ཧར་ཅིན་སྡེ་བའི་འགྱུར་ལྡོག་གསར་པ།
2018.08.20 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 40

མཚོ་བྱང་ཁུལ་མཐོ་སྒང་དེང་རབས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་དཔེ་སྟོན་ཁུལ། བོད་ལུག་གིས“ལོ་གཉིས་ལ་ལུ་གུ་ཐེངས་གསུམ་བཙའ་བ”ཡི་ལས་གཞི་ལག་བསྟར་ཁུལ་གཙོ་བོ།

སྡེ་བ་ཡོངས་ལ་སྤྱད་ཆོག་པའི་རྩྭ་ས་སྤྱི་ཆིང་ཁྲི་གཅིག་དང་ཚེག་དྲུག་ཡོད་པ་དང་། གཟན་རྩྭའི་རྟེན་གཞི་སྤྱི་ཆིང་དྲུག་བརྒྱ་དང་རེ་བདུན་འཛུགས་སྐྲུན་བྱས་ཡོད།

ལོ་མགོར་ལྕགས་རའི་ནང་སྒོ་ཕྱུགས་ཁྲི་གསུམ་དང་སྟོང་ལྔ་ལྷག་ཡོད་པ་དང་། མོ་ཕྱུགས་ཀྱི་བསྡུར་ཚད་དང་། འཕེལ་ཚད། བཤས་ཁོངས་སུ་བཏང་ཚད། བཙོངས་ཚད་བཅས་ནི་སོ་སོར་བརྒྱ་ཆའི་ང་བརྒྱད་དང་ཚེག་བདུན་དང་བརྒྱ་ཆའི་དགུ་བཅུ།བརྒྱ་ཆའི་ང་བདུན། བརྒྱ་ཆའི་རེ་དགུ་དང་ཚེག་གཅིག་ལ་སླེབས།

ཉིས་སྟོང་བཅུ་བདུན་ལོའི་ལོ་མཇུག་ལ། སྡེ་བ་ཡོངས་ཀྱི་ཞིང་ཕྱུགས་ལས་ཀྱི་སྤྱིའི་ཡོང་འབབ་སྒོར་སྟོང་གཉིས་དང་སུམ་བརྒྱ་ང་དགུ་ལྷག་ལ་སླེབས་པ་དང་། རོང་འབྲོག་མང་ཚོགས་ཀྱི་ཆ་སྙོམས་ཀྱི་མི་རེའི་ཡོང་འབབ་སྒོར་ཁྲི་གཉིས་དང་སྟོང་གཅིག་ལྔ་བརྒྱ་སོ་གཉིས་རེད།

རྒྱུ་རྐྱེན་གང་ཞིག་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཧལ་ཅིན་སོག་རིགས་ཞང་ཧར་ཅིན་སྡེ་བ་ནི་ཞིང་ཆེན་ཡོངས་སུ་མིང་དུ་གྲགས་པའི་ཕྱུག་སྡེར་གྱུར་པ་ཡིན་ནམ། ཕྱུག་སྒྱུར་གྱི་བརྒྱུད་རིམ་ཁྲོད་གཞན་དང་མི་གཅིག་པའི“ཐབས་མཆོག”གང་དག་ཡོད་དམ། ང་ཚོས་མཉམ་དུ་དེའི་དྲིས་ལན་བརྩལ།

ཧེ་ཡན་རྫོང་ནས་ལམ་ལ་ཆས་ཏེ་ཧར་ཅིན་སྡེ་བར་བསྐྱོད་པའི་ལམ་བར་དུ། ག་ས་གང་དུ་ཁྱུ་དང་ཁྱུ་བྱས་པའི་སྒོ་ཕྱུགས་ཀྱིས་སོས་དལ་བག་ཕེབས་ངང་རྩྭ་ཟ་བཞིན་པ་མཐོང་ཐུབ། སྔོ་བསངས་ཀྱི་ནམ་མཁའ་དང་སྤྲིན་པ་དཀར་པོའི་འོག ཕྱུགས་ཁྱུ་ནག་པོ་དང་། ལུག་ཁྱུ་དཀར་པོ། ལྗང་མྱུག་སྐྱེ་བཞིན་པའི་སྤང་རི་བཅས་ཀྱིས་མཛེས་སྡུག་ལྷུན་ཆགས་ཀྱི་སྣང་ཡུལ་ཞིག་གྲུབ་འདུག

ཧའེ་ཡུན་ནི་ཧལ་ཅིན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་ལ། ལོ་ན་བཞི་ཅུ་ལྷག་ལ་ལོན་པའི་སོག་རིགས་ཀྱི་ཕོ་རྒོད་ཅིག་རེད། ཁོ་མཐོང་དུས། ཁོས་སའེ་ཧན་འབྲི་གཡག་ཚོ་གསོ་ར་བ་རུ་འབྲི་གཡག་གི་ཤ་ཤེད་རྒྱས་ཚད་ལ་ལྟ་བཞིན་ཡོད་པ་རེད།

“གསོ་སྤེལ་ར་བ་འདིར་མ་དངུལ་སྒོར་ཁྲི་སུམ་བརྒྱ་དང་རེ་བདུན་བཏང་བ་དང་། ས་སྤྱི་ཆིང་དྲུག་དང་ཚེག་བདུན་བཟུང་ཡོད། ད་ལྟ་ཚད་ལྡན་ཅན་གྱི་ཕྱུགས་ར་གསུམ་དང་། རྩྭ་སྤྱིལ་གཅིག རྩྭ་དོང་གཅིག་བཅས་ཡོད། 2016ལོར་ལེགས་འགྲུབ་བྱུང་། 2017ལོར་ལོ་གཉིས་ནས་གསུམ་བར་གྱི་རྒྱུ་བཟང་ཡ་རུ་དང་ཤད་སུམ་བརྒྱ་ཁ་སྣོན་བྱས། ཟླ་ངོ་ག་སུམ་གྱི་རྗེས་ནས་བཤས་ཁོངས་སུ་བཏང་ཆོག” ཧའེ་ཡུན་གྱིས་ཁོ་དང་ཐག་མི་རིང་བའི་ས་ན་ཉི་མར་ལྡེ་བཞིན་པའི་འབྲི་གཡག་དེ་དག་སྟོན་ཞོར་དེ་ལྟར་བཤད།

འདི་ནི་ཧལ་ཅིན་གྱི་དྲོད་ཁང་རབས་དྲུག་པ་རེད།ཆུ།གློག།ལམ།ཆས་གཞོང་།གློག་མིག་བཅས་ཕྱུགས་རར་འཐེན་ཡོད། སྒྲོམ་གཞི་ལྕགས་སྒྲོམ་དང་། གཞི་ཁྱོན་ལ་སྨི་གྲུ་བཞི་མ་སྟོང་གཅིག་དང་ཉིས་བརྒྱ་ཡོད་པ་ལ། བཙོང་ཟོག་ལྟ་ཞིབ་བྱེད་ས་དང་། ནད་བྱུང་སྒོ་ཕྱུགས་ལོགས་བཀར་ཁང་། གཟན་རྩྭ་གསོག་འཇོག་ཁང་། སྒོ་ཕྱུགས་གསོ་སྤེལ་ཁང་། གཞུང་ལས་ཞག་སྡོད་ཁང་བཅས་མ་ལག་ཆ་ཚང་ཡོད་པར་མ་ཟད། གཟན་རྩྭ་བསྡམས་བཀྱིགས་འཕྲུལ་འཁོར་དང་རྩྭ་བརྔ་འཕྲུལ་འཁོར་བཅས་ཀྱང་བཀོད་སྒྲིག་བྱས་ཡོད། ལོ་གཅིག་ལ་ཕྱུགས་ར་གཅིག་གི་ནང་དུ་འབྲི་གཡག་བརྒྱ་གསོ་སྤེལ་བྱ་ཐུབ།

ཧལ་ཅིན་སྡེ་བའི་མང་ཚོགས་ལ་ད་ལྟའི་འབྱོར་ཕྱུག་གི་འཚོ་བ་འདི་ལྟ་བུ་ཞིག་ཡོད་པ་གླེང་ཚེ་ངེས་པར་གླེང་དགོས་པའི་མི་ཞིག་ཡོད་པ་ནི་ཧར་ཅིན་སྡེ་བའི་དེ་སྔོན་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ལྷ་མོ་བཀྲ་ཤིས་རེད།

དུས་ཚོད་ལོ་སུམ་ཅུ་ལྷག་གི་སྔོན་ལ་དེད་ན། དེ་ནི1986ལོ་རེད། སྡེ་བ་འདིས་སྒོ་ཕྱུགས་དུད་ཁྱིམ་རེར་བགོས་ཏེ་འཚོ་སྐྱོང་བྱས་ཤིང་། དེ་དུས་ཕྱུགས་ལས་ཐོན་སྐྱེད་ཀྱི་རྨང་གཞི་ཧ་ཅང་ཞན། ཚན་རྩལ་ཞན། རྨང་གཞིའི་སྒྲིག་ཆས་ཧ་ཅང་རྗེས་ལུས་ཡིན།མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཧ་ཅང་ཞན།

1995ལོར། ལྷ་མོ་བཀྲ་ཤིས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིར་བདམས་པ་དང་། ཁོས་སྡེ་མི་རྣམས་ཀྱི་སྣེ་ཁྲིད་དེ་དཀའ་སྤྱད་ཀྱིས་ཕྱུག་སྒྱུར་ལམ་དུ་བསྐྱོད་པའི་བླ་མེད་འགན་འཁྲི་དེ་ལག་བསྟར་བྱེད་མགོ་བརྩམས།

འཕེལ་རྒྱས་ཀྱི“ཞན་ཆ”གང་དུ་ཡོད་པ་དེ། གཞན་སུ་ལ་བལྟས་ནའང་ལྷ་མོ་བཀྲ་ཤིས་ལ་ཆ་རྒྱུས་ཡོད། འགན་ཁུར་མ་ཐག ཁོས་ཐབས་བརྒྱ་ཇུས་སྟོང་གིས་མ་དངུལ་གྲབས་གསོག་བྱས། རྒྱལ་ཁབ་ཀྱི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གྱི་ལས་གཞིའི་སྟེགས་བུར་སྦྲེལ་ཏེ། སྔ་རྗེས་སུ་སྨི་གྲུ་བཞི་མ་ཉིས་བརྒྱ་དང་སུམ་ཅུ་ལ་ཕྱུགས་ར་གཉིས་བཟོ་སྐྲུན་བྱས་པ་དང་། དྲོད་ཁང་དུ་ལུག་གསོ་བ་མངོན་འགྱུར་བྱས། གཟན་རྩྭའི་རྟེན་གཞི་སྤྱི་ཆིང་གསུམ་དང་ཚེག་གསུམ་འཛུགས་སྐྲུན་བྱས། དགུན་དཔྱིད་གཉིས་སུ་གཟན་རྩྭ་ཁ་སྣོན་བྱེད་པའི་ལག་རྩལ་ནང་འདྲེན་བྱས་ཏེ། དགུན་ས་དང་དཔྱིད་སའི་རྩྭ་ར་སྤྱི་ཆིང་ཞེ་བདུན་འཛུགས་སྐྲུན་བྱས། ལྕགས་ར་བསྐོར་ཏེ་ཕྱུགས་རེས་སྐོར་གྱིས་འཚོ་བ་བཅས་ཀྱིས་ནུས་ལྡན་སྒོས་རྩྭ་རའི་སྤྱོད་ཚད་མཐོར་འདེགས་སུ་བཏང་།

འབྲོག་ཁྱིམ་གྱི་ཐོན་སྐྱེད་རྨང་གཞི་ལྟོས་བཅས་ཀྱིས་ཞན་པའི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ། ཁོས་མང་ཚོགས་ལ་ཤ་ཚ་བའི་སྒོ་ནས་སྐུལ་སློང་བྱས་ཏེ་མ་དངུལ་འཇོག་པ་ཇེ་མང་དུ་བཏང་། ཁོས་རྒྱལ་ཁབ་ཀྱི་ཞིང་ལས་ལ་རྒྱབ་སྐྱོར་དང་ཞིང་པར་ཁེ་བཟང་རེག་པའི་གཟིགས་སྐྱོང་སྲིད་ཇུས་སོ་སོ་དམ་འཛིན་བྱས་ཏེ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་། སྲིང་གཞུང་གི་རྒྱབ་སྐྱོར་ལ་བརྟེན་ནས། ཁོས“སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས”ཀྱི་ལས་བྱེད་པ་ཡོངས་ཀྱི་སྣེ་ཁྲིད་དེ། ཧུར་ཐག་གིས་ཐབས་ལམ་འཚོལ་བ་དང་། ལས་གཞི་སྒྲུབ་པ། མ་དངུལ་བརྩོན་ལེན་བྱེད་པ་བཅས་ཀྱི་སྒོ་ནས་སྡེ་བ་ཡོངས2017ལོའི་ལོ་མཇུག་བར་རིམ་བསགས་ཀྱིས་ཡུན་གཏན་རང་བཞིན་གྱི་ལུག་གསོ་དྲོད་ཁང་བརྒྱ་དང་ལྔ་བཅུ་འཛུགས་སྐྲུན་བྱས། འབྲོག་ཁྱིམ་བརྒྱ་ཆའི་བརྒྱད་ཅུ་ཡིས་ལུག་དྲོད་ཁང་དུ་གསོ་བ་མངོན་འགྱུར་བྱས། རྩྭ་ར་སྤྱི་ཆིང་ཁྲི་གཅིག་དང་སྟོང་གཉིས་དྲུག་བརྒྱ་རེ་བདུན་འཛུགས་སྐྲུན་བྱས།

དེ་དང་ཆབས་ཅིག མི་ཕྱུགས་ཀྱི་འཐུང་ཆུའི་སྦུག་ལམ་གསུམ་གསར་འཛུགས་བྱས་པ་སྟེ་སྦུག་ལམ་གྱི་རིང་ཚད་ལ་སྤྱི་ལེ་ཉེར་གཉིས་ཡོད་པ་དང་། དོང་ཆུ་ང་བཞི་བརྐོས་ཏེ། གཞི་རྩའི་ཐོག་མི་ཕྱུགས་ཀྱི་འཐུང་ཆུའི་གནད་དོན་ཐག་བཅད། ཞིང་སྡེའི་གཞུང་ལམ་བཞི་ལས་པ་དང་། ལམ་གྱི་རིང་ཚད་ལ་སྤྱི་ལེ་ཉེར་བཞི་ཡོད་པ་རེད། དེས་མང་ཚོགས་བགྲོད་དཀའ་བའི་གནད་དོན་ཐག་བཅད། སྒོ་ཕྱུགས་འདྲེན་འཚོང་བྱེད་པ་བཀག་མེད་བཟོས། གཟན་རྩྭའི་རྒྱུ་སྤུས་ལེགས་པའི་རྟེན་གཞི་སྤྱི་ཆིང་དྲུག་བརྒྱ་དང་རེ་བདུན་འཛུགས་སྐྲུན་འཛུགས་བྱས།

1996ལོར་སྡེ་དམངས་ཀྱི་ཆ་སྙོམས་ཀྱི་མི་རེའི་ཡོང་འབབ་སྒོར་དྲུག་བརྒྱ་ཙམ་ལས་མེད་པ་དང་། 2017ལོའི་ལོ་མཇུག་ལ་སྡེ་མིའི་ཆ་སྙོམས་ཀྱི་མི་རེའི་ཡོང་འབབ་སྒོར་ཁྲི་གཉིས་ལས་བརྒལ་བ་རེད། སྡེ་བ་ཡོངས་ཀྱི་འབྲོག་ཁྱིམ་བརྒྱ་ཆའི་བརྒྱ་ལ་གཏན་སྡོད་ཁང་དང་གློག་འཐེན་པ་མངོན་འགྱུར་བྱས། རྒྱང་སྒྲོག་བརྙན་འཕྲིན་དང་ལག་འཁྱེར་འཕྲིན་གཏོང་བྱས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཤིང་། དུད་ཁྱིམ་རེ་རེར་རླངས་འཁོར་ཡོད་པ་རེད།

རྨང་གཞིའི་སྒྲིག་བཀོད་རིམ་གྱིས་འཐུས་ཚང་དང་། སྡེ་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་སྐུལ་སྤེལ་བྱས་ཏེ་ཚད་ངེས་ཅན་གྱིས་ལེགས་བཅོས་ཐོབ། འོན་ཀྱང་བསམ་པའི་འཆར་སྒོ་མང་བ་དང་། བྱེད་ཕོད་པ་དང་སྒྲུབ་ཕོད་པའི་ཧལ་ཅིན་སྡེ་མི་ལ་དེ་ལས་མཐོ་བའི་ཕུགས་བསམ་ཡོད་པ་རེད། “ཇི་ལྟར་སྡེ་དམངས་ཀྱི་སྣེ་ཁྲིད་དེ་སྔར་ལས་འབྱོར་ལྡན་གྱི་འཚོ་བ་ཞིག་རོལ་ཏུ་འཇུག་རྒྱུ”ནི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གདོང་གཏོད་དགོས་པའི་གནད་དོན་གསར་པར་གྱུར།

2006ལོའི་ཟླ་དྲུག་པར། ཧལ་ཅིན་སྡེ་བའི་ཕྱུགས་ལས་མཐུན་ཚོགས་ཐོག་མ་སྒྲིག་འཛུགས་བྱས། དེ་དུས་ཚོགས་ཞུགས་དུད་ཁྱིམ་ཉེར་དགུ་དང་ཚོགས་མི་བརྒྱ་དང་བདུན་ལ་སླེབས།མཐུན་ཚོགས་བཙུགས་པས“ཁོམ་ལོང་མེད”པའི་ལྷ་མོ་བཀྲ་ཤིས་ནི་ལྷག་ཏུ་བྲེལ་བ་ཆེ་བར་གྱུར། མཐུན་ཚོགས་ཀྱིས་གང་མགྱོགས་སྒོས་ནུས་པ་འདོན་སྤེལ་དང་ཕན་འབྲས་འབྱུང་དུ་འཇུག་ཆེད། ཁོ་ཟི་ལིང་སོགས་ས་ཆར་སོང་སྟེ་མཐུན་ཚོགས་ལ་ཆ་འཕྲིན་འཚོལ་བསྡུ་དང་བར་སྦྱོར་བྱས། ཚོགས་མི་རྩ་འཛུགས་བྱས་ཏེ་ཕྱུགས་ལས་ཐོན་རྫས་གཅིག་བསྡུས་དང་གཅིག་གྱུར་སྒོས་ཕྱིར་འཚོང་བྱས། ལོ་དེར། མཐུན་ཚོགས་ཀྱིས་ནོར་ལུག་ཚོ་གསོ་ཕྱིར་འཚོང་བྱེད་པ་རྩ་འཛུགས་བྱས་ཏེ་ཡོང་འབབ་སྒོར་ཁྲི་དྲུག་བསྐྲུན། ལས་མགོ་ཚུགས་མ་ཐག་གྲུབ་འབྲས་ལེགས་པོ་ཐོབ་སྟབས་ཁོ་ཚོར་སྐུལ་མ་ཐེབས།

2010ལོར། ཧར་ཅིན་སྡེ་བའི་ཕྱུགས་ལས་མཐུན་ཚོགས་ཀྱི་རྨང་གཞིའི་སྟེང་། ཁོ་ཚོས་ཧལ་ཅིན་སའེ་ཧན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། “ཀྲི་པུའུ་དང་མཉམ་ལས་ཁང”གི་བདག་གཉེར་དཔེ་དབྱིབས་གྲུབ།རིགས་མི་གཅིག་པའི་ཞིང་ཕྱུགས་ཐོན་རྫས་གཅིག་གྱུར་ཕྱིར་འཚོང་བྱེད་པ། གཅིག་བསྡུས་རིན་གོང་སུ་མཐོ་དེར་བཙོང་བཅས་ཀྱི་བྱེད་སྟངས་སྤྱད་དེ་ཚོང་རའི་ཉེན་ཁར་འགོག་སྲུང་བྱས་པ་དང་། གཏན་འཇགས་ངང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཇེ་མཐོར་གཏོང་བར་གནད་འགག་གི་ནུས་པ་བཏོན། ལོ་རེར་མཉམ་ལས་ཁང་གིས་སྡེ་བའི་ལུག་བལ་རིན་གོང་སུ་མཐོ་དེར་བཙོང་སྒོས་ཕྱིར་འཚོང་བྱས་ཏེ། ཚོང་ར་ལས་སྤྱི་རྒྱ་རེར་སྒོར་ཐིག་དང་ཚེག་ལྔ་ཡིས་མཐོ་བ་རེད། མཉམ་ལས་ཁང་གིས་ལུགས་མཐུན་ལས་བགོས་དང་།ཚན་རིག་དང་མཐུན་པའི་སྒོ་ནས་དོ་དམ་བྱེད་པ། ཚན་རྩལ་ལ་བརྟེན་ནས་གསོ་སྤེལ་བྱེད་པ། ཚོང་ཐོ་གཞིར་བཟུང་སྟེ་ཕྱིར་འཚོང་བྱེད་པ་བཅས་བརྒྱུད། ཕྱུགས་ཟོག་གི་ཤའི་ཐོན་ཚད་ཇེ་མང་དུ་བཏང་བར་མ་ཟད། མི་ཤུགས་ཀྱི་མ་རྩ་ཇེ་ཉུང་དུ་བཏང་སྟེ། མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་བཏང་།

ལོ་དེར། ཁོ་ཚོས་ཚོང་རའི་དགོས་མཁོར་དམིགས་ཏེ། “ལུ་གུའི་དཔལ་འབྱོར”གསོ་སྐྱོང་བྱས་པར། དཀའ་ངལ་མི་ཉུང་བ་ཞིག་ལ་འཕྲད།

“ལུ་གུའི་དཔལ་འབྱོར”དང“ལོ་གཉིས་ལ་ལུ་གུ་ཐེངས་གསུམ་བཙའ་བ”གཉིས་དོན་གཅིག་སྟེ། དེ་ནི་མ་མོས་ལུ་གུ་བཙས་ནས་ཟླ2ཀྱི་རྗེས་སུ་མ་བུ་གཉིས་ཁ་བཀར་སྟེ་གསོ་སྤེལ་བྱེད་པ་དེའོ། ། དེ་ལྟར་བྱས་ན་མ་མོའི་ལུས་ཟུངས་གསོས་ཏེ་ལོ་གཉིས་ལ་ལུ་གུ་ཐེངས་གསུམ་བཙའ་ཐུབ་པ་དང་། ལུ་གུ་ཡང་མྱུར་མོར་ཤ་ཤེད་རྒྱས་ཐུབ། སྤྱིར་བཏང་དུ་ཟླ5ནས6ཙམ་གྱི་ནང་ཤ་ཤེད་རྒྱས་ཏེ་ལྗིད་ཚད་སྤྱི་རྒྱ་སུམ་བཅུ་ཡས་མས་ལ་འབུད་ཐུབ།

དེ་ལྟར་བྱས་པའི་དགེ་མཚན་ནི། གསོ་སྤེལ་གྱི་ཡུན་ཐུང་ལ། མ་རྩ་ཉུང་བ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ལ་ཕན་པ་དང་། མ་དངུལ་འཁོར་བ་མགྱོགས་པ། ཡོང་འབབ་ཇེ་མང་དུ་འགྲོ་བ་མངོན་སུམ་ཡིན་པ་བཅས་སོ། 

ཁུག་མའི་ནང་སྒོར་མོ་ཡོད་རྗེས། མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་ས་ཅི་ཡིན་ནམ། ཕྱུག་པོར་གྱུར་པའི་ཧལ་ཅིན་སྡེ་བའི་མང་ཚོགས་ཀྱིས་སློབ་གསོའི་གནད་དོན་ལ་ཧ་ཅང་མཐོང་ཆེན་བྱེད། སློབ་གསོའི་བྱ་དགའི་ཐེབས་རྩ་ཆེད་འཛུགས་བྱས་པ་དང་། ཁྱིམ་ཚང་ལ་ལས་བྱིས་པ་སློབ་གྲྭར་འགྲོ་ཆེད་ཆེད་དུ་རྫོང་ཐོག་ཏུ་ཁང་པའང་ཉོས་ཡོད་པ་རེད། 

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།