ད་ལོའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། བརྟན་བརླིང་ཁྲོད་ཡར་རྒྱས་བརྩོན་པའི་གཞི་རྩའི་བྱ་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། སྒྲིག་ཁྲིམས་དང་ཞིབ་བཤེར་གྱི་འགན་འཁྲི་གཉིས་ལག་བསྟར་ནན་ཏན་བྱེད་པ། སྒྲིག་ཁྲིམས་དང་ཁྲིམས་ལུགས་ལག་བསྟར་བྱེད་པར་ལྟ་སྐུལ་བྱེད་ཚད་ཇེ་དྲག་ཏུ་གཏོང་བ། སྲོལ་གཙང་རུལ་རྒོལ་བྱེད་པར་ཤུགས་སྣོན་པ་བཅས་བྱས་ཏེ། བྱ་བ་སྣ་ཚོགས་ལ་ཡར་སྐུལ་བརྟན་པོ་བྱས་ཤིང་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ།
ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱས་ནས་གོ་བ་ལོན་པ་དང་། དངོས་སྒྲུབ་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བཞག་ནས། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱིས་ཀླད་པར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཚན་ཆུང་གིས“སྲུང་སྐྱོབ་གཉིས”ལ་ངོས་འཛིན་ཟབ་མོ་བྱེད་པ་དང་།“སྲུང་སྐྱོབ་གཉིས”ཀྱི་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ། ཁྲིམས་བསྟར་ཞིབ་བཤེར་བྱེད་པ། བརྟག་དཔྱད་ཐག་གཅོད་བྱེད་པ། སྐོར་གཟིགས་སྐོར་བཤེར་བྱེད་པ། འགན་འཁྲི་རྩད་གཅོད་བྱེད་པ་སོགས་ཀྱི་བྱ་བའི་ཁྲོད་དངོས་འབེབས་བྱས་ཏེ། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་ལ་འགལ་བ་དང་ཏང་གི་ཆབ་སྲིད་ལམ་ཕྱོགས་དང་འགལ་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྒྲིག་སྲོལ་ལ་གཏོར་བརླག་གཏོང་བ་སོགས་ཀྱི་གནད་དོན་རྩད་གཅོད་ནན་མོ་བྱས།
ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཞིབ་བཤེར་སྒྲིག་སྲོལ་ལམ་ལུགས་གཏིང་ཟབ་ཏུ་བཏང་ནས། གྲོང་ཁྱེར་དང་ཁུལ་བརྒྱད་དང་། རྫོང་དང་གྲོང་ཁྱེར་དང་སྡོད་ཁུལ་ཞེ་གསུམ་གྱི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ཡོངས་རྫོགས་ལ་ཁྲིམས་ལྟར་འཛུགས་སྐྲུན་དང་། ཁུངས་བསྒྱུར་འཛུགས་སྐྲུན་གྱི་གོ་རིམ་ཡོངས་སུ་བསམ་བློ་མི་འཁྲུགས་པ་དང་དམག་དཔུང་མི་ཐོར་བ། བྱ་བའི་རྒྱུན་མ་འཆད་པ་བཅས་བྱས་ཤིང་། བཅོས་བསྒྱུར་ཐད་མཁོ་བའི་ལམ་ལུགས་འཛུགས་སྐྲུན་རྩིས་ཐོ་ཆེ་གྲས་ལྔ་དང་དོན་ཚན་བཅུ་བདུན་ཇུས་འགོད་དང་ལེགས་སྒྲིག་བྱས། མིག་སྔར། ཞིང་ཆེན་ཡོངས་ཀྱི་རིམ་པ་གསུམ་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཐོག་དང་པོར་གཞི་ཁྱོན་ཆེ་ཞིང་གོ་རིམ་ལྡན་པའི་འཁོར་སྐྱོད་ནང་རྐྱེན་བཙུགས། ཟླ་དང་པོ་ནས་ཟླ་དྲུག་པའི་བར། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་། གྲོང་ཁྱེར་དང་ཁུལ་དྲུག རྫོང་དང་སྡོད་ཁུལ་བཅུ་བཞི་ཡི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བསྡོམས་པས་ཞིབ་བཤེར་བརྟག་དཔྱད་བྱ་ཡུལ་རེ་ལྔ་ལ་ཉར་འཇོག་བྱེད་པའི་བྱེད་ཐབས་སྤྱད།
ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ལག་བསྟར་བྱེད་པའི་ལམ་སྲོལ་ཞིབ་ཕྲ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱེད་ཐབས་འགའ་ལག་བསྟར་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་དེ་ལས་འགན་གཙོ་བོ་དང་དུས་རྒྱུན་རང་བཞིན་གྱི་བྱ་བའི་ཁྲོད་དུ་འཇོག་པ་དང་། ལུགས་རྙིང་ལོ་སར་དང་ལུགས་གསར་ལོ་སར། དྭངས་གསལ་དུས་ཆེན། ལྔ་གཅིག་དང་ལྔ་པའི་ཚེས་ལྔའི་དུས་ཆེན་སོགས་ལ་ཆེད་དམིགས་ཞིབ་བཤེར་བྱས། ཟླ་དང་པོ་ནས་ཟླ་དྲུག་པའི་བར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་བསྡོམས་པས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ང་བཞི་རྩད་གཅོད་བྱས་པ་དང་། མི་བརྒྱ་དང་བཞི་བཅུ་ཐག་གཅོད་བྱས་པར་མ་ཟད། མི་གྱ་དྲུག་ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ་དང་། སྐོར་སོ་བརྒྱད་ལ་བགོས་ནས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་མིག་དཔེའི་གནད་དོན་དོན་བཞི་སྤྱི་བསྒྲགས་བྱས།
དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་ཀུན་སྤྱོད་གནད་དོན་ལ་ཆེད་དམིགས་ལེགས་བཅོས་དང་། ནག་འཇོམས་ངན་སེལ་འཐབ་འཛིང་ཁྲོད་ཀྱི་འགན་འཁྲི་རྩད་གཅོད་ཐད་ལྟ་སྐུལ་བྱེད་ཚད་ཇེ་དྲག་ཏུ་གཏོང་བའི་བྱ་བ་ཏན་ཏིག་གིས་སྤེལ་ཏེ། དབུལ་ཕོངས་ཁྱབ་ཁོངས་ཀྱི་གནད་དོན་ཁུངས་སྣེར་གཅིག་གྱུར་དོ་དམ་བྱེད་པ་སོགས་ཀྱི་ལམ་ལུགས་བཙུགས། ཟླ་དང་པོ་ནས་ཟླ་དྲུག་པའི་བར། ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་བསྡོམས་པས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་གནད་དོན་ཁུངས་སྣེ་ལྔ་བརྒྱ་གོ་གསུམ་བདག་སྤྲོད་བྱས་པ་དང་། གྱོད་དོན་བརྒྱ་དང་དོན་གཅིག་ཐོ་འགོད་བྱས་ཤིང་མི་ལྔ་བརྒྱ་བདུན་ཐག་གཅོད་བྱས། མི་ཉིས་བརྒྱ་རེ་དགུ་ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ་དང་། སྐོར་ང་གཅིག་བགོས་ནས་དབུལ་ཕོངས་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱ་ལྔ་སྤྱི་བསྒྲགས་བྱས། ནག་འབྲེལ་ངན་འབྲེལ་གྱི་རུལ་སུངས་གནད་དོན་ཁོ་ན་བརྒྱ་དང་བཅུ་བདག་སྤྲོད་བྱས་ཏེ། མི་སོ་བཞི་ལ་ཏང་གི་སྒྲིག་ཁྲིམས་སྲིད་དོན་གྱི་ཆད་པ་བཅད། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་བསྒྱུད་སྤྲོད་བྱས་པའི་འགན་འཁྲི་རྩད་གཅོད་གནད་དོན་བདུན་ལ་བརྟག་དཔྱད་བྱས་ཚར།
ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ལྟ་སྐུལ་གྱི་འགན་འཁྲི་དང་པོ་ལག་བསྟར་བྱེད་པ་དང་། དུས་རྒྱུན་རང་བཞིན་གྱི་སྒྲིག་ཁྲིམས་སློབ་གསོར་ཤུགས་བསྣན་ནས། དུས་རྒྱུན་གྱི་བྱ་བའི་ཁྲོད་ལྟ་སྐུལ་བྱས་ཏེ། སྔ་འཛིན་ཆུང་འཛིན་དང་རྐྱེན་རྩ་ཆུང་ཟློག་བྱས། ཟླ་དང་པོ་ནས་ཟླ་དྲུག་པའི་བར། བསྡོམས་པས“རྣམ་པ་བཞི”སྤྱད་དེ་མི་སྟོང་གཉིས་དང་གོ་དྲུག་ཐག་གཅོད་བྱས་པ་དང་། རྣམ་པ་དང་པོ་དང་གཉིས་པས་ཐག་གཅོད་བྱས་པའི་མི་གྲངས་ཀྱིས་སྤྱིའི་ཐག་གཅོད་མི་གྲངས་ཀྱི་བརྒྱ་ཆའི་གོ་གཉིས་དང་གྲངས་ཆུང་བརྒྱད་ཟིན་ཡོད་པས། ཏང་ཡོན་ལས་བྱེད་པར་དོ་དམ་ནན་མོ་དང་དོ་ཁུར་ཆེན་པོ་བྱེད་པར་གྲུབ་འབྲས་མངོན་གསལ་ཐོབ།
ཆབ་སྲིད་སྐོར་གཟིགས་གཏིང་ཟབ་ཏུ་བཏང་བ། སྐབས་བཅུ་གསུམ་པའི་སྐོར་གཟིགས་ཐེངས་གཉིས་པས་ཡུས་ཧྲུའུ་དང་མགོ་ལོག རྨ་ལྷོ། མཚོ་བྱང་བཅས་ཁུལ་བཞི་དང་། གྲོང་ཁྱེར་རམ་རྫོང་བཅོ་ལྔ། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་ཞིང་ཆེན་ཁྲིམས་འཛིན་ཐིན(ཞིང་ཆེན་བཙོན་ཁང་དོ་དམ་ཅུའུ)བཅས་ལ་སྐོར་གཟིགས་བྱས་པར་མ་ཟད། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་ལ“ཕྱིར་ལྟ”བྱས། སྐོར་དང་པོའི་སྐོར་གཟིགས་ཁྲོད་ནས་ཤེས་པའི་འབུར་ཐོན་གནད་དོན་ལ་ཁ་གཏད་དེ། ཞིང་ཆེན་ཡོངས་ལ་ཆེད་དམིགས་བཅོས་སྐྱོང་བྱེད་པའི་བྱ་བ་སྤེལ། ཟླ་དྲུག་པའི་ཟླ་མཇུག་བར། ཞིང་ཆེན་ཏང་ཨུའི་སྐོར་དང་པོའི་སྐོར་གཟིགས་ཁྲོད་ཕྱིར་ལྡོག་བྱས་པའི་གནད་དོན་ཉིས་བརྒྱ་བཅོ་བརྒྱད་ཁྲོད་ཀྱི་གནད་དོན་བརྒྱ་དང་གྱ་གཉིས་ལེགས་སྒྲིག་བྱས་པས། ལེགས་སྒྲིག་བྱས་ཚད་བརྒྱ་ཆའི་གྱ་གསུམ་ལ་སླེབས། གྲོང་ཁྱེར་དང་རྫོང་གི་སྐོར་གཟིགས་བྱ་བར་སྐུལ་འདེད་གཏོང་ཆེད། ཟླ་དང་པོ་ནས་ཟླ་དྲུག་པའི་བར། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ལ་བསྡོམས་པས་སྐོར་གཟིགས་ཚན་ཆུང་བརྒྱ་དང་བདུན་བཙུགས་ནས། གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་ཐད་གཏོགས་སྡེ་ཁག་དང་ཁེ་དོན་སྡེ་ཁག ཞང་དང་གྲོང་རྡལ། གཙོ་གནད་སྡེ་བ་ཉིས་བརྒྱ་ང་བདུན་བཅས་ལ་སྐོར་གཟིགས་བྱས།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།