལས་རྨས་ཉེན་སྲུང་གི་སྨན་རྫས་དཀར་ཆག་ཁྲོད་ཀྱི་རིགས་སྣ་དང་བསྡུར་ཚད་ཇེ་མང་དུ་གཏོང་བ་དང་། བོད་སྨན་གསར་བར་ཡིག་ཐོག་སྙན་ཞུ་བྱེད་པ་དང་འདྲ་བཟོས་སྨན་རྫས་ཐོན་སྐྱེད་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། བོད་ལུགས་གསོ་རིག་སློབ་ཚན་དེ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སློབ་ཚན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱིས་འགན་ཁུར་བའི་བོད་སྨན་གྱི་རྨང་གཞིའི་ཚད་གཞི་དང་ནད་ཐོག་སྨན་བཅོས་ཚད་གཞི། བོད་སྨན་གྱི་ཚད་གཞི། སྨན་འདུལ་བའི་ལག་རྩལ་ཚད་གཞི་སོགས་རྒྱལ་ཁབ་དང་རྒྱལ་སྤྱིའི་ཚད་གཞིའི་མ་ལག་འཛུགས་སྐྲུན་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱེད་པ། མཚོ་སྔོན་ནས་རྒྱལ་ཁབ་ཀྱི་བོད་ལུགས་གསོ་རིག་གི་ཚན་རྩལ་ཡིག་ཚགས་ཆ་འཕྲིན་གཞི་གྲངས་ལྟེ་གནས་འཛུགས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་གི་ཚན་རིག་ཞིབ་འཇུག་གླིང་དང་བོད་སྨན་གྱི་ཁེ་ལས་གཙོ་བོའི་ཞིབ་འཇུག་ལས་གཞི་དང་མ་དངུལ། ཤེས་ལྡན་མི་སྣ་སྐྱེད་སྲིང་སོགས་ཕྱོགས་ནས་རྒྱབ་སྐྱོར་བྱེད་པའི་ཞོར་དུ། མཚོ་སྔོན་གྱི་བོད་ལུགས་གསོ་རིག་སྨན་བཅོས་སྡེ་ཁག་གིས་ལས་སྣོན་བྱས་པའི་སྨན་རྫས་ཐོ་འགོད་བྱེད་པའི་བྱ་བར་སྲིད་ཇུས་ཐད་ནས་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་གྲོས་གཞི་བཏོན།
ཨུ་ཡོན་རིན་ཆེན་རྒྱལ་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་འཛུགས་སྐྲུན་ཐད་རྒྱབ་སྐྱོར་སྔར་ལས་ཆེན་པོ་བྱ་དགོས་པའི་གྲོས་གཞི་བཏོན།
ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཧ་ཅང་མཐོང་ཆེན་བྱས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ་དེ་བཅོས་བསྒྱུར་བཟོ་སྐྲུན་གལ་ཆེན་དུ་བརྩིས་ཏེ། ལོ་གཅིག་ནང་རྨང་གཞིའི་བྱ་བ་ཇེ་བརྟན་དུ་གཏོང་བ་དང་། ལོ་གཉིས་ནང་ཚོད་ལྟའི་ལས་འགན་ཡོངས་འགྲུབ་བྱེད་པ། ལོ་ལྔའི་ནང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་བྱ་བའི་དམིགས་འབེན་བཏོན་པ་མ་ཟད། ཕྱོགས་སོ་སོའི་རིགས་སྟོབས་དང་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ཕན་འབྲས་ལྡན་ཞིང་མགྱོགས་མྱུར་སྒོས་ཚོད་ལྟའི་བྱ་བ་སྤེལ་བས། རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་འཛུགས་སྐྲུན་ཐད་ཀྱི་འགོ་བཟང་བོ་བརྩམས། དེར་གཞིགས་ནས། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རིན་ཆེན་རྒྱལ་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་འཛུགས་སྐྲུན་ཐད་རྒྱབ་སྐྱོར་སྔར་ལས་ཆེན་པོ་བྱ་དགོས་པའི་གྲོས་གཞི་བཏོན།
གྲོས་གཞིའི་ནང་བཤད་རྒྱུར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་བྱ་བ་ལག་བསྟར་བྱས་པ་དེས། སྔོན་ཆད་ཀྱི་སྒྲིག་གཞི་རྙིང་བ་དོར་ནས་དོ་དམ་ཐད་ཀྱི་སྒྲིག་གཞི་གསར་བ་བཙུགས་པ་དང་། གནད་ཕིགས་དབུལ་སྐྱོར་ལ་ཟུང་འབྲེལ་བྱས་ནས། སྐྱེ་ཁམས་དོ་སྲུང་གི་རྣམ་པ་གསར་བ་འཚོལ་ཞིབ་བྱས་ལ། སྲུང་སྐྱོབ་ཀྱི་བརྗོད་གཞི་འབུར་དུ་ཐོན་པར་བྱས་ཏེ། ཆ་སྡེབས་ཀྱི་ལམ་ལུགས་གསར་བ་འཐུས་ཚང་དུ་བཏང་བ་དང་། ཕྱོགས་མང་པོས་མ་དངུལ་གྲབས་གསོག་བྱས་ནས། སྒྲིག་གཞི་ཚོད་ལྟའི་ཐད་ཀྱི་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་། ཡིན་ན་ཡང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་དང་འབྲི་སྟོང་རྫོང་། ཆུ་དམར་ལེབ་རྫོང་བཅས་རྫོང་གསུམ་དང་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མངའ་ཁོངས་བཅས་དང་འབྲེལ་བ་ཡོད་པ་དང་། སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་གཉིས་སྟོང་གསུམ་དང་བརྒྱ་ཡོད་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱ་ཁྱོན་གྱི་བརྒྱ་ཆའི་སོ་གཅིག་ལྷག་ཟིན་པ་དང་། སྤྱི་གླིང་ནང་དུ་བསྡོམས་པས་ཞང་དང་གྲོང་རྡལ་བཅུ་གཉིས་དང་སྡེ་བ་ང་གསུམ། འབྲོག་ཁྱིམ་ཁྲི་གཅིག་དང་སྟོང་བདུན། མི་ཁྲི་དྲུག་དང་སྟོང་གཉིས་ཡོད་པའི་ཁར། སྤྱི་གླིང་ཁུལ་གྱི་རྒྱ་ཁྱོན་ཆེ་ཞིང་གྲང་ངར་ཆེ་ལ་དབེན་གནས་ཡིན་པའི་རྐྱེན་གྱིས། དུས་ཡུན་རིང་བོར་འགྲིམ་འགྲུལ་དང་འཕྲིན་གཏོང་། ནུས་ཁུངས། གློག་ཤུགས། གད་སྙིགས་དང་བཙོག་ཆུ་ཐག་གཅོད་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་རྗེས་ལུས་ཡིན་པ་དང་། ཁོར་ཡུག་སྲུང་སྐྱོབ་ནུས་པ་དང་སྤྱི་ཐུན་ཞབས་ཞུའི་སྒྲིག་ཆས་མི་འདང་ལ། ནོར་ཤུགས་ཉམས་ཞན་ཡིན་པ་དང་ལོ་རྒྱུས་ཀྱི་བུ་ལོན་ཆད་པ་མང་པས། སྤྱི་གླིང་ཁུལ་གྱི་རྗེས་མཐུད་འཕེལ་རྒྱས་ཐད་འདེགས་སྐྱོར་བྱེད་རྒྱུ་དཀའ་མོ་ཞིག་རེད་ཟེར།
དེར་བརྟེན། རིན་ཆེན་རྒྱལ་གྱིས་ཀྲུང་དབྱང་གིས་རང་ཞིང་གི་ཚབ་བྱས་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོབ་དང་དོ་དམ་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་པའི་སྐབས་སུ། དམིགས་བསལ་གྱི་སྲིད་ཇུས་དང་མ་དངུལ་ཐད་ཀྱི་རྒྱབ་སྐྱོར་སྔར་ལས་མང་པོ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་རྨང་གཞིའི་སྒྲིག་ཆས་དང་གད་སྙིགས་དང་བཙོག་ཆུ་ཐག་གཅོད་པའི་སྒྲིག་གཞི། གཞུང་ལམ་ལ་སྐོར་ཞིབ་བྱེད་པ། དོ་དམ་ཚད་ལྡན་དང་ལག་རྩལ་ཚད་ལྡན་མ་ལག་འཛུགས་སྐྲུན་བྱེད་པ། རིག་སྟོབས་ཀྱི་རྒྱལ་ཁབ་སྤྱི་གླིང་། དྲིལ་སྒྲོག་སློབ་གསོ་དང་གསོ་སྦྱོང་ཐད་བཀོལ་སྤྱོད་བྱེད་པ་དང་། སྐྱེ་ཁམས་དོ་སྲུང་གི་སྤྱི་ཕན་ལས་རྐང་ཁྲི་གཅིག་སྟོང་བདུན་བཀོད་སྒྲིག་བྱེད་པའི་ཐད་བཀོལ་སྤྱོད་བྱེད་རྒྱུའི་གྲོས་གཞི་བཏོན།
འཐུས་མི་ཤ་བོ་སྒྲོལ་མ་དང་ཨ་ཧྲིན་ཆིན་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་གྱི་ཆ་འཕྲིན་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་པའི་བཟོ་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན།
མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་གྱི་རྒྱ་ཁྱོན་ཆེ་བ་དང་ཆ་འཕྲིན་ཅན་གྱི་རྨང་གཞིའི་སྒྲིག་ཆས་ཉམས་ཞན་ཡིན་པ། མཁར་ཞང་གི་ཆ་འཕྲིན་དོ་མཉམ་མིན་པ། ཐོན་ཁུངས་གཅིག་རྐྱང་གིས་འཁོར་རྒྱུག་བྱེད་པ་བཅས་ཀྱི་དངོས་ཡོད་གནས་ཚུལ་དག་ཞིང་ཕྱུགས་ལས་ཀྱི་ཚུལ་སྒྱུར་རིམ་སྤོར་དང་དེང་རབས་ཅན་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་འབུར་ཐོན་གནད་དོན་དུ་གྱུར་ཡོད། དེ་བས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཤ་བོ་སྒྲོལ་མ་དང་ཨ་ཧྲིན་ཆིན་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་གྱི་ཆ་འཕྲིན་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་པའི་བཟོ་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན།
གྲོས་གཞིའི་ཁྲོད་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་གྱིས་ལོ་མང་པོའི་རིང་ཞིང་ཕྱུགས་ལས་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་སྟེང་རྒྱུན་མཐུད་དངུལ་གཏོང་དང་འཚོལ་ཞིབ་བྱས་ཏེ་རྨང་གཞི་ངེས་ཅན་ཞིག་ཆགས་ཡོད་མོད། འོན་ཀྱང་ས་ཁུལ་དཔལ་འབྱོར་དང་འགྲིམ་འགྲུལ། སློབ་གསོ་སོགས་དངོས་ཡོད་གནས་ཚུལ་དབང་གིས་ཆ་འཕྲིན་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་པའི་བྱ་བར་ད་དུང་མི་འདང་ས་མང་པོ་ཡོད་པ་དང་དྲིལ་སྒྲོག་ནུས་ཤུགས་དེ་དངོས་ཡོད་འཁོར་སྐྱོད་ཕན་ནུས་ལས་བརྒལ་ཡོད། མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་ཆ་འཕྲིན་རྨང་གཞི་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་དང་། གཞི་གྲངས་ཞིང་སྡེ་སོགས་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱས་པ་བརྒྱུད། སྐུད་མེད་གློག་དྲ་གཙོ་བོ་གཞི་རྩའི་སྟེང་ཞིང་ཆེན་ཡོངས་ལ་ཁེབས་པར་བྱས་ཡོད། མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་གྱི་ཆ་འཕྲིན་ཅན་སྒྲོག་སྤེལ་ཐད་སྲོལ་རྒྱུན་གྱི་བྱེད་ཐབས་སྤྱོད་པ་ལས་གཞན། ཆ་འཕྲིན་དྲ་ཚིགས་སོགས་སྨྱན་བྱད་གསར་པའི་རིགས་ཀྱི་ཆ་འཕྲིན་ཞབས་ཞུའི་བྱེད་ཐབས་ཀྱང་རིམ་བཞིན་བཀོལ་སྤྱོད་བྱེད་བཞིན་ཡོད།
དེ་བས། འཐུས་མི་གཉིས་ཀྱིས་ཕྱོགས་གཅིག་ནས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་ཆ་འཕྲིན་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་པའི་བྱ་བ་དེ་ཞིང་ཕྱུགས་ལས་ཀྱི་ནོར་སྲིད་དངུལ་གཏོང་ཇེ་མང་དུ་གཏོང་བའི་ཁ་ཕྱོགས་གཙོ་བོར་བརྩི་བ་དང་། ཕྱོགས་གཞན་ཞིག་ནས་འཁོར་སྐྱོད་ཚོང་གཉེར་ནང་རྐྱེན་གསར་སྐྲུན་བྱས་ཏེ་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་ཁྲོམ་ར་གཙོ་གཞི་ཡིན་པ། རོང་འབྲོག་མང་ཚོགས་བདག་པོ་ཡིན་པ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་སྟེང་། སྲིད་གཞུང་དང་འཁོར་སྐྱོད་ཚོང་གཉེར། ཞབས་ཞུ་བཅས་མཉམ་བསྲེས་ཡིན་པའི་ཕྱོགས་གསུམ་གཞི་གཅིག་གི་སྐུལ་འདེད་རྣམ་པ་གྲུབ་པར་བྱེད་པ། དེ་དང་མཉམ་དུ། སྟེགས་བུ་གསར་གཏོད་བྱས་ཏེ་ཆ་འཕྲིན་ཞབས་ཞུའི་བྱེད་ཐབས་ལེགས་བཅོས་བྱེད་པ་དང་། གནམ་གཤིས་དང་འགྲིམ་འགྲུལ། སློབ་གསོ། ཚན་རྩལ་སོགས་ཞིང་ལས་དང་འབྲེལ་བ་ཡོད་པའི་ཐོན་ཁུངས་ཆ་འཕྲིན་དང་འབྲེལ་མཐུད་བྱས་ཏེ་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུའི་གཞི་གྲངས་མཛོད་འཛུགས་སྐྲུན་བྱེད་དགོས། ཡུལ་བབ་དང་བསྟུན་ནས་ཧུར་ཐག་དང་འོས་འཚམ་སྒོས་དུས་བགར་བ་དང་རིགས་བགར་བ། སྐོར་བགར་ཏེ་ཞིང་བར་ཕན་པའི་ཆ་འཕྲིན་ཁང་འཛུགས་སྐྲུན་བྱེད་དགོས། རོང་འབྲོག་མང་ཚོགས་ཀྱི་མ་ལག་ཅན་གྱི་གསོ་སྦྱོང་ལ་ཤུགས་བསྣན་ནས་རོང་འབྲོག་མང་ཚོགས་ཀྱི་ཆ་འཕྲིན་བསྡུ་ལེན་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བ་དང་ཆ་འཕྲིན་འདུ་ཤེས་མཐོར་འདེགས་གཏོང་དགོས་པའི་གྲོས་གཞི་བཏོན།
ལོ་ཙཱ་བ། རྟ་མགྲིན་སྐྱབས།