2020ལོར་ཐོན་དུས་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་རིམ་པའི་སྒེར་འཁོར་ཡུལ་སྐོར་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་རྩིས་ཡོད་།
2018.08.15 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 46

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་སྒེར་འཁོར་ཡུལ་སྐོར་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱེད་པ་དང་ཟུང་དུ་སྦྲེལ་ནས། “བགྲོད་ལམ+ལྗོངས་ཁུལ+གྲོང་རྡལ+སྒར་ས”བཅས་ཀྱི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་བསྐྲུན་པ་གཙོ་བོ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྒེར་འཁོར་ཡུལ་སྐོར་སྒར་ས་འཛུགས་སྐྲུན་གྱི་ཚད་ལྡན་དང་ལྗོངས་ཁུལ་བགྲོད་ལམ་གྱི་རིམ་པ་དབྱེ་འབྱེད་དང་དཔྱད་འཇོག་ཚད་གཞི། སྒེར་འཁོར་ཡུལ་སྐོར་དོ་དམ་དང་ཞབས་ཞུ་ཚད་ལྡན་སོགས་ཀྱི་བྱ་བར་སྐུལ་འདེད་བཏང་བ་དང་། 2018ལོར་ཞིང་ཆེན་ཡོངས་ནས་ཞིང་ཆེན་རིམ་པའི་སྒེར་འཁོར་སྡོད་འཁོར་སྒར་ས10ཡོངས་འགྲུབ་དང་གསར་དུ་བསྣན་ནས། 2020ལོར་ཐོན་དུས། ཞིང་ཆེན་རིམ་པའི་སྒེར་འཁོར་སྒར་ས80རུ་བསླེབ་ཏུ་འཇུག་རྒྱུ་རེད།

སྒེར་འཁོར་ཡུལ་སྐོར་ནི་མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བའི་གོ་ཆོད་བྱེད་ཐབས་དང་འགག་སྒྲོལ་བྱེད་ཡུལ་ཡིན་པའི་ཆ་ནས། མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ཐོན་རྫས་ཀྱི་གྲུབ་ཚུལ་འཐུས་ཚང་དུ་གཏོང་བ་དང་ཡུལ་སྐོར་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཡུལ་སྐོར་གྱི་སྣང་བརྙན་ཇེ་མཐོར་གཏོང་བ། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་དང་སྔར་བས་བཟང་པོར་འདྲེས་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན། དེའི་རྐྱེན་གྱིས་མཚོ་སྔོན་ཞིང་ཆེན་གྱིས་སྒེར་འཁོར་ཡུལ་སྐོར་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་ཡོངས་ཀྱི་སྒེར་འཁོར་ཡུལ་སྐོར་དཔེ་སྟོན་ཞིང་ཆེན་དུ་ཧུར་བརྩོན་གྱིས་བསྐྲུན་རྒྱུ་རེད།

མཚམས་སྦྱོར་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་སྒེར་འཁོར་གྲངས་འབོར་བསྟུད་མར་འཕར། 2007ལོའི་ཚུན་དུ། མཚོ་སྔོན་ཞིང་ཆེན་དུ་ཞིང་ཆེན་ཕྱི་ནང་ནས་སྒེར་འཁོར་བསྐོར་ནས་ཡུལ་སྐོར་དུ་ཐོན་པའི་གྲངས་འབོར་ལོ་རེར་ཆ་སྙོམས་ཀྱིས་ཁྲི10ཙམ་རེ་ཇེ་མང་དུ་སོང་། 2017ལོའི་ལོ་མཇུག་བར་དུ་ཡུལ་སྐོར་སྒེར་འཁོར་ཁྲི142.84རུ་སླེབས། སྒེར་འཁོར་ཡུལ་སྐོར་པའི་གྲངས་འབོར་ལོ་རེ་བཞིན་ཇེ་མང་དུ་སོང་། དེའི་ཁར་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སྐྱེ་ཁམས་ཐུན་མོང་མ་ཡིན་ཞིང་ས་རྒྱ་ཆེ་བ།གཞུང་ལམ་དྲ་བ་མྱུར་དུ་འཕེལ་བ་དང་། སྒེར་འཁོར་ཡུལ་སྐོར་ལ་ཤར་གཏོང་གི་བགྲོད་ལམ་ཆ་རྐྱེན་ལྡན་པ་བཅས་ཀྱི་དབང་གིས། མཚོ་སྔོན་ཞིང་ཆེན་གྱི་སྒེར་འཁོར་ཡུལ་སྐོར་ཡུན་རིང་དུ་འཕེལ་རྒྱས་བྱུང་ཡོད་པ་དང་། རྒྱལ་ཡོངས་ཀྱི་སྒེར་འཁོར་ཡུལ་སྐོར་དཔེ་སྟོན་ཞིང་ཆེན་ཐོག་མར་གསར་སྐྲུན་བྱེད་པར་སྟོབས་ཤུགས་ལྡན། འབྲེལ་ཡོད་ཡུལ་སྐོར་གྱི་རྒྱུ་རྐྱེན་མུ་མཐུད་དུ་འཐུས་ཚང་དུ་བཏང་སྟེ་སྒེར་འཁོར་ཡུལ་སྐོར་གྱི་ལྷད་མེད་འཕེལ་རྒྱས་ལ་རྨང་གཞིའི་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་རེད།

ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཁྲོད་དུ། མཚོ་སྔོན་ཞིང་ཆེན་གྱིས་རྩེ་གྲས་ཀྱི་སྒེར་འཁོར་ཡུལ་སྐོར་བྱེད་ཡུལ་བསྐྲུན་པ་འཕེལ་རྒྱས་ཀྱི་དམིགས་འབེན་དུ་བརྩིས་ཏེ། 《མཚོ་སྔོན་ཞིང་ཆེན་གྱི་སྒེར་འཁོར་ཡུལ་སྐོར་དཔེ་སྟོན་ཞིང་ཆེན་གྱི་འཕེལ་རྒྱས་འཆར་འགོད》སྒྲིག་བཟོ་བྱས་ནས་ཚར། 2020ལོར་ཐོན་དུས་མཚོ་སྔོན་ཞིང་ཆེན་དེ་རྒྱལ་ཁབ་རིམ་པའི་སྒེར་འཁོར་ཡུལ་སྐོར་དཔེ་སྟོན་ཞིང་ཆེན་དང་རྒྱལ་ཡོངས་ཀྱི་སྒེར་འཁོར་ཡུལ་སྐོར་བྱེད་ཡུལ་དང་། རྒྱལ་ཁབ་ཀྱི་དར་གོས་གནའ་ལམ་འཐབ་ཇུས་ཡན་ལག་གི་རྫོགས་ལྡན་ཡུལ་སྐོར་བྱེད་ཡུལ་བཅས་སུ་བསྐྲུན་པའི་འཆར་གཞི་བཀོད་ཡོད། མིག་སྔར། མཚོ་སྔོན་ཞིང་ཆེན་ལ་ཁྱད་ལྡན་སྒེར་འཁོར་ཡུལ་སྐོར་བསྐོར་ལམ10ཡོད་ལ།ཡུལ་སྐོར་ལྷུ་ཚིགས་གཙོ་བོ་དག་ཏུ་ཁྱབ་པའི་སྒེར་འཁོར་ཡུལ་སྐོར་སྒར་ས50བཙུགས་ཡོད། རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་སྒེར་འཁོར་ཁེ་ལས“རི་བསྐྱོད་ཚོ་བ”མཚོ་སྔོན་དུ་བཙུགས་ཡོད་ལ། རྒྱལ་ཡོངས་ཀྱི་དར་གོས་གནའ་ལམ་གྱི་རྒྱལ་སྤྱིའི་སྤྱི་གླིང་ཐོག་མའང་འཛུགས་སྐྲུན་བྱེད་བཞིན་ཡོད། དུས་མཉམ་དུ། ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཤུགས་ཚད་ཇེ་ཆེར་བཏང་བ་སྟེ། 2013ལོ་ནས་བཟུང་། མཚོ་སྔོན་གྱི་སྒེར་འཁོར་སྒར་ས་དག་ཏུ་གསང་སྤྱོད་ཁང་དང་ཡུལ་སྐོར་ལམ་སྟོན་རི་མོ། སྣུམ་སྣོན་ས་ཚིགས་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། ཡུལ་སྐོར་པར་ལྕགས་རྟ་གླ་བ་དང་སྡོད་ཁང་། བཟའ་བཏུང་། རྩེད་འཇོ་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས། ཡུལ་སྐོར་ལྗོངས་ཁུལ་གྱི་རིམ་སྤར་ལ་ཧུར་བརྩོན་གྱིས་སྐུལ་འདེད་བྱས་པས། མིག་སྔར། ཞིང་ཆེན་ཡོངས་སུAརིམ་པའི་ལྗོངས་ཁུལ106དང་།A5རིམ་པའི་ལྗོངས་ཁུལ3། A4རིམ་པའི་ལྗོངས་ཁུལ19ཡོད། དེར་མ་ཟད། རྒྱལ་ཁབ་ཀྱི A5རིམ་པའི་ལྗོངས་ཁུལ་གསར་སྐྲུན་ཚད་གཞི་ལྟར་ཚྭ་ཁ་ཚྭ་མཚེའུ་ལྗོངས་ཁུལ་དང་མཚོ་བྱང་ཁུལ་གྱི་རྡུལ་ཕྲན་མཁར། གསེར་དངུལ་ཐང་། མདོ་ལ་རིང་མོའི་མཛེས་ལྗོངས་ཡུལ་སྐོར་ཁུལ་སོགས་ལྗོངས་ཁུལ་གྱི་རིམ་སྤར་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་རྒྱུ་རེད། །