2017ལོ་ནི་མཚོ་སྔོན་ལ་མཚོན་ནས་བཤད་ན་ཆེས་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན་ཏེ། ལོ་འདིར་དབུལ་སྐྱོར་མཁྲེགས་གཏོར་བྱས་པ་དང་ལྷང་ངེ་ས་མང་དུ་ཡོད་པས། ངོ་མཚར་ལྟད་མོ་ཤིན་ཏུ་མང་། ལོ་འདིར། མཐོ་སྒང་གི་རིགས་སོ་སོའི་བུ་ཕྲུག་རྣམས་ཀྱིས་དཀའ་ཁག་གདོང་གིས་བསུ་བཞིན་གཅིག་རྗེས་གཉིས་མཐུད་དུ་མདུན་སྐྱོད་བྱས་པས། ལོ་འཁོར་གྱི“ཡར་ལངས་འཐབ་འཛིང”ལས་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ཤིང་། དབུལ་ཐར་མཁྲེགས་གཏོར་གྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་བ་དང་། བྱེད་ཐབས་ལ་སྔར་ལས་ནུས་པ་ཡོད་ལ། གྲུབ་འབྲས་སྔར་ལས་མངོན་གསལ་ཡིན་པས། ཕྱོགས་སོ་སོའི་བྱ་བ་རིམ་པ་གསར་པའི་སྟེང་སྤར་ཐུབ་པ་བྱུང་། ལོ་འདིར། ཏུའུ་ལན་དང་ཐུན་ཏེ། ཧུ་ནན་བཅས་རྫོང་གསུམ་གྱིས་ལོ་རྒྱུས་སྟེང་ཆེས་གཟབ་ནན་ཡིན་པའི་རྒྱལ་ཁབ་དཔྱད་དཔོག་ཞིབ་བཤེར་གྱི་ཉམས་སད་ཐེག་ཐུབ་པར་མ་ཟད། ཐོག་མར་དབུལ་ཕོངས་ཀྱི་ཞྭ་མོ་ཕུད། དབུལ་ཕོངས་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་ཆོག་པའི་ཡོང་སྒོ་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་བཅུ་གཅིག་ཚེག་གཅིག་འཕར་བ་དང་། “གཉིས་ཀར་སེམས་ཁྲལ་མེད་པ”ཡི་དམིགས་འབེན་སྔ་སྣུར་གྱིས་མངོན་འགྱུར་བྱེད་ཐུབ་པའི་རེ་བ་འདུག ལོ་འདིར། དབུལ་ཕོངས་སྡེ་བ་ལྔ་བརྒྱ་ཉེར་ལྔ་དབུལ་ཕོངས་ལས་ཐར་པ་དང་། དབུལ་ཕོངས་མི་གྲངས་ས་ཡ་གཅིག་དང་འབུམ་ལྔ་ཁྲི་བརྒྱད་དབུལ་ཐར་བྱེད་པ་མངོན་འགྱུར་བྱས་པ་དང་། དབུལ་འཕྲི་དམིགས་འབེན་ཚད་བརྒལ་གྱིས་ལེགས་འགྲུབ་བྱུང་། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་བྱུང་ཚད་ཐེངས་དང་པོར་གྲངས་གནས་གཅིག་ཏུ་མར་བབས་ཤིང་། དབུལ་ཕོངས་རྫོང་གི་སྡོམ་གྲངས་ཇེ་ཉུང་དུ་འགྲོ་བ་ཐེངས་དང་པོར་མངོན་འགྱུར་བྱས།
གྲུབ་འབྲས་མངོན་འགྱུར་བྱུང་བའི་རྒྱབ་ཕྱོགས་སུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡིད་ཆེས་བརྟན་པོ་ཡོད་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་གོང་འོག་ཚང་མས་དབུལ་ཐར་མཁྲེགས་གཏོར་གྱི་ལམ་བུའི་སྟེང་འབད་བརྩོན་ལྷོད་མེད་བྱས་པ་དང་རྒྱུན་ཆད་མེད་པར་ཡར་རྒྱས་སུ་སོང་བ་ཡོད་ལ། ལྷག་པར་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ་འགག་སྒྲོལ་བྱེད་པར་མདུན་སྐྱོད་བྱས་པའི་གོམ་སྟབས་ཡིན།
གཅིག དབུལ་ཐར་བྱེད་པར་དུས་ཚོད་ལ་སྒུག་མི་སྲིད ། དབུལ་ཕོངས་མི་གྲངས་མང་བ་དང་དབུལ་ཕོངས་ཀྱི་རྒྱ་ཁྱོན་ཆེ་བ། དབུལ་ཕོངས་ཀྱི་གཏིང་ཚད་ཟབ་པ་སོགས་ཀྱི་གནས་བབ་ལ་དམིགས་ནས། རང་ཞིང་གིས་གནད་ཁེལ་དམ་འཛིན་དང་ཐོན་ལས་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་བས། གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་གྱི་དུང་བརྡ་གསར་པ་བཏང་། ཆོད་སེམས་ཡོད་ཚེ་ལྷག་ཏུ་འབད་པ་ཆེན་པོས་བསྒྲུབ་དགོས། “གཅིག་སྣོན་བརྒྱད་དང་བརྒྱད་སྣོན་བཅུ”ཡི་དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་བྱེད་ཐབས་གཏན་འབེབས་བྱས་ཏེ་དངོས་སུ་ཕྱིར་བཏོན་པའི་རྨང་གཞིའི་སྟེང་། 《མཚོ་སྔོན་ཞིང་ཆེན་གྱི“ལྔ་བཅུ་གསུམ”གྱི་དབུལ་ཐར་འགག་སྒྲོལ་འཆར་གཞི》འགོད་པ་ལེགས་འགྲུབ་བྱུང་བ་དང་། དངོས་ཡོད་བྱེད་ཐབས་རབ་དང་རིམ་པ་གཏན་འབེབས་བྱས་ཏེ། ཕྱོགས་ཡོངས་ནས“1སྣོན་N”ཡི་དབུལ་ཐར་འགག་སྒྲོལ་སྲིད་ཇུས་ཀྱི་མ་ལག་བཙུགས། དུས་མཚུངས་སུ་དབུལ་ཐར་ལས་ཕྱིར་འབུད་བྱེད་པ་དང་གྲུབ་འབྲས་དཔྱད་ཞིབ། སྡེ་སྡོད་རོགས་སྐྱོར། མ་དངུལ་ལྟ་སྐུལ་དོ་དམ། ལྟ་ཞིབ་སྐོར་ཞིབ། ཕྱོགས་གསུམ་པའི་དཔྱད་དཔོག་སོགས་ཀྱི་འགན་སྲུང་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། དབུལ་ཐར་འགག་སྒྲོལ་ལམ་ལུགས་ཀྱི“འགན་སྲུང་དྲ་བ”ཚགས་ཇེ་དམ་དུ་བཏང་།
དབུལ་སྐྱོར་ལ་སྲིད་ཇུས་ཡོད་དགོས་པར་མ་ཟད། ད་དུང་མི་འགྲོ་བའི“ལས་བྱེད་དཔུང་སྡེ”དགོས། ཞིང་ཆེན་ཡོངས་སུ་བསྡོམས་པས་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་དབུལ་སྐྱོར་ལས་བྱེད་པ་སྟོང་བདུན་བརྒྱད་བརྒྱ་རེ་ལྔ་འདེམ་མངག་བྱས་པས། དབུལ་ཕོངས་རྫོང་དུ་སྡེ་སྡོད་ལས་བྱེད་པའི་དཔུང་སྡེ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་ས་ཡ་གཅིག་དང་ཁྲི་དགུ་ཡིས་དབུལ་ཕོངས་ཁྱིམ་ཚང་འབུམ་གཅིག་དང་ཁྲི་དྲུག་ལ་ཆ་བསྒྲིགས་ནས་རོགས་སྐྱོར་བྱས་ཏེ། “གཉིས་རོགས”བྱ་བ་ཕྱོགས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས། མ་དངུལ་ནི་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ལེན་ཐུབ་པའི་རྨང་གཞིའི་འགན་སྲུང་ཡིན། སྲིད་གཞུང་གིས་གཙོ་ཁྲིད་དང་འགྲོ་སྒོའི་གྲུབ་ཚུལ་ལེགས་སྒྱུར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་ཆད་མེད་པར་དབུལ་སྐྱོར་མ་དངུལ་གྱི་གཏོང་ཚད་ཆེ་རུ་བཏང་བ་དང་། འགན་སྲུང་ནུས་པ་ཤུགས་ཆེན་པོས་མཐོར་འདེགས་སུ་བཏང་སྟེ། དབུལ་སྐྱོར་སྲིད་ཇུས་དང་མ་དངུལ་གཏོང་བ་གཉིས་ཀྱི་བར་ཕན་ཚུན་སྙོམ་སྒྲིག་ཡོང་བར་ཁག་ཐེག་བྱས། ལོ་ཧྲིལ་པོར་ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་ས་ཡ་གཉིས་དང་འབུམ་ལྔ་ཁྲི་བཞི་དང་། ཞིང་ཆེན་རིམ་པའི་ནོར་སྲིད་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་ལྷག་བཏང་ནས་དབུལ་སྐྱོར་རོགས་སྐྱོར་གྱི་སྲིད་ཇུས་དངོས་འབེབས་བྱས་ཤིང་། དབུལ་སྐྱོར་དངུལ་བུན་དང“ལྔ་གསུམ་ཐིག”འབོར་ཆུང་ཡིད་རྟོན་དངུལ་བུན་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་བཞི་དངོས་འབེབས་བྱས་པས། དབུལ་ཕོངས་ཁྱིམ་ཚང་གི་ཁྱིམ་ཚང་རེས་དངུལ་བུན་བཏང་ཚདབརྒྱ་ཆའི་སོ་བཞི་ཚེག་ལྔ་རུ་སླེབས།
གཉིས། དབུལ་ཐར་ཕྱུག་སྒྱུར་གྱི་ནང་ཡོད་སྒུལ་ཤུགས་སྐུལ་སྤེལ་བྱས་པ། ན་ནིང་། རང་ཞིང་གིས“ཉིན་བརྒྱའི་མཁྲེགས་གཏོར”དང“དུས་ཚིགས་ཡག་ཤོས་སུ་ཐག་གཅོད་དམག་འཐབ་བྱེད་པ།”“དབྱར་སྟོན་དུས་ཚིགས་སུ་ཕར་རྒོལ་བྱེད་པ།”“དཔོན་པོ་བཟང་པོ་སྡུད་པ་དང་རྣམ་པ་བཟང་པོ་སྒོ་འབྱེད་པ”ཡི་ཆེད་གཉེར་འགུལ་སྐྱོད་ནི་ཐེག་བྱེད་བྱས་ནས། གནད་འགག་གི་ཁྱབ་ཁོངས་གཙོ་བོར་བཟུང་སྟེ། དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་རྩ་བ་ཚུགས་ཤིང་ཕན་འབྲས་མངོན་པ་མགྱོགས་མྱུར་ངང་སྐུལ་འདེད་བྱས། གཞན་སར་གནས་སྤོ་བྱེད་པ་ཡིས་དབུལ་ཕོངས་མང་ཚོགས་ཀྱི“བདེ་སྡོད་རྨི་ལམ”མངོན་འགྱུར་བྱས། “ཕྱི་རུ་གནས་སྤོ་ཐུབ་པ་དང་བརྟན་པོར་གནས་ཐུབ་པ། ཕྱུག་སྒྱུར་བྱེད་ཐུབ་པ”ཡི་རིགས་ལམ་གཞིར་བཟུང་སྟེ། མི་འབོར་སྐས་རིམ་བཞིན་སྤོ་སྒྱུར་བྱེད་པ་མངོན་འགྱུར་བྱས་པ་དང་། མཁར་གྲོང་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་། 2017ལོར་ཁྱིམ་ཚང་ཁྲི་འབུམ་གཉིས་དང་ཁྲི་ལྔ་ཡི་མི་གྲངས་ཁྲི་འབུམ་དགུ་དང་ཁྲི་གཉིས་གཞན་སར་གནས་སྤོ་བྱེད་པའི་བཀོད་སྒྲིག་ལས་གཞི་ཡོངས་རྫོགས་ཀྱི་ལས་མགོ་ཚུགས་པ་དང་། སྤྱིའི་བཟོ་འགོད་ཀྱི་བརྒྱ་ཆའི་བདུན་ཅུ་ལེགས་འགྲུབ་བྱུང་། ཤར་ནུབ་གཉིས་ཀྱི་དབུལ་སྐྱོར་རོགས་ལས་མཉམ་སྒྲུབ་དང་གནས་ཁེལ་དབུལ་སྐྱོར། སྡེ་སྡོད་རོགས་སྐྱོར། “བརྒྱ་གཉིས”ཀྱི་གནད་ཁེལ་དབུལ་སྐྱོར་འགུལ་སྐྱོད་བཅས་ཏན་ཏིག་གིས་སྤེལ་ཏེ། རིམ་བསགས་ཀྱིས་རིགས་མི་འདྲ་བའི་རོགས་སྐྱོར་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་བྱེ་བ་བརྒྱད་དངོས་འབེབས་བྱས། “ཐོན་ལས་འཕེལ་རྒྱས”ནི་འགག་གནད་སྒྲོལ་ས་དང་། སྡེ་སྡོད་དབུལ་སྐྱོར་ཁྲིད་སྟོན་ནི་འཛིན་ཕྱོགས་གཙོ་བོ་རུ་བཟུང་སྟེ། ཡུལ་བབ་དང་བསྟུན་པ་དང་ཁྱིམ་ཚང་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ། གནད་ཁེལ་གྱི“འབེན་ནད་ཐོག་ལ་འཁེལ་བ”ལག་བསྟར་བྱས་པ་དང་། ཞིང་པའི་ཁྱིམ་ཚང་རྣམས་ཀྱིས་ཐོན་སྐྱེད་འཕེལ་རྒྱས་སུ་བཏང་ནས་དབུལ་ཐར་བྱས་ཏེ་ཕྱུག་སྒྱུར་བྱེད་པར་ཁྲིད་སྟོན་བྱས། རྫོང་དུ་གནས་བབ་ལེགས་པའི་གཙོ་ཁྲིད་ཐོན་ལས་དང་དབུལ་སྐྱོར་ཐོན་ལས་གླིང་ཡོད་པ་དང་། སྡེ་བ་རུ་ཐུན་མོང་དཔལ་འབྱོར་དང་འོད་ཧྥུ་གློག་ཚིགས། ཕྱུག་སྒྱུར་སྣེ་འཁྲིད་པ་ཡོད་པ། ཁྱིམ་ཚང་དུ་ཡོང་སྒོ་བརྟན་པོར་འཕར་སྣོན་ཡོང་བའི་ལས་གཞི་ཡོད་པ་བཅས“དྲུག་ཡོད”ཀྱི་ཚད་གཞི་གཞིར་བཟུང་སྟེ། དེ་དང་ཟུང་འབྲེལ་སྒོས་དབུལ་ཕོངས་སྡེ་བའི་བཟོ་འགོད་མཐོར་འདེགས་སུ་གཏོང་བ་ལག་བསྟར་བྱས་ཤིང་། དབུལ་ཐར་ལ་སྐུལ་འདེད་དང་བརྟན་པོར་འཕེལ་རྒྱས་སུ་འགྲོ་བ། བཅོས་བསྒྱུར་ཤུགས་ཆེར་གཏོང་བའི་ཕྱོགས་ནས། དབུལ་སྐྱོར་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱས། དམངས་ཕྱུག་ཐོན་ལས་ཀྱིས་ཡོང་སྒོ་འཕར་སྣོན་ཡོང་བའི“དགོས་འདོད་ཀུན་འབྱུང་གི་ནོར་གཞོང”བསྐྲུན། འདོད་མོས་ཡོད་ལ་ནུས་པའང་ཡོད་པའི་དབུལ་ཕོངས་མི་གྲངས་ཁྲི་ས་ཡ་བཞི་དང་འབུམ་གཉིས་ཁྲི་དྲུག་ལྷག་གི་ཁྱིམ་འབྱོར་ཐོན་ལས་ལོ་གསུམ་གྱིས་སྔ་སྣར་སྒོས་ཁྱོན་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས་པ་དང་། དབུལ་སྐྱོར་ཐོན་ལས་གླིང14དང་། ཡུལ་གྲོང་གི་ཡུལ་སྐོར་ལས་གཞི་52བརྟན་པོར་སྐུལ་འདེད་བཏང་། སྐྱེ་ཁམས་ཐོན་ལས་ཀྱིས་དབུལ་ཐར་གྱི་ལམ་བུ་གསར་པ་ཕྱེས་ཏེ། དབུལ་ཕོངས་མི་འབོར་ལ་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་དོ་དམ་སྲུང་སྐྱོབ་ལས་གནས་ཁྲི2.53གསར་སྣོན་བྱས་པ་དང་། གླ་ཕོགས་སྒོར་དུང་ཕྱུར་ཐེར་འབུམ་ལྔ་དང་དུང་ཕྱུར་གཉིས་བྱེ་བ་གཉིས་བཏང་།
རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།