ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ལོ་མགོ་མ་ཡིན་པས་དབུལ་ཐར་མཁྲེགས་གཏོར་ལ་བླང་བྱ་སྔར་ལས་མཐོན་པོ་བཏོན་ཡོད། མིག་སྔར། ལྷག་མར་ལུས་པའི་དབུལ་ཕོངས་མི་གྲངས་ཀྱི་ལོ་ནའི་གྲུབ་ཚུལ་དང་རྩལ་ནུས་ཀྱི་གྲུབ་ཚུལ་ལ་འགྱུར་ལྡོག་བྱུང་ཡོད་པ་དང་།ཁྱབ་པའི་ས་ཁུལ་གྱི་ཐོན་ཁུངས་རང་སྤུས་ལ་མཁྲེགས་གཏོར་བྱེད་པའི་དཀའ་ཚད་ཀྱང་ཇེ་མང་དུ་སོང་ཡོད་ཅིང་། དབུལ་ཐར་མཁྲེགས་གཏོར་གྱི་གནད་ས་གཙོ་བོ་དེ་དབུལ་ཕོངས་དབུལ་ནག་གི་ས་ཆ་རུ་ཡོད་སྟབས། ཇི་ལྟར་རྗེས་སུ་སོང་ན་ལས་འགན་ནི་དེ་ལྟར་ཇེ་ལྕི་ཡིན་པ་རེད། དེའི་ཕྱིར།མཁྲེགས་གཏོར་གྱི་འཐབ་འཛིང་འདི་ལས་རྣམ་པར་རྒྱལ་དགོས་ན་དེ་བས་ཀྱང་བླང་བྱ་གནད་ལ་ཁེལ་བ་དང་དངོས་དོན་གཉེར་བ་ནན་བཤད་བགྱིས་ནས། སྔར་ལས་ལྷག་པར་ཏང་འཛུགས་ལེགས་འཛིན་བྱེད་དགོས་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གོས་ལྭ་ཡག་པོ་ནི་ཁབ་སྐུད་གཅིག་རེ་གཅིག་རེ་བྱས་ནས་ལེགས་པར་འཚེམ་བཟོ་བྱེད་དགོས།
ཞིང་པ་རྣམས་ལ་སྐད་ཆ་ཚིག་རྐང་གཉིས་ཡོད། དེ་བཤད་པ་ཤིན་ཏུ་ལེགས། སྐད་ཆ་ཚིག་རྐང་དང་པོ་ནི“མང་ཚོགས་ཕྱུག་མི་ཕྱུག་གི་གནད་འགག་ཏང་ཀྲི་པུའུ་ལ་ཐུག་ཡོད།”ཡིན་ན་ཡང་ཏང་ཀྲི་པུའུ་གང་དུ་འཛུགས་པ་དང་ཇི་ལྟར་འཛུགས་རྒྱུ་དེ་ཕན་ནུས་འདོན་པའི་ཆེ་ཆུང་ལ་ཐུག་ཡོད། ཉེ་བའི་ལོ་འགའི་རིང་ལ། ཅང་སུའུ་ཕའེ་ཞན་རྫོང་གིས་སྲོལ་རྒྱུན་གྱི་ཏང་རྩ་འཛུགས་འཛུགས་པའི་དཔེ་དབྱིབས་གཏོར་ཏེ། ཐོན་སྐྱེད་རྟེན་གཞི་དང་ལས་རིགས་མཐུན་ཚོགས། ཞིང་ལས་ལས་སྣོན་ཁེ་ལས། ཆེད་ལས་མཉམ་ལས་ཁང་སོགས་དཔལ་འབྱོར་རྩ་འཛུགས་ལ་རྒྱབ་རྟེན་བཅོལ་ནས།ཏང་རྩ་འཛུགས་དེ་ཐོན་ལས་སྦྲེལ་ཐག་སྟེང་དུ་བཙུགས་པ་དང་། དབུལ་སྐྱོར་ཐོན་ལས་ས་ཆ་གང་དུ་འཕེལ་རྒྱས་སུ་བཏང་ན།ཏང་རྩ་འཛུགས་ཀྱིས་ས་ཆ་དེ་རུ་ཁེབས་པ་གསར་སྐྲུན་མངོན་འགྱུར་བྱས། ཏང་འཛུགས་བཟུང་ནས་གསོན་ཤུགས་སྐུལ་སློང་བྱས་པས། དབུལ་ཐར་མཁྲེགས་གཏོར་གྱི་སྒུལ་བྱེད་འཕྲུལ་འཁོར་ལ་སྐུལ་འདེད་བྱེད་ཐུབ་བྱུང་། སྐད་ཆ་ཚིག་རྐང་གཉིས་པ་ནི“ཏང་ཀྲི་པུའུ་སྟོབས་ལྡན་ཡིན་མིན་ནི་དེའི་སྣེ་ཁྲིད་མཁན་ལ་ཐུག་ཡོད”ཅེས་པ་དེ་རེད། དབུལ་ཕོངས་དབུལ་ནག་ནི་འགག་གནད་ནང་གི་འགག་གནད་ཡིན་ཕྱིར། འདི་འདྲའི་འགག་གཏོར་འཐབ་འཛིང་བྱེད་པ་ལ། ཤིན་ཏུ་ནས་འཐབ་འཛིང་བྱེད་ཕོད་པའི་མི་སྣ་མངག་དགོས་པ་དང་། དེ་ལྟར་མ་བྱས་ན་སྒོར་མོ་ཡོད་ཀྱང་དོན་བྱ་འགྲུབ་མི་ཐུབ་ལ། དེར་བརྟེན། ནུས་མེད་ཉམས་ཞན་ཡིན་པའི་ཏང་རྩ་འཛུགས་ལ་སྡེ་བའི་གནས་བབ་དང་བསྟུན་ནས་མི་སྣ་ཆེད་མངག་བྱེད་དགོས། དབུལ་སྐྱོར་ཁྲིད་རོགས་ཀྱི་ནུས་པ་མི་འཛོམས་པའི་སྡེ་བ་ལ་ཕྱུག་སྒྱུར་སྣེ་ཁྲིད་པ་བསྐོ་མངག་བྱས་ནས་སྡེ་བའི་མགོ་ཁྲིད་ཚན་ཁག་ནང་འཇོག་དགོས་པ་དང་། ཐོན་ལས་རྨང་གཞི་ཞན་པའི་སྡེ་བ་ལ་འཐབ་ཇུས་ལག་བསྟར་ནུས་ཤུགས་འཛོམས་པའི་འཇོན་མི་བསྐོ་མངག་བྱས་ནས་སྡེ་བའི་མགོ་ཁྲིད་ཚན་ཁག་ནང་འཇོག་དགོས་ཤིང་། མང་ཚོགས་ཁྲོད་འགལ་བ་རྩོད་གཞི་མང་བའི་སྡེ་བ་ལ་བཅའ་ཁྲིམས་ཤེས་པ་དང་འདུམ་སྒྲིག་བྱེད་མཁས་པའི་འཇོན་མི་བསྐོ་མངག་བྱས་ནས་སྡེ་བའི་མགོ་ཁྲིད་ཚན་ཁག་ནང་འཇོག་དགོས།
ཏང་རྩ་འཛུགས་དབུལ་ཐར་མཁྲེགས་གཏོར་གྱི་མདུན་སྟེགས་སུ་ལངས་སུ་བཅུག་ནས། དབུལ་ཐར་མཁྲེགས་གཏོར་ལ་སྐུལ་མ་གཏོང་བ་དང་དོན་དངོས་སྒྲུབ་ཕོད་པའི་འཕུར་བྱེད་གཤོག་པ་སྲ་མོ་ཞིག་སྤྲོད་དགོས། མང་ཚོགས་ཁ་ཤས་ཀྱི་བསམ་བློ་བཅིངས་འགྲོལ་བྱས་པ་མི་འདང་བ་དང་འཕེལ་རྒྱས་ཀྱི་ཡིད་ཆེས་དང་ནུས་པ་མི་འདང་བ་སོགས་ཀྱི་གནད་དོན་ལ་གཞིགས་ནས། ཏང་ཡོན་ལས་བྱེད་པས་གོམ་འགྲོས་ཀུན་གྱི་སྔོན་ལ་བསྐྱོད་འོས་པ་དང་། བྱ་བ་དོན་སྙིང་ཅན་བསྒྲུབས་ནས་མང་ཚོགས་ལ་བལྟ་རུ་འཇུག་དགོས་ཤིང་། མང་ཚོགས་ཀྱི་སྣེ་ཁྲིད་ནས་ལས་དོན་བསྒྲུབ་དགོས། དཔེར་བཞག་ན། དབུལ་ཐར་ཐོན་ལས་ལ་དམིགས་ནས། ཏང་ཡོན་ལས་བྱེད་པས་མང་ཚོགས་ཀྱི་སྣེ་ཁྲིད་ནས་གཞན་ཡུལ་དུ་ལག་རྩལ་གསར་པ་སློབ་ཏུ་འཇུག་པ་དང་སོན་རིགས་གསར་པ་ནང་འདྲེན་བྱེད་པ། ཚད་ལྡན་ཅན་གྱི་འདེབས་གསོ་དཔེ་དབྱིབས་རྣམ་པ་ཁྱབ་སྤེལ་གང་ལེགས་བྱས་ཏེ། མང་ཚོགས་ཀྱི་མཐོང་རྒྱ་སྔར་ལས་ཆེ་རུ་བསྐྱེད་དགོས། ཞིང་ལས་ཀྱི་སྲིད་ཇུས་སྒྲོག་འགྲེལ་བྱེད་པ་དང་ལག་རྩལ་གྱི་མཛུབ་སྟོན་ལ་འབྲེལ་གཏུག་བྱེད་པ། གྲངས་འབོར་ཆུང་བའི་བསྐྱི་དངུལ་ལ་འགན་ལེན་བྱེད་པ་སོགས་ཀྱི་བྱེད་སྟངས་སྤྱོད་པ་བརྒྱུད་ནས། དམིགས་བསལ་དུ་སྔོན་ལ་དབུལ་ཕོངས་ཁྱིམ་ཚང་གི་ཐོན་སྐྱེད་འཕེལ་རྒྱས་ཐད་ལ་རོགས་རམ་བྱས་ཏེ། འཕེལ་རྒྱས་ཁྲོད་ཀྱི་ཚབས་ཆེ་བའི་འགག་རྩའི་གནད་དོན་ཐག་གཅོད་ལེགས་པོ་བྱེད་དགོས། དབུལ་ཕོངས་ཁྱིམ་ཚང་གི་ནང་དུ་འགན་ཁུར་དཀྲིས་ནས་དངོས་སུ་ཟབ་ཞུགས་ཀྱིས་དེའི་གཞི་རྩའི་འཚོ་བ་ཅི་འདྲ་ཡིན་པ་དང་སྨན་པར་བསྟེན་ནས་ནད་ལ་བལྟ་བ། བུ་བུ་མོ་སློབ་གྲྭར་འགྲོ་བ་སོགས་ཀྱི་ཕྱོགས་སུ་གནས་པའི་གནད་དོན་གང་མཆིས་རྒྱུས་ལོན་ཞིབ་མོ་བྱེད་དགོས། དེ་ལྟར་བྱས་ན་ད་གཟོད་ཁྱིམ་ཚང་གཅིག་ལ་ཐབས་ཇུས་གཅིག་རེ་འཐེན་ནས་གནད་ཁེལ་དབུལ་སྐྱོར་བྱེད་ཐུབ་པ་ཡིན། བདེན་འཛིན་དངོས་སྒྲུབ་དང་བྱས་འབྲས་མགྱོགས་པ་བྱས་ན། ད་གཟོད་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་ཇི་ལྟ་བ་བཞིན་ཚོར་ཐུབ་པ་ཡིན། དེ་བས།“ཏང་འཛུགས+སྐྱེ་ཁམས་ཞིང་ལས།”“ཏང་འཛུགས+སྐྱེ་ཁམས་ཡུལ་སྐོར།”“ཏང་འཛུགས+ཁྱད་ལྡན་ཚོང་རྟགས”སོགས་ཀྱི་དཔེ་དབྱིབས་ཧུར་ཐག་གིས་སྐུལ་སྤེལ་བྱས་ནས། ཏང་འཛུགས་བྱ་བ་འདི་དབུལ་ཐར་མཁྲེགས་གཏོར་གྱི་གོ་རིམ་ཧྲིལ་པོར་ཁྱབ་ཏུ་འཇུག་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་འགུལ་ནུས་གསར་པ་སྐུལ་སློང་བྱེད་དགོས།
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་དེང་ཕྱིན་གྱི་ལོ་གསུམ་རིང་གི“མཁྲེགས་གཏོར་འཐབ་འཛིང་ཆེན་པོ་གསུམ”བཏོན་ཡོད། དེའི་ཁྲོད་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ཆེས་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་ཞིག་ནི་གནད་ཁེལ་དབུལ་ཐར་ཞེས་པ་དེ་རེད། རྒྱུ་མཚན་དེའི་དབང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱིས་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས་ཤིང་། ཏང་ཡོན་ལས་བྱེད་པ་སྐུལ་སློང་བྱས་ནས། “རི་ལ་འཕྲད་ན་བགྲོད་ལམ་བཏོད། ཆུ་ལ་འཕྲད་ན་ཟམ་པ་འཕེན”ཐུབ་པའི་སྙིང་སྟོབས་ཤིག་གིས་མིག་མཐོང་ལག་ཟིན་གྱི་དོན་བཟང་གང་མང་བསྒྲུབས་ན། ད་གཟོད་དབུལ་ཕོངས་མང་ཚོགས་རྣམས་སྔ་མོ་ནས་དབུལ་པོ་ལས་ཐར་ཐུབ་པ་དང་། ཐ་ན་འབྱོར་ཕྱུག་གི་ཕུགས་འདུན་དེ་ཡང་མི་འགྱངས་པར་མངོན་འགྱུར་བྱེད་ཐུབ།
རྩོམ་སྒྲིག་པ། སྐར་མ་འཚོ།