ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་སྤུས་ཀ་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་བསྐྱོད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བྱེད་དགོས།
2018.06.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 80

ཟླ6པའི་ཚེས8ཉིན། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཚོགས་ཆེན་ཟི་ལིང་ནས་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཧྲིན་ཀྲང་ཝང་ཅན་ཅོན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ། “ལྔ་བཞི་འཐབ་ཇུས”ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་སྤུས་ཀ་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པར་ཤུགས་ཡོད་རྒུས་སྐུལ་འདེད་བྱེད་དགོས།

ཝང་ཅན་ཅོན་གྱིས་བསྟན་དོན། མཚོ་སྔོན་ཡུལ་སྐོར་ཐོན་ལས་ཀྱིས་རྒྱལ་ཡོངས་ཡུལ་སྐོར་ཆགས་སྟངས་ཆེན་མོའི་ཁྲོད་དུ་ཟིན་པའི་གོ་གནས་དང་ཨང་རིམ་གསལ་པོར་ངེས་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྐོར་ལས་རིགས་ཐད་རྒྱས་བཤད་ཟབ་མོ་རབ་དང་རིམ་པ་སྤེལ་བ་དེས། ང་ཚོས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཞི་འཛིན་ས་འདོན་སྤྲོད་བྱས། རྒྱལ་ཡོངས་ཡུལ་སྐོར་ལས་རིགས་ཀྱི་འཕེལ་ཚུལ་དང་ཞིང་ཆེན་གཞན་པའི་ཡུལ་སྐོར་ལས་རིགས་ཀྱི་འཕེལ་ཚུལ་གཉིས་དང་བསྡུར་ན། རྒྱལ་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་ཆགས་སྟངས་ཁྲོད་རང་ཞིང་གི་ཡུལ་སྐོར་ལས་རིགས་ཀྱི་གོ་གནས“སྤྱི་ཁྱབ་ནས་རྗེས་ལུས་དང་རྒྱ་ཁྱོན་ཅུང་ཆུང་བ།ཁྱད་པར་ཆེ་བ། རིམ་སྤར་མྱུར་མཁོ”བཅས་ཡིན་པས། ང་ཚོས་ཕྱོགས་གཅིག་ནས་གསལ་པོར་རྗེས་དཔག་བྱེད་པ་དང་གནས་ཚུལ་ངོ་མ་མཐོང་ནས། དེ་སྒུལ་ཤུགས་སུ་བརྩིས་ཏེ་འབད་བརྩོན་གྱིས་རྗེས་བསྙེག་དགོས། ཕྱོགས་གཞན་ཞིག་ནས་ཐོན་ལས་ཀྱི་ཡིད་ཆེས་དང་ལས་རིགས་ཀྱི་ཡིད་ཆེས། ལས་དོན་གྱི་ཡིད་ཆེས་སྔར་བས་བརྟན་པོ་ཡིན་དགོས།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་མཚོ་སྔོན་ཡུལ་སྐོར་ཐོན་ལས་ཀྱི་གོ་གནས་དང་ནུས་པར་གདེང་འཇོག་ཇི་མ་ཇི་བཞིན་བྱེད་དགོས། མཚོ་སྔོན་ནི་ཡུལ་སྐོར་ཐོན་ཁུངས་མོད་ཁུལ་ཡིན་ལ། སྐྱེ་ཁམས་ཁོར་ཡུག་གི་ཉག་ཕྲའི་ཁུལ་ཡང་ཡིན་པས། ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ལྗང་མདོག་གི་དར་རྒྱས་གོང་འཕེལ་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་གདམ་ག་ཡིན། རང་ཞིང་གི་ཡུལ་སྐོར་ལས་རིགས་ཀྱི་གནས་སྐབས་དུས་རིམ་དེ་ཞིང་ཆེན་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་ཀྱི་འཐབ་ཇུས་རང་བཞིན་གྱི་ཐོན་ལས་གཙོ་བོ་དང་དེང་རབས་ཞབས་ཞུ་ལས་རིགས་ཀྱི་ཐོན་ལས་གཙོ་བོ། མི་དམངས་མང་ཚོགས་དང་འབྲེལ་བ་དམ་པའི་བདེ་སྐྱིད་ཀྱི་ཐོན་ལས་སུ་གྱུར་ཡོད་པས། གོ་གནས་དང་ནུས་པ་དེ་རང་ཞིང་གི་འགུལ་ནུས་བརྗེ་བར་སྐུལ་འདེད་བྱེད་པའི་སྒུལ་བྱེད་འཕྲུལ་འཁོར་གསར་པ་དང་རང་ཞིང་གི་ཞབས་ཞུ་ལས་རིགས་ལ་སྣེ་ཁྲིད་བྱེད་པའི་སྣེ་ཁྲིད་པ་གསར་པ། རང་ཞིང་གི་ཐོན་ལས་དབུལ་སྐྱོར་ཇེ་མགྱོགས་སུ་གཏོང་བའི་འདེགས་བྱེད་གསར་པ། རང་ཞིང་གི་ལས་ཞུགས་ལ་རོགས་རམ་བྱེད་པའི་རྫིང་བུ་ལྟ་བུར་གྱུར་པའི་སྟེང་ནས་མངོན་པས། ང་ཚོས་ཆོས་ཉིད་ལ་བརྩི་བཀུར་དང་ཆོས་ཉིད་ཁོང་དུ་ཆུད་པ། གོ་སྐབས་དམ་འཛིན་བྱས་ནས།ཡུལ་སྐོར་ལས་རིགས་ཀྱི་སྤུས་འདེགས་རིམ་འཕར་ལ་སྐུལ་འདེད་དང་སྤུས་ཀ་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།

ཝང་ཅན་ཅོན་གྱིས་བསྟན་དོན། མཚོ་སྔོན་ཡུལ་སྐོར་ཐོན་ལས་ཀྱི་ལེགས་ཆའི་སྦས་ཤུགས་དང་མི་འདང་སར་རྩོད་སྒྲུབ་ཀྱིས་བལྟས་ན།མཚོ་སྔོན་ཡུལ་སྐོར་གྱི་ལེགས་ཆ་གཙོ་བོ་ནི་ཐུན་མོང་མ་ཡིན་པའི་རང་བཞིན་དང་། སྣ་གཅིག་རང་བཞིན། རྒྱུ་མང་རང་བཞིན་བཅས་དང་། སྦས་ཤུགས་གཙོ་བོ་ནི་གདོད་མའི་སྐྱེ་ཁམས། ཆགས་ཡུལ་རང་བཞིན།རྗེས་འཕེལ་རང་བཞིན་བཅས།མི་འདང་ས་གཙོ་བོ་ནི་མཚོ་ངོས་ལས་མཐོ་བ་དང་ནམ་ཟླ་འཁྱགས་པ། འཇོན་མི་དཀོན་པ་བཅས།མི་འདང་བ་གཙོ་བོ་ནི་ཐོན་རྫས་སྤུས་དག་ཉུང་བ་དང་སྒྲིག་བཀོད་གཉོམ་པ། སྦྲེལ་ཐག་ཐུང་བ་བཅས་ཡིན། ལེགས་ཆའི་སྦས་ཤུགས་རིགས་བགོས་བྱས་ན་ང་ཚོ་རྨོངས་པས་སྤྲོ་སྣང་སྐྱེས་ཏེ། གནས་བབ་ཤིན་ཏུ་ལེགས་པར་སྙམ་ནས་སྒྲུབ་ཐབས་བྲལ་བའི་དམིགས་འབེན་འདོན་མི་རུང་། མི་འདང་བ་གསལ་པོར་ངེས་ཏེ་རང་གཉའ་རང་གཅོག་བྱས་ཏེ་གནས་བབ་ཤིན་ཏུ་ཞན་པར་སྙམ་ནས་ཁུ་སིམ་མེར་སྡོད་པ་དང་སྒྱིད་ལུག་བྱེད་ཅིང་དཀའ་ལས་ལ་སྐྲག་སྟེ་སྡོད་མི་རུང་། རྩོད་སྒྲུབ་ཀྱིས་གནད་དོན་ལ་དབྱེ་ཞིབ་བྱེད་པའི་རྨང་གཞིའི་སྟེང་ནས། རང་གི་གནས་ཚུལ་གསལ་པོར་ངེས་པ་དང་བྱེད་ཐབས་གནད་ཁེལ་སྤྱོད་པ།ཕན་པའི་རྒྱུ་རྐྱེན་མུ་མཐུད་དུ་ཇེ་མང་དུ་གཏོང་བ། མི་ཕན་པའི་རྒྱུ་རྐྱེན་ཤུགས་ཡོད་རྒུས་ཇེ་ཉུང་དུ་བཏང་སྟེ།མི་ཕན་པའི་རྒྱུ་རྐྱེན་ཕན་པའི་རྒྱུ་རྐྱེན་དུ་བསྒྱུར་ནས། ཡུལ་སྐོར་རྣམ་པ་བསྐྱར་དུ་བསྐྲུན་པ་དང་ཧྲིལ་པོའི་ཕན་འབྲས་འདོན་སྤེལ་བྱས་ནས་སྔོན་མ་ལས་རྗེས་མ་ལེགས་པ་ཞིག་ཏུ་བརྩོན་དགོས།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་གནས་གཏན་མ་ནོར་བར་ཁོང་དུ་ཆུད་དགོས། ཞིང་ཆེན་ནང་ཁུལ་གྱི་གཙོ་རྒྱུག་ཡུལ་སྐོར་དང་ཞིང་ཆེན་གཞན་པའི་རིམ་པ་མཐོན་པོའི་ཡུལ་སྐོར་ནི་མཚོ་སྔོན་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གནས་གཏན་ཡིན། དེ་ནི་རང་ཞིང་གི་དོན་དངོས་དང་སྦྲེལ་ནས་མཁོ་འདོན་ཐད་དང་དགོས་མཁོ་ཐད་ནས་མགོ་བརྩམས་ཏེ། ང་ཚོས་གཅིག་ནས་ཡུལ་སྐོར་པར་ཡུལ་སྐོར་ཐོན་རྫས་ཅི་ལྟ་བུ་ཞིག་འདོན་སྤྲོད་བྱེད་ཐུབ་པ་དང་། ཡུལ་སྐོར་པ་མཚོ་སྔོན་དུ་ཡོང་ན་སེམས་ཁམས་ཇི་ལྟ་བུ་ཞིག་བཟུང་ནས་ཡོང་བ་ཡིན། ང་ཚོས་གནས་གཏན་གཞིར་བཟུང་སྟེ་མཚོ་སྔོན་ཡུལ་སྐོར་གྱི“སྣ་འཛོམས་ཟ་མ”གྲ་སྒྲིག་བཟང་པོ་བྱས་ནས་ཡུལ་སྐོར་པ་སོ་སོའི་མོས་པ་སྐོང་ཐུབ་པ་ཞིག་བྱེད་དགོས།

ཝང་ཅན་ཅོན་གྱིས་བསྟན་དོན། མཚོ་སྔོན་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་འབྲེལ་བ་ཁ་ཤས་ཡང་དག་གིས་ཐག་གཅོད་བྱེད་དགོས། ཡུལ་སྐོར་དང་མིའི་བར་གྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱས་ཏེ། མི་ནི་ཆེས་མཛེས་སྡུག་གི་ཡུལ་ལྗོངས་ཡིན་ལ། རི་ཆུ་མཛེས་ལ་མི་ནི་དེ་བས་ཀྱང་མཛེས། མཚོ་སྔོན་ལ་གཅེས་པའི་མི་ཡོད་དོ་ཅོག་མཚོ་སྔོན་ཡུལ་སྐོར་གྱི་སྣང་བརྙན་དུ་གྱུར་ན་འགྲིག ཡུལ་སྐོར་དང་སྐྱེ་ཁམས་ཀྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱེད་དགོས། མཚོ་སྔོན་གྱི་ས་གཞི་མ་ལུས་ཚང་མ་རྒྱུ་ནོར་ཡིན། མཚོ་སྔོན་གྱི་རི་ཆུ་ལ་ལྷག་ཏུ་སྲུང་སྐྱོབ་བཟང་པོ་བྱེད་པ་ནི་མཚོ་སྔོན་ཡུལ་སྐོར་མ་འོངས་པར་འཕེལ་རྒྱས་འབྱུང་བྱེད་ཀྱི་ཐབས་མཆོག་ཡིན། ཡུལ་སྐོར་དང་རིག་གནས་བར་གྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱེད་དགོས། རིག་གནས་འདུ་ཤེས་ཀྱིས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བ་དང་ཡུལ་སྐོར་གྱི་རྣམ་པས་རིག་གནས་བརྒྱུད་སྒྲོག་བྱེད་དགོས། ཡུལ་སྐོར་དང་དམངས་འཚོ་བར་གྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱེད་དགོས། མང་ཚོགས་སྔར་བས་མང་པོ་ཞིག་རི་ཆུའི་མཛེས་ལྗོངས་ལ་བརྟེན་ནས་བྲེལ་བ་དང་ལས་ཀ་ཡོད་པ་ཞིག་ཏུ་བསྒྱུར་ནས།“ ཡུལ་སྐོར་ཟ་མ”ཟ་རུ་འཇུག་དགོས།ཡུལ་སྐོར་དང་ཐོན་ལས་བར་གྱི་འབྲེལ་བར་ཐག་གཅོད་བཟང་པོ་བྱེད་དགོས། ཡུལ་སྐོར་ལས་ཚུད་ཀྱི་ཤོང་ཚད་ཆེ་ཞིང་འཕར་ཚད་མགྱོགས་པའི་སྦས་ཤུགས་འདོན་སྤེལ་བྱས་ཏེ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ལས་ཚུད་དང་ལས་སྐྲུན་ལ་ཡར་སྐུལ་བྱེད་དགོས། ཡུལ་སྐོར་དང་མི་རིགས་ཀྱི་འབྲེལ་བར་ཐག་གཅོད་བཟང་པོ་བྱེད་དགོས། རང་ཞིང་གི་མི་རིགས་ས་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་མི་རིགས་བར་གྱི་རྒྱུས་ལོན་ཇེ་ཟབ་དང་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། མི་རིགས་སོ་སོའི་བར་གྱི་འབྲེལ་འདྲིས་དང་བརྗེ་སྤེལ། མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས། ཡུལ་སྐོར་དང་དྲིལ་སྒྲོག་མཚམས་སྦྱོར་གྱི་འབྲེལ་བར་ཐག་གཅོད་བཟང་པོ་བྱེད་དགོས། སྟོབས་ཤུགས་འཚོལ་བ་དང་དེ་ལ་བརྟེན་ཞིང་བསྐྲུན་ནས། ཕྱིར་བསྐྱོད་པ་དང་ནང་དུ་དྲངས་ཏེ་རྒྱུན་དུ་བརྗེ་སྤེལ་དང་མཉམ་ལས་མང་པོ་བྱས་ནས། མཚོ་སྔོན་གྱི་གཏམ་རྒྱུད་བཟང་པོར་བཤད་པ་དང་།མཚོ་སྔོན་གྱི་གནས་ཚུལ་བཟང་པོར་བརྒྱུད་སྒྲོག་བྱེད་པ། མཚོ་སྔོན་གྱི་ཁྱད་ཆོས་བཟང་པོར་བརྗོད་དགོས། ཡུལ་སྐོར་དང་མཚོ་སྔོན་ཁ་གཏད་རོགས་སྐྱོར་པ་བར་གྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱས་ཏེ། རྒྱལ་ཁབ་ཀྱི་སྲིད་ཇུས་དང་མཚོ་སྔོན་རོགས་སྐྱོར་གྱི་ཐོན་ཁུངས་བཟང་པོར་བེད་དུ་སྤྱོད་ཡག་བྱེད་པ་དང་། “གྲུ་གཡར་ནས་རྒྱ་མཚོ་རུ་བསྐྱོད་པ”དང་། འཇོན་མིའི་བློ་ཤུགས་དང་རྨང་གཞིའི་སྒྲིག་བཀོད། ཡུལ་སྐོར་པའི་ཡོང་ཁུངས་སྐྱེལ་བ། ཚོང་རྟགས་མིང་གྲགས་ཁྱབ་གདལ། ཐོན་རྫས་གསར་གཏོད་སོགས་ཀྱི་ཕྱོགས་ནས་རོགས་སྐྱོར་སྔར་བས་མང་པོ་བརྩོན་ལེན་བྱེད་དགོས། ཡུལ་སྐོར་དང་སྨན་བཅོས་ཁམས་གསོ་བར་གྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱས་ཏེ། མཐོ་སྒང་གསོ་རིག་ཞིབ་འཇུག་གི་གྲུབ་འབྲས་ལ་བརྟེན་ནས་ཡུལ་སྐོར་པར་མཐོ་སྒང་ངོས་འཛིན་གསར་པ་འཐོབ་ཏུ་བཅུག་སྟེ། ཡུལ་སྐོར་པ་སྔར་བས་མང་པོ་མཚོ་སྔོན་དུ་ཁམས་གསོ་བྱེད་དུ་ཡོང་བར་འགུག་དགོས། ཡུལ་སྐོར་དང“སྦྲེལ་དྲ+”བར་གྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱས་ཏེ། ཡུལ་སྐོར་ཐོན་རྫས་དང་ཞབས་ཞུ། ཕྱིར་ཚོང་།འཁོར་རྒྱུག་སོགས་ཀྱི་ལྷུ་ཚིགས་སོ་སོ་གང་ལེགས་སུ་འདྲེས་སུ་བཅུག་སྟེ། ཡུལ་སྐོར་འཕེལ་རྒྱས་ལ་སྦྲེལ་དྲའི་གཤོག་པ་བཙིལ་དགོས།ཡུལ་སྐོར་དང་བདེ་འཇགས་བར་གྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱེད་དགོས། བདེ་འཇགས་ནི་ཡུལ་སྐོར་གྱི་ཚེ་སྲོག་ཡིན། ཡུལ་སྐོར་བདེ་འཇགས་དྲ་བ་བཟང་པོར་བསྐྲུན་ནས་རྒྱལ་ཁབ་ཀྱི་སྤྱི་ཡོངས་བདེ་འཇགས་ལྟ་བའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་མགྱོགས་པོར་སྐུལ་འདེད་བྱེད་པའི་བྱེད་ཐབས་དང་འགན་སྲུང་གསལ་པོ་བྱེད་དགོས། གཏིང་ཟབ་ཏུ་བཅོས་བསྒྱུར་བྱེད་དགོས། རྩེ་རིམ་ནས་ཇུས་འགོད་བྱེད་པ་དང་ཞིང་ཆེན་རིམ་པའི་གཅིག་གྱུར་དོ་དམ་ཇེ་དྲག་ཏུ་གཏོང་བ་དང་། བྱ་བའི་ནང་རྐྱེན་གསར་སྐྲུན་དང་དོ་དམ་སྒྲིག་སྲོལ་མཐུན་སྦྱོར་བྱས་ཏེ་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཀ་མཐོ་བའི་ངང་གོང་དུ་འཕེལ་བ་ལ་སྒུལ་ཤུགས་དྲག་པོ་འདོན་སྤྲོད་བྱེད་དགོས།

ཡན་ཅིན་ཧའེ་ཡིས《མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར(གྲོས་བསྡུར་ཡིག་ཆ)》ལ་གསལ་བཤད་བྱས། ཡུས་ཚུང་ལེ་ཡིས་གྲོས་ཚོགས་ལ་མགོ་ཁྲིད་བྱས། གྲོས་ཚོགས་སྟེང་སྔོན་ཐོན་ལས་ཁུངས་བཅུ་གཅིག་དང་སྔོན་ཐོན་མི་སྒེར་སུམ་ཅུ་ལ་གཟེངས་བསྟོད་བྱས། 

རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།