སྐྱེ་ཁམས་བཟང་པ་དེ་གྲོང་གསེབ་དར་སྤེལ་གྱི་བརྟེན་ས་བྱེད་དགོས་ཞེས་པ་སྟེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་གྱི་ཀློག་འགྲེལ། ༼ཁག་གསུམ་པ། ༽
2018.03.29 ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཀློག་གྲངས། 38

མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ་རྒྱུན་འཁྱོངས་བྱས་ནས་གྲོང་གསེབ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས་དོན་ཅི་ཞིག་ཡིན་ནམ།

ལན། སྐྱེ་ཁམས་ཁོར་ཡུག་བཟང་པ་ནི་ཞིང་སྡེའི་ཆེས་ཆེ་བའི་ཁྱད་སྟོབས་དང་རྒྱུ་ནོར་རྩ་ཆེན་ཞིག་ཡིན། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་གཞི་བརྟན་སྲུང་བྱས་ཏེ། གྲོང་གསེབ་ཀྱི་རང་བྱུང་མ་རྩ་མགྱོགས་མྱུར་སྒོས་འཕར་སྣོན་ཡོང་བར་སྐུལ་འདེད་བཏང་ནས། སྐྱེ་ཁམས་བཟང་པ་དེ་གྲོང་གསེབ་དར་སྤེལ་གྱི་བརྟེན་ས་རུ་འགྱུར་དགོས། ད་སྐབས་ཆུ་ནང་དུ་རྐྱལ་བ་དང་། ཆུ་ཕྲན་ནང་ཉ་འཛིན་པ། རྫིང་བུའི་ནང་ཚོད་མ་འཁྲུ་བ་སོགས་ཀྱི་སྣང་ཚུལ་ཤིན་ཏུ་ཉུང་བས། ཞིང་སྡེ་ཡང་སྔོན་ཆད་ཀྱི་ཞིང་སྡེའི་རྣམ་པ་ལྟ་བུ་ཞིག་མིན་པ་རེད།
གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་ན། ལྗང་མདོག་འཕེལ་རྒྱས་རྣམ་པ་དང་འཚོ་བའི་རྣམ་པར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་མཛེས་སྡུག་ཡོང་བ་དང་། ཁོར་ཡུག་གཙང་མར་ཡོང་བ། རི་བོ་སྔོ་ཞིང་ཆུ་མོ་དྭངས་ལ། ནམ་མཁའ་སྔོ་ཞིང་ས་གཞི་ལྗང་བ། སྡེ་བ་ཡག་ཅིང་མི་རྣམས་འཆམ་མཐུན་ངང་གནས་པའི་མཛེས་སྡུག་གི་རི་མོ་ཞིག་ཡང་བསྐྱར་མངོན་ཐུབ་པར་བྱེད་རྒྱུ་དེ་ནི་ཆེས་གལ་ཆེན་གྱི་ལས་འགན་གཙོ་བོ་ཡིན། དེང་སྐབས། ཐོན་ཁུངས་ཁོར་ཡུག་གི་ཐད་ལ་བསམ་བློ་མི་གཏོང་བར་གསོ་སྤེལ་བྱེད་པ་དང་། ཉ་འཛིན་པ། ཕྱུགས་གསོ་བ་སོགས་ཚད་ལས་བརྒལ་བའི་སྣང་ཚུལ་ཡང་ད་དུང་མང་པོ་ཞིག་གནས་ཡོད་ལ། ས་ཞིང་འདེབས་ན་ལུད་རྫས་དང་སྨན་རྫས་མང་པོ་གཏོར་བ་དང་། ཆུ་དཀོན་པའི་ས་ཁུལ་དུ་ད་དུང་ཞིང་ཆུ་གང་འདོད་དུ་གཏོང་བ། སོག་མ་དང་། གཅིན་སྐྱག ཞིང་སའི་འགྱིག་ཤོག་སོགས་ལ་ཕན་འབྲས་ལྡན་པའི་བཅོས་སྐྱོང་དང་བཀོལ་སྤྱོད་བྱེད་ཐུབ་ཀྱིན་མེད་པ་རེད། མེས་པོས་བཞག་པའི་ས་ཞིང་གི་སྟེང་ནས་འཚོ་བ་རོལ་བཞིན། བུ་རབས་ཚ་རྒྱུད་ལ་བསམ་བློ་མི་གཏོང་བ་དང་། ཉ་ལ་རྔམ་ནས་རྫིང་བུ་ཕྱིར་གཏོང་བ་བཅས་ཀྱི་འཕེལ་རྒྱས་རྣམ་པ་དེ་དག་གཏན་ནས་རྒྱུན་སྲིང་བྱེད་མི་རུང་། དེ་ནི་ཉ་ལ་རྔམ་ནས་རྫིང་བུ་ཕྱིར་བཏང་ན། ཉ་འཛིན་མི་ཐུབ་པ་ག་ལ་སྲིད། ཡིན་ནའང་། ལོ་རྗེས་མར་ཉ་གཅིག་ཀྱང་ཡོད་མི་སྲིད་པ་དང་། ནགས་ཚལ་བསྲེགས་ཏེ་ཞིང་སར་བཅོས་ན། འབྲུ་རིགས་ཐོབ་མི་སྲིད་པ་ག་ལ་སྲིད། ཡིན་ནའང་། ལོ་རྗེས་མར་རི་དྭགས་མཐོང་མི་ཐུབ་པ་ལྟ་བུའི་དོན་དང་གཅིག་མཚུངས་རེད།

ང་ཚོས་ངེས་པར་དུ་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ཏེ། ཇེ་ཉུང་དུ་གཏོང་དགོས་པ་ཇེ་ཉུང་དུ་གཏོང་བ་དང་། འཐེན་དགོས་པ་ཕྱིར་འཐེན་པ། བཅོས་སྐྱོང་བྱེད་དགོས་པ་བཅོས་སྐྱོང་བྱེད་པ་དོན་འཁྱོལ་བྱེད་དགོས། ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་ཇེ་བཟང་དུ་སོང་ན། ས་གཞིའི་སྟེང་གསེར་རྟ་རྨིག་མ་ལྟ་བུའི་རིན་པོ་ཆེ་སྐྱེ་སྲིད་པས། སྐྱེ་ཁམས་ནི་དཔལ་བསམ་ལྗོན་ཤིང་ལྟ་བུར་འགྱུར་ངེས་པ་དང་། ཞིང་སའི་མཛེས་ལྗོངས་དང་། མཚེའུ་འོད་མདངས། རི་བོའི་ལྗང་མདོག མཛེས་པོའི་གྲོང་གསེབ་སོགས་ནི་རིན་ཆེན་གཏེར་མཛོད་ལྟ་བུར་གྱུར་ནས། སྐྱེ་ཁམས་ཞིང་ལས་དང་། ཁམས་གསོའི་རྒན་གསོ། ནགས་ཚལ་ལུས་གསོ། གྲོང་གསེབ་གནས་སྐོར་བཅས་འཕེལ་རྒྱས་སུ་འགྲོ་ཐུབ་ངེས་ཡིན།

ལྗང་མདོག་འཕེལ་རྒྱས་གཏོང་བའི་བྱེད་ཐབས་གཙོ་བོ་ནི་གང་ཞིག་ཡིན་ནམ།

ལན། ལྗང་མདོག་འཕེལ་རྒྱས་ཀྱིས་སྣེ་ཁྲིད་དེ་གྲོང་གསེབ་དར་སྤེལ་གཏོང་བ་ནི་གཏིང་ཟབ་པོའི་གསར་བརྗེ་ཐེངས་ཤིག་ཡིན། གནའ་མིའི་བཤད་སྲོལ་ལ། གནམ་སྔོན་པོའི་ཁ་ཞེང་ཆེ་རུང་། ས་དོག་མོའི་ཕ་མཐའ་ལ་ཚད་ཡོད་ཞེས་པ་བཞིན། ལྗང་མདོག་སྐྱེ་ཁམས་ཁྲིད་སྟོན་ཡིན་པའི་ཞིང་ལས་སྲིད་ཇུས་ཀྱི་རྒྱབ་སྐྱོར་མ་ལག་འཐུས་ཚང་དུ་གཏོང་དགོས་ན། ལྗང་མདོག་ཐཱན་ཉུང་འཁོར་བསྐྱོད་ཀྱི་ཞིང་ལས་ཐོན་ལས་མ་ལག་འཛུགས་པ་དང་། ཚན་རིག་དང་གོ་རིམ་ལྡན་པའི་ཞིང་ལས་བར་སྟོང་བཀོད་སྒྲིག་མ་ལག་མགྱོགས་མྱུར་སྒོས་བཙུགས་ཏེ། ཞིང་ལས་ཚད་དང་བརྒལ་ནས་ཐོན་ཁུངས་ཟད་གྲོན་ལ་བརྟེན་པའི་འཕེལ་རྒྱས་ཀྱི་རྣམ་པ་རྩ་བ་ནས་བསྒྱུར་དགོས། ཞིང་སའི་བཙོག་རྫས་འགོག་བཅོས་བྱེད་པར་ཤུགས་བསྣན་ནས། ལུད་རྫས་འཇོག་པའི་ཚད་ཇེ་ཉུང་དུ་གཏོང་དགོས་པ་དང་། ཐོན་སྐྱེད་དག་གཙང་ཅན། གད་སྙིགས་ཐོན་ཁུངས་ཅན། ཐོན་ལས་རྣམ་པའི་སྐྱེ་ཁམས་ཅན་བཅས་མངོན་འགྱུར་བྱེད་དགོས། ཞིང་ས་བཙོག་འགྱུར་ལ་དོ་དམ་ཚོད་འཛིན་དང་སླར་གསོ་བྱེད་པར་ཤུགས་བསྣན་ནས། སོག་ཤུལ་རེས་མོས་བྱས་ནས་འདེབས་པའི་ཚོད་ལྟ་རྒྱ་སྐྱེད་དེ། ས་ཞིང་ལ་འཐབ་ཇུས་རང་བཞིན་གྱི་སྲུང་སྐྱོབ་བྱེད་པ་ལག་བསྟར་བྱེད་དགོས་པ་དང་། རིགས་དགར་བ་དང་གོ་རིམ་ལྡན་པའི་སྒོ་ནས་ཚད་ལས་བརྒལ་ཏེ་ས་ཞིང་སློག་པ་དང་ས་ཞིང་གི་ཐེག་ཚད་ལས་བརྒལ་བའི་མུ་མཐའི་ཐོན་ནུས་ལས་ཕྱིར་འབུད་དགོས། མུ་མཐུད་དུ་སྐྱེ་ཁམས་མ་ལག་གལ་ཆེན་ལ་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་ལས་གཞི་ལག་བསྟར་བྱས་ཏེ། རྨོ་བསྐྱུར་ནགས་སྐྲུན་དང་རྩྭ་འདེབས། ཕྱུགས་བསྐྱུར་རྩྭ་འདེབས་བཅས་ཀྱི་གཞི་ཁྱོན་རྒྱ་བསྐྱེད་དགོས། རང་བྱུང་ནགས་ལ་སྲུང་སྐྱོབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། རྨོ་ཞིང་དང་། རྩྭ་ཐང། ནགས་ཚལ། ཆུ་རྒྱུན། མཚེའུ་བཅས་ཉམས་པ་སོར་ཆུད་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། རི་ཆུ་ནགས་ཞིང་དང་། མཚེའུ། རྩྭ་ས་བཅས་ཀྱི་མ་ལག་བཅོས་སྐྱོང་ལམ་ལུགས་འཛུགས་དགོས། ཚོང་ར་ཅན་དང་སྣ་མང་ཅན་གྱི་སྐྱེ་ཁམས་ཁ་གསབ་སྒྲིག་གཞིའི་སྟེང་ཐོད་བརྒལ་གསར་བ་བླངས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཐད་ནས་གྱོང་མི་རེག་པར་བྱེད་དགོས་པར་མ་ཟད་དངོས་ཡོད་ཀྱི་ཁེ་ཕན་ཐོབ་ཏུ་བཅུག་སྟེ། ཞིང་པ་ལྗང་མདོག་གི་ལྟ་སྲུང་མི་སྣར་འགྱུར་དུ་འཇུག་དགོས།

མི་སྡོད་སའི་ཁོར་ཡུག་ལེགས་བཅོས་བྱེད་པ་ཇེ་མགྱོགས་སུ་གཏོང་བར་བྱེད་ཐབས་གང་དག་སྤྱོད་དགོས་སམ།

ལན། མི་སྡོད་སའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་རྒྱུ་ནི་རྒྱ་ཆེའི་ཞིང་བ་མང་ཚོགས་ཀྱི་རེ་སྒུག་ཉག་ཅིག་ཡིན་པས། ཞིང་སྡེ་ཁ་ཤས་སུ་བཙོག་ཟིང་ངན་གསུམ་གྱི་རྣམ་པ་ཡོད་པ་དེ་ངེས་པར་མྱུར་དུ་བསྒྱུར་དགོས། ཞིང་སྡེའི་མི་སྡོད་ཁོར་ཡུག་ལོ་ངོ་གསུམ་གྱི་རིང་ལ་ལེགས་བཅོས་བྱེད་པའི་འགུལ་སྤྱོད་ཇུས་གཞི་ལག་བསྟར་བཟང་པོ་བྱས་ཏེ། དམིགས་འབེན་གཏན་འཁེལ་གསལ་བོ་དང་། འགན་ཁུར་དངོས་འབེབ་བྱེད་དགོས་པ་དང་། ཞིང་སྡེའི་འཚོ་བའི་གད་སྙིགས་ཐག་གཅོད་དང་། འཚོ་བའི་བཙོག་ཆུ་བཅོས་སྐྱོང་བྱེད་པ། སྡེ་བའི་རྣམ་པ་བཅས་མཉམ་ཏུ་ལེགས་བཅོས་བྱས་ནས། རིམ་བཞིན་གྲོང་གསེབ་ཀྱི་རི་ཆུ་ནགས་ཞིང་དང་། ལམ། ཁང་བ་བཅས་ཁྱོན་ཡོངས་ནས་ལེགས་བཅོས་བྱེད་པར་ཡར་སྐུལ་བྱེད་དགོས་ལ། དེ་དག་ནི་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཤིག་ཏུ་བརྩི་དགོས། གསང་སྤྱོད་ཁང་གི་གནད་དོན་དེ་དོན་དག་ཆུང་ཆུང་ཞིག་མིན་པར་ཞིང་བ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་ཐད་ཀར་ཏུ་འབྲེལ་བ་ཡོད་པས། དེ་ནི་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་བྱེ་བྲག་གི་བྱ་བར་ཞིག་ཏུ་བརྩིས་ནས་སྐུལ་འདེད་བྱེད་དགོས་ལ། རྒྱུན་ཆད་མེད་པར་དམ་འཛིན་བྱས་པའི་འབྲས་བུ་མངོན་དགོས། ཞིང་སྡེའི་ཁོར་ཡུག་ལེགས་བཅོས་བྱེད་པའི་བྱ་བ་དེ་ནི་འཕེལ་རྒྱས་ཆེ་བའི་ས་ཁུལ་དང་འཕེལ་རྒྱས་ཞན་པའི་ས་ཁུལ་གང་ཡིན་རུང་སྒྲུབ་དགོས་པ་དང་། ཚད་གཞི་ལ་མཐོ་དམའ་ཡོད་རུང་། ཆེས་མ་མཐའ་ཡང་ཞིང་བ་མང་ཚོགས་ལ་དག་གཙང་གི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་དགོས།

སོ་ནམ་དཔལ་ཡོན་རྒྱུན་འཛིན་དང་འཕེལ་རྒྱས་སུ་བཏང་སྟེ། གྲོང་གསེབ་རིག་གནས་དར་རྒྱས་ཀྱི་ལམ་དུ་བསྐྱོད་པར་བྱ་བ་གང་དག་སྒྲུབ་དགོས་སམ།

ལན། ཕུལ་དུ་བྱུང་བའི་གྲོང་གསེབ་རིག་གནས་ཀྱིས་ཞིང་སྡེའི་བསམ་བློ་དར་སྤེལ་གཏོང་ཐུབ་པ་དང་། ཞིང་བ་མང་ཚོགས་ཀྱི་གོང་བུར་འགྲིལ་ཤུགས་ཇེ་དྲག་ཏུ་བཏང་ནས། སྤྱི་ཚོགས་ཀྱི་གོམས་སྲོལ་བཟང་པོ་གསོ་སྐྱོང་བྱེད་དགོས། ཞིང་སྡེ་དར་སྤེལ་གཏོང་དགོས་ན། སྣང་བརྙན་བཟང་པོ་བསྐྲུན་དགོས་ལ། དོན་སྙིང་ཡང་ལྡན་དགོས་པ་དང་། དཔལ་ཡོན་ལྡན་པའི་ཡུལ་སྲོལ་དང་། ཁྱིམ་སྲོལ་བཟང་པོ། བབ་ཆགས་པའི་དམངས་སྲོལ་བཅས་ཆགས་སུ་བཅུག་ནས། དཔལ་ཡོན་ལྡན་པའི་རྣམ་པ་གསར་བ་མངོན་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་དང་ལག་བསྟར་བྱས་ནས། སློབ་གསོའི་ཁྲིད་སྟོན་དང་ ལག་ལེན་ལས་ཐོབ། འགན་སྲུང་ལམ་ལུགས་བཅས་དོ་དམ་གསུམ་མཉམ་གཅིག་ཏུ་རྒྱུན་འཁྱོངས་བྱས་ནས། ཞིང་བ་མང་ཚོགས་ལ་ལྟ་འདོད་ཅིང་ཉན་སྤྲོ་བའི་ལམ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་གྱི་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་དང་། རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་དགོས། ཞིང་བའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། ལྷ་མེད་སྨྲ་བའི་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་བྱས་ཏེ། བཀས་བཀོད་རྒྱུན་འཛིན་གྱི་རྨོངས་དད་བྱ་འགུལ་བཀག་འགོག་བྱེད་དགོས། རིག་གནས་གཞི་རིམ་དུ་བསྐྱལ་བར་སྐུལ་འདེད་བཏང་ནས། རིག་རྩལ་བྱ་བ་སྒྲུབ་མཁན་རྣམས་ཞིང་སྡེར་ཟབ་ཞུགས་དང་། ཞིང་བའི་འཚོ་བར་ཉེ་བར་བཅར་བར་སྐུལ་ལྕགས་བྱེད་པ་དང་། གྲོང་གསེབ་ཀྱི་ཁྱད་ཆོས་ལྡན་པ་དང་། ཡར་སྐུལ་གྱི་ནུས་པ་ལྡན་པ། ཞིང་བ་མང་ཚོགས་ཀྱིས་དགའ་བསུ་ཐོབ་པའི་རིག་རྩལ་བརྩམས་ཆོས་གསར་རྩོམ་བྱེད་དགོས། གྲོང་གསེབ་ཀྱི་རིག་གནས་ཐོན་ཁུངས་ལེགས་སྒྲིག་བྱས་ནས། ཞིང་བ་རྩེད་རྒྱུར་དགའ་བའི་མང་ཚོགས་རང་བཞིན་གྱི་རིག་གནས་བྱ་འགུལ་རྒྱ་ཆེར་སྤེལ་དགོས། ས་གནས་རང་གི་རིག་གནས་ཤེས་ལྡན་མི་སྣ་སྔོག་འདོན་དང་གསོ་སྐྱོང་བྱས་ནས། རིག་གནས་ཁ་གཏད་རོགས་སྐྱོར་བྱ་བ་སྤེལ་བ་དང་། ཁེ་ལས་པ་དང་། རིག་གནས་བྱ་བ་སྒྲུབ་མཁན། ཚན་རྩལ་ཁྱབ་གདལ་བྱ་བ་སྒྲུབ་མཁན། ལས་འཁྱུར་ངལ་གསོ་བྱས་པའི་མི་སྣ། རིག་གནས་དང་བླངས་པ་སོགས་ཀྱིས་སྣེ་ཁྲིད་བྱས་ཏེ་གྲོང་གསེབ་དུ་སོང་ནས་རིག་གནས་འཛུགས་སྐྲུན་བྱེད་པའི་སྲིད་ཇུས་གཏན་འཁེལ་བྱས་ཏེ། ཞིང་སྡེའི་རིག་གནས་འཛུགས་སྐྲུན་གྱི་སྟོབས་ཤུགས་གསར་བ་གྲུབ་པར་བྱེད་དགོས།

བདེ་ཐང་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་སྲིད་ཇུས་ནི་ཅི་ཞིག་ཡིན་ནམ།

ལན། ཞིང་སྡེའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་ལ་ཤུགས་བསྣན་ནས། དལ་བའི་རང་བཞིན་གྱི་ཕྱོགས་བསྡུས་ནད་འགོག་ཚོད་འཛིན་བྱེད་པའི་ཤུགས་ཚད་ཇེ་དྲག་དང་། ཞིང་སྡེ་ས་ཁུལ་དུ་སེམས་ནད་དང་། ལས་རིགས་ཀྱི་ནད། འགོས་ནད་ཚབས་ཆེན་འབྱུང་བ་འགོག་སྲུང་བྱེད་པའི་བྱ་བ་ཤུགས་ཆེན་པོས་སྤེལ་དགོས། གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་ལས་གཞིའི་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་བཏང་ནས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་དང་། ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་སྡེ་བའི་འཕྲོད་བསྟེན་ཁང་བཅས་ཀྱི་ཆ་རྐྱེན་ལེགས་བཅོས་བྱེད་པར་རྒྱབ་སྐྱོར་བྱེད་དགོས། གྲོང་གསེབ་ཀྱི་ཀྲུང་ལུགས་སྨན་རྫས་ཞབས་ཞུ་ལ་ཤུགས་སྣོན་དགོས། ཁྱིམ་ཚང་སྨན་པར་གན་རྒྱ་འཇོག་པའི་ཞབས་ཞུ་ཚད་ལྡན་དུ་གཏོང་བའི་བྱ་འགུལ་སྤེལ་ཏེ། བུད་མེད་བྱིས་པ་དང་། རྒན་པ། དབང་བོ་སྐྱོན་ཅན་སོགས་ལ་བདེ་ཐང་གི་ཞབས་ཞུ་སྒྲུབ་པར་ཤུགས་སྣོན་དགོས། ལེགས་བཙའ་ལེགས་གསོ་བྱེད་པར་སྣེ་ཁྲིད་བྱེད་དགོས། གྲོང་གསེབ་ཀྱི་རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་དགོས།

ཞིང་སྡེའི་མི་སྡོད་ཁོར་ཡུག་བསྟུད་མར་ལེགས་བཅོས་བྱེད་པའི་སྲིད་ཇུས་ནི་གང་ཡིན་ནམ།

ལན། ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པའི་ལོ་ངོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱེད་དགོས། ཞིང་སྡེའི་གད་སྙིགས་དང་། བཙོག་ཆུ་བཅོས་སྐྱོང་། སྡེ་བའི་རྣམ་པ་ཇེ་ལེགས་སུ་གཏོང་བ་དེ་ཁ་ཕྱོགས་གཙོ་བོ་བྱས་ཏེ། ཐོན་ཁུངས་སྣ་ཚོགས་ལེགས་སྒྲིག་དང་། བྱེད་ཐབས་སྣ་ཚོགས་ཇེ་དྲག་ཏུ་བཏང་སྟེ། ཞིང་སྡེའི་མི་སྡོད་ཁོར་ཡུག་གི་འབུར་ཐོན་གནད་དོན་བརྟན་འཇགས་སྒོས་ལེགས་བཅོས་བྱེད་པར་ཡར་སྐུལ་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞིང་སྡེའི་གསང་སྤྱོད་ཁང་གསར་བརྗེ་བྱེད་པར་སྐུལ་འདེད་བྱེད་དགོས་པ་དང་། ཤུགས་ཆེན་པོའི་སྒོ་ནས་ཞིང་སྡེའི་ཁྱིམ་ཚང་གི་བཀོལ་བའི་གསང་སྤྱོད་ཁང་འཛུགས་སྐྲུན་དང་ལེགས་བསྒྱུར་བྱེད་དུས་མཚུངས་སུ། མི་གཙང་བའི་བཙོག་སྐྱོན་བཅོས་སྐྱོང་བྱས་ནས་ཞིང་སྡེ་རུ་གནོད་པ་མེད་པའི་གསང་སྤྱོད་ཁང་མགྱོགས་མྱུར་ངང་ཡོངས་སུ་ཁྱབ་པར་བྱས་ཏེ། འབད་བརྩོན་ཆེན་པོས་ཞིང་བ་མང་ཚོགས་ཀྱི་འཚོ་བའི་རྒྱུ་སྤུས་ལ་ཤུགས་རྐྱེན་བཟོ་བའི་མི་འདང་སར་ཁ་གསབ་བྱེད་དགོས། ས་ཁུལ་མི་འདྲ་བར་འཚམ་པའི་ཞིང་སྡེའི་བཙོག་ཆུ་བཅོས་སྐྱོང་རྣམ་པ་རྒྱ་བསྐྱེད་པར་སྤྱི་བསྡོམས་བྱས་ནས། ལག་རྩལ་གྱི་འདེགས་སྐྱོར་དང་མཛུབ་སྟོན་ལ་ཤུགས་སྣོན་བྱེད་དགོས། ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་ཏུ་བྱེད་དགོས། བྱང་ཕྱོགས་ས་ཁུལ་གྱི་ཞིང་སྡེ་རུ་རྡོ་སོལ་གྱིས་ཚབ་བྱེད་པར་སྐུལ་འདེད་བཏང་སྟེ། ཆ་རྐྱེན་ལྡན་པའི་ས་ཁུལ་དུ་རྡོ་སོལ་བཀོལ་བ་དེ་རང་བྱུང་སོལ་རླངས་དང་། གློག་བཀོལ་བའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བྱེད་དགོས། ཞིང་སྡེའི་ཡོང་སྒོ་དམའ་བའི་མང་ཚོགས་ལ་བདེ་འཇགས་སྡོད་ཁང་འགན་སྲུང་ནང་རྐྱེན་རིམ་བཞིན་འཛུགས་དགོས། ཞིང་བའི་ཁང་བ་གསར་དུ་ལས་པའི་འཆར་འགོད་དོ་དམ་ཚོད་འཛིན་ལ་ཤུགས་བསྣན་ནས། “སྡེ་བ་སྟོང་བའི”ཞབས་ཞུའི་དོ་དམ་དང་ལེགས་བསྒྱུར་ལ་ཤུགས་སྣོན་དགོས། གྲོང་གསེབ་ཀྱི་རྣམ་པ་སོར་འཇོག་བྱེད་པར་སྲུང་སྐྱོབ་བྱས་ནས། ཞིང་རའི་འཛུགས་སྐྲུན་ཚོད་ལྟ་ཁུལ་སྤེལ་བ་དང་། གྲོང་གསེབ་ཀྱི་སྲོལ་རྒྱུན་འཛུགས་སྐྲུན་བཟོ་བ་མིང་གྲགས་ཅན་སྐྱེད་བསྲིང་བྱེད་དགོས། གྲོང་གསེབ་དུ་ལྗང་མདོག་འགུལ་སྐྱོད་སྤེལ་བ་ལག་བསྟར་བྱས་ཏེ། ཕྱོགས་ཡོངས་ནས་གནའ་བོའི་མིང་གྲགས་ཅན་གྱི་ཤིང་སྡོང་ལ་སྲུང་སྐྱོབ་བྱེད་དགོས། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་བསྟུད་མར་ཡར་སྐུལ་བྱེད་དགོས།

རི་ཆུ་ནགས་ཞིང་དང་། མཚོ་མོ། རྩྭ་སའི་མ་ལག་ལ་གཅིག་གྱུར་སྒོས་བཅོས་སྐྱོང་ཇི་ལྟར་བྱེད་དགོས་སམ།

ལན། རི་ཆུ་ནགས་ཞིང་དང་། མཚོ་མོ། རྩྭ་ས་སོགས་ཞིང་རའི་ཐུན་མོང་ཚོགས་པ་བྱས་ཏེ། གཅིག་གྱུར་གྱིས་སྲུང་སྐྱོབ་དང་སླར་གསོ་བྱེད་དགོས། སྐྱེ་ཁམས་མ་ལག་གལ་ཆེན་ལ་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་ལས་གཞི་ལག་བསྟར་བྱེད་དགོས། རྨོ་ཞིང་དང་། རྩྭ་ཐང་། ནགས་ཚལ། ཆུ་བོའི་བཞུར་རྒྱུན། མཚེའུ་བཅས་ཀྱིཉམས་པ་སོར་ཆུད་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། རིགས་དགར་བ་དང་གོ་རིམ་ཡོད་པའི་སྒོ་ནས་ཐེག་ཚད་ལས་བརྒལ་བའི་མུ་མཐའི་ཐོན་ནུས་ལས་ཕྱིར་འབུད་དགོས། རྨོ་ཞིང་རེས་མོས་ཀྱིས་འདེབས་པའི་ལམ་ལུགས་ཚོད་ལྟའི་གནས་རྒྱ་སྐྱེད་དགོས། ཚན་རིག་ལྟར་གཙང་བོ་དང་། མཚོ་ནང་དུ་ཉ་འཛིན་པར་ཚོད་འཛིན་དང་། ཉ་འཛིན་མི་ཆོག་པའི་ས་ཁོངས་བགོས་ཏེ། ཆུ་སྐྱེས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཆུའི་ཐོན་ཁུངས་ཟད་གྲོན་གྱི་ཚད་དང་དྲག་ཚད་གཉིས་ལ་ཚོད་འཛིན་བྱེད་པའི་འགུལ་སྐྱོད་ལག་བསྟར་བྱེད་དགོས། ཆུ་བོ་དང་མཚོ་མོའི་ཆུ་ལག་འབྲེལ་མཐུད་དང་ཞིང་སྡེའི་རྫིང་བུའི་འདམ་བག་གཙང་དག་བྱེད་པའི་བྱ་བ་སྤེལ་ཏེ། ཁྱོན་ཡོངས་ནས་ཆུ་བདག་དང་མཚོ་བདག་ལམ་ལུགས་སྐུལ་འདེད་གཏོང་དགོས། ཞིང་ལས་ཀྱི་ཆུའི་རིན་གོང་ཕྱོགས་བསྡུས་བཅོས་བསྒྱུར་བྱ་བའི་ཤུགས་ཚད་ཇེ་ཆེར་གཏོང་དགོས། རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་བྱེད་པའི་འགུལ་སྐྱོད་སྤེལ་ཏེ། ས་རྒོད་ཅན་དང་། རྡོ་མང་ས། ས་ཆུ་ཤོར་བ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་ཡར་སྐུལ་བྱེད་དགོས། བརླན་ས་སྲུང་སྐྱོབ་དང་སླར་གསོ་བྱེད་པར་ཤུགས་བསྣན་ནས། མུ་མཐུད་དུ་རྨོ་བསྐྱུར་བརླན་ས་བསྐྲུན་པའི་བྱ་འགུལ་སྤེལ་དགོས། རང་བྱུང་ནགས་ཚལ་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། རང་བྱུང་ནགས་ཚལ་ཡོད་ཚད་སྲུང་སྐྱོབ་ཀྱི་ཁྱབ་ཁོངས་སུ་འཇོག་དགོས། རྨོ་བསྐྱུར་ནགས་སྐྲུན་རྩྭ་འདེབས་དང་། ཕྱུགས་བསྐྱུར་རྩྭ་འདེབས་རྒྱ་སྐྱེད་དེ། གྲུབ་འབྲས་སྲ་བརྟན་གྱི་ཡུན་རིང་ནང་རྐྱེན་འཛུགས་དགོས། བྱང་གསུམ་འགོག་སྲུང་ནགས་ཚལ་མ་ལག་འཛུགས་སྐྲུན་སོགས་ཀྱི་ནགས་ལས་གཙོ་གནད་བཟོ་སྐྲུན་མུ་མཐུད་དུ་ལག་བསྟར་བྱས་ཏེ། ནགས་ཚལ་སྤུས་ཚད་ཇེ་མཐོར་གཏོང་བའི་ལས་གཞི་ལག་བསྟར་བྱེད་དགོས། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་དགོས། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱས་ཏེ། ཕན་འབྲས་ལྡན་པའི་སྒོ་ནས་ཕྱིའི་སྐྱེ་དངོས་ཀྱིས་རྒོལ་བ་འགོག་དགོས།

ཚོང་ར་ཅན་དང་སྣ་མང་ཅན་གྱི་སྐྱེ་ཁམས་ཁ་གསབ་ནང་རྐྱེན་ཇི་ལྟར་འཛུགས་དགོས་སམ།

ལན། ཞིང་ལས་བྱེད་ནུས་ཁུལ་གྱི་ལམ་ལུགས་དངོས་འབེབ་བྱས་ཏེ། སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོའི་སྤོ་བསྒྱུར་གཏོང་སྤྲོད་ཤུགས་ཚད་ཇེ་ཆེར་བཏང་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕན་འབྲས་དང་མ་དངུལ་བགོ་བྱར་ཡར་སྐུལ་བྱེད་པའི་ཚོད་འཛིན་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ས་གནས་ཀྱི་སྐྱེ་ཁམས་ཁུལ་གཙོ་བོའི་ཐོན་རྫས་ནགས་ཉོ་འཚོང་བྱེད་པའི་ལམ་ལུགས་ལ་སྐུལ་འདེད་བྱེད་དགོས། ས་ཁུལ་བར་དང་། ཆུ་བོའི་འབབ་རྒྱུད་སྟོད་སྨད་བར་གྱི་འཕྲེད་ཕྱོགས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་ནང་རྐྱེན་འཐུས་ཚང་དུ་བཏང་ནས། སྐྱེ་ཁམས་ཐོན་རྫས་ཉོ་སྒྲུབ་དང་། ནགས་ཚལ་ཐཱན་འདུས་སོགས་ཚོང་ར་ཅན་གྱི་ཁ་གསབ་ལམ་ལུགས་འཛུགས་རྒྱུ་འཚོལ་ཞིབ་བྱེད་དགོས། འབྲི་ཆུའི་འབབ་རྒྱུད་དུ་ཉ་འཛིན་མི་ཆོག་པའི་ཁ་གསབ་ལམ་ལུགས་འཛུགས་དགོས། སྐྱེ་ཁམས་འཛུགས་སྐྲུན་དང་རྒུད་སྐྱོབ་ཀྱི་ཚབ་ཏུ་ལས་ཀ་ལས་པའི་བྱེད་ཐབས་ལ་ཡར་སྐུལ་བྱས་ནས། སྔར་ལས་མང་པོའི་སྐྱེ་ཁམས་སྤྱི་ཕན་ལས་གནས་འདོན་སྤྲོད་བྱེད་དགོས།

ལོ་ཙཱ། ཚེ་རིང་སྒྲོལ་མ།