སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ།
སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་ནི་མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་ཞིང་། མི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བའི་ཐབས་ཇུས་གལ་ཆེན་ཞིག་ཡིན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པར་ཤུགས་སྣོན་དང་། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་པ། སྦགས་བཙོག་འགོག་བཅོས་ཀྱི་གནད་དོན་ཐག་གཅོད་བཟང་པོ་བཅས་བྱེད་དགོས་ན། གཙོ་བོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་བླང་བྱ་ལྟར། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་ཐེག་དགོས་པ་དང་། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་དངོས་འབེབས་བྱེད་དགོས།
སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་ཐེག་དགོས་ན། ཐོག་མར “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་དགོས་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་བརྩི་སྲུང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “སྦགས་བཙོག་འགོག་བཅོས་ཀྱི་བྱ་བ་བཟང་བོར་སྒྲུབ་དགོས་ན། དུས་ཚོད་མྱུར་བ་དང་འགན་འཁྲི་ལྕི་བ། དཀའ་ཚེགས་ཆེ་བ། འཐབ་འཛིང་ཆེན་མོ་ཞིག་དང་། འཐབ་འཛིང་དཀའ་མོ་ཞིག འཐབ་འཛིང་དཀའ་སྡུག་ཅན་ཞིག་ཡིན་པས་ངེས་པར་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དགོས།”ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལོ་རྒྱུས་རང་བཞིན་དང་། དཀྱོགས་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད་ཅིང་། དེའི་གཞི་རྩ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོར་རག་ལས། “སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་གནོན་ཤུགས་ཆེན་པོ་དང་། འགན་འཁྲི་ལྕི་མོ་ཁུར་ཏེ་མདུན་དུ་སྐྱོད་པའི་གནད་འགག་གི་དུས་སུ་སླེབས་ཡོད་ལ། སྔར་ལས་མང་བའི་སྤུས་ལེགས་སྐྱེ་ཁམས་ཐོན་རྫས་མཁོ་འདོན་བྱས་ཏེ་མི་དམངས་ཀྱི་ཉིན་རེར་ཇེ་རྒྱས་སུ་འགྲོ་བཞིན་པའི་དགའ་སྐྱིད་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་བསྐང་བའི་འགག་སྒྲོལ་དུས་སྐབས་སུ་སླེབས་ཟིན་པ་དང་། ཡང་ཅིག་བཤད་ན་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཚབས་ཆེན་དག་ཐག་གཅོད་བྱེད་པར་ཆ་རྐྱེན་འཛོམས་ལ་ནུས་པ་ཡོད་པའི”གནད་འགག་གི་དུས་སུ་སླེབས་ཡོད། ཏང་ཀྲུང་དབྱང་གིས་གནས་བབ་ལ་ཐག་གཅོད་ཡང་དག་གནང་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་དང་། སྐྱེ་ཁམས་ཁོར་ཡུག་གནད་དོན་ཐག་གཅོད་པའི་ལམ་ཐིག་རི་མོ་དང་དུས་ཚོད་རེའུ་མིག་གཏན་འཁེལ་བྱས་ཤིང་། སྦགས་བཙོག་འགོག་བཅོས་ཀྱི་བྱ་བ་བཟང་བོར་སྒྲུབ་པར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས།
ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་གཅིག་གྱུར་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་དེ་དངོས་འབེབས་སྟེང་དམ་འཛིན་བྱས་ནས། ཁག་ཁུར་སྙིང་སྟོབས་བྱ་བ་དངོས་ཀྱི་ཁྲོད་མངོན་དགོས།
སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་ཐེག་དགོས་ན། “གནད་འགག་གྲངས་ཉུང”གི་འགོ་ཁྲིད་བྱེད་ནུས་འདོན་སྤེལ་བྱེད་དགོས། ས་གནས་ཀྱི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་ནི་སྲིད་འཛིན་ས་ཁུལ་དེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་ཁུར་པ་དང་པོ་ཡིན་ལ། སྲིད་འཛིན་ས་ཁུལ་དེའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཀའི་སྤྱིའི་འགན་ཁུར་པ་ཡིན་པས། བྱ་བ་གཙོ་བོ་དངོས་སུ་བཀོད་སྒྲིག་དང་། གནད་དོན་གཙོ་བོ་དངོས་སུ་འདྲི་རྩད་བྱེད་པ། ལས་རིམ་གལ་ཆེན་ལ་དངོས་སུ་མཐུན་སྦྱོར་བྱེད་པ། གྱོད་དོན་གཙོ་བོར་དངོས་སུ་ལྟ་སྒྲུབ་བྱེད་པ། རིམ་པ་སོ་སོའི་འགན་འཁྲི་ནན་འཇོག་སྒོས་རེ་རེ་བཞིན་དངོས་འབེབས་དམ་འཛིན་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ལག་བསྟར་དང་། ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ། ས་ཁོངས་སྲུང་བར་འགན་འཁྲི་ཧུར་ཐག་བྱེད་པ། ལས་བགོས་ཀྱིས་སྙོམས་སྒྲིག་བྱེད་པ། ཐུན་མོང་གིས་ཤུགས་འདོན་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གཅིག་བསྡུས་སྟོབས་ཤུགས་འཛོམས་པར་བྱེད་དགོས།
སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་ཐེག་དགོས་ན། དཔྱད་ཞིབ་གདེང་འཇོག་གི“མཛུབ་སྟོན་ལས་གནས”དེ་བཀོལ་སྤྱོད་གང་ལེགས་བྱས་ནས། “ཉེས་ཆད་དང་བྱ་དགའ་གཞིར་བཟུང་གིས་བཟང་པོར་བསླབ་བྱ་དང་ངན་པར་ཆད་གཅོད་བྱེད”དགོས། སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཟོ་བའི་འགོ་ཁྲིད་ལས་བྱེད་པར་དངོས་སུ་འགན་འཁྲི་རྩད་གཅོད་དང་། འགན་འཁྲི་རྩད་གཅོད་བྱེད་ཕོད་པ། འགན་འཁྲི་རྩད་གཅོད་ནན་མོ་བྱེད་པ། མི་ཚེ་གང་པོར་འགན་འཁྲི་བདའ་འདེད་བྱེད་ཐུབ་ན། ལམ་ལུགས་ནི་ད་གཟོད“ཐོ་ཡོར་མི”དང“ཤོག་བུའི་སྟག”“འགྱིག་ཐག”ལྟ་བུར་མི་འགྱུར། ཚན་རིག་དང་མཐུན་ལ་ཡང་དག་པའི་དཔྱད་ཞིབ་གདེང་འཇོག་གི་མ་ལག་འཛུགས་པ་དང་། དཔྱད་ཞིབ་མཇུག་འབྲས་དེ་རིམ་པ་ཁག་གི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་བྱ་དགའ་སྟེར་བ་དང་ཆད་པ་གཅོད་པ། གོ་ས་ཡར་འཐེན་ལ་བཀོལ་སྤྱོད་བྱེད་པའི་གཞི་རྟེན་གཙོ་བོ་ཞིག་ཏུ་གྱུར་ན། ད་གཟོད་ཡང་དག་པའི་ཁྲིད་ཕྱོགས་ཤིག་ཆགས་ཐུབ། སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་བརྟན་པ་དང་། ནུས་རྩལ་མཐོ་བ། སྤྱོད་ཚུལ་བཟང་བ། ཁག་ཁུར་ཕོད་པ། དཀའ་སྡུག་ཐེག་ཐུབ་པ། འཐབ་འཛིང་བྱེད་ཕོད་པ། བྱས་རྗེས་འབུལ་ཐུབ་པའི་དམག་དཔུང་ཞིག་འཛུགས་ཐུབ་ཚེ། ད་གཟོད་སྦགས་བཙོག་འགོག་བཅོས་ཀྱི་བྱ་བར་སྲ་ཞིང་བརྟན་པའི་རྩ་འཛུགས་རྨང་གཞི་ཞིག་འདིང་ཐུབ།
སྐྱེ་ཁམས་ཁོར་ཡུག་ནི་ཏང་གི་འགན་འཁྲིའི་རྩ་དོན་དང་འབྲེལ་བའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་ལ་དམངས་འཚོ་དང་འབྲེལ་བའི་སྤྱི་ཚོགས་གནད་དོན་གལ་ཆེན་ཞིག་ཀྱང་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་ཐེག་པར་བྱས་ནས། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་མི་དམངས་ཀྱི་འཚོ་བ་འཕར་སྣོན་འབྱུང་ས་དང་། དཔལ་འབྱོར་སྤྱི་ཚོགས་མུ་མཐུད་དུ་བདེ་ཐང་ངང་འཕེལ་བའི་འདེགས་རྟེན་དུ་འགྱུར་བ། རང་རྒྱལ་གྱི་སྣང་བརྙན་ཡག་པོ་ཕྱི་ལ་སྟོན་པའི་སྟོབས་ཤུགས་འདོན་སར་བསྒྱུར་ཏེ། ཀྲུང་ཧྭའི་ས་ཆེན་པོའི་ནམ་མཁའ་སྔར་ལས་སྔོ་ཞིང་། རི་བོ་སྔར་ལས་ལྗང་མདོག་ལྡན་པ། ཆུ་བོ་སྔར་ལས་དྭངས་གཙང་ཡིན་པ། ཁོར་ཡུག་སྔར་ལས་མཛེས་སྡུག་ལྡན་པར་བཏང་ནས། དུས་རབས་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པ། ལོ་རྒྱུས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་བཞག་ན། ད་གཟོད་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་མངོན་འགྱུར་བྱ་ཐུབ། །