ཀ་རིང་ཞང་གི་ཏང་ཡོན་དང་མང་ཚོགས་ཀྱི་ལས་ཀའི་གྲོས་རིམ་ལ་སྟེགས་བུ་གསར་བ་ཡོད་པར་གྱུར།
2018.08.20 ཁུངས། ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བ། ཀློག་གྲངས། 859

དབྱར་གྱི་དུས་སྐབས་འདིར། ཟ་ལར་གྱི་ཕ་ཡུལ་དུ་སྔོ་ལྗང་གི་གཡུ་ལོ་བཀོད་པ་ལྟར། ག་ས་གང་དུ་ལྟོས་ཀྱང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྣང་བརྙན་གྱིས་ཁེངས་ཡོད། མར་ག་སྡེ་བར་རང་བྱུང་གི་མཛེས་ལྗོངས་ཁྱད་དུ་འཕགས་པ་ལྡན་ལ། མཚོ་སྔོན་མཚོ་ཤར་ཞོན་ཧྭ་རྫོང་ཀ་རིང་བོད་རིགས་ཞང་ནི་གནས་དེ་ན་ཡོད། མར་ནང་ཀ་རིང་ཞེས་པའི་ཞང་འདི་ནི་ལུང་བའི་རྐེད་ན་བྲག་པའི་ཀ་བ་རིང་བྱོན་གཉིས་གེར་ལངས་སེ་འདུག་པས་ན་ཀ་རིང་ཞེས་ཐོགས། ཡུལ་འདི་ནས་མདོ་སྨད་སྒྲུབ་བརྒྱུད་བསྟན་པའི་བདག་པོ་རྗེ་འཇིགས་མེད་བླ་ཁོ་རིན་པོ་ཆེ་སོགས་སྐྱེས་བུ་དམ་པ་མང་པོ་འཁྲུངས་ལ། གནམ་གྱིས་ས་བཀབ་པ་ལྟ་བུའི་མཁས་མཆོག་རྗེ་འཇིགས་མེད་དམ་ཆོས་དག་གིས་ཡུན་རིང་ལ་ཞབས་ཀྱིས་ཡང་བཅགས་མྱོང་། མིག་གི་དབང་བོ་འཕྲོག་པའི་ཡུལ་ལྗོངས་དང་ཡིད་སེམས་རང་གིས་འགུག་པའི་ཞང་། མདུན་རི་ཡིད་བཞིན་ནོར་བུ་སྤུངས་འདྲའི་ཙག་ངྷི་དང་། ལྷོ་རི་དཔའ་བོའི་སྙིང་ལྟར་བརྗིད་པའི་རྨོག་རི། དབུས་རི་མཁའ་ལྡིང་དབང་བོ་འགྲན་པའི་གནམ་གཤོང་། འདི་ལྟ་བུའི་བརྗིད་ཆགས་ས་འཛིན་མཐོན་པོས་ཡོངས་སུ་བསྐོར་བའི་ངོས་ན་ནགས་ཚལ་མཐོན་མཐིང་གིས་བརྒྱན་པ། ནུབ་བྱང་དུ་དགྲ་ཇག་ཆོམ་རྐུན་སྲུང་བའི་ཤ་བོ་རི་རྒྱུད་དང་རྨ་རླུང་དལ་འགྲོ་རིང་མོའི་རང་ས་བཙན་མོ་རུ་སྲོལ་རྒྱུན་རིག་གནས་ཀྱི་དྲི་བཟང་ཐུལ་ལ། ཡ་རབས་དམངས་སྲོལ་གྱི་རྒྱུན་འཇམ་པ། དྲོན་མོ་ཕྱག་རིས་ནས་ཆང་དང་གླུ་གར་གཡང་གི་ཁྱིམ་གཞི་འདི་ནི་མཛའ་བརྩེ་དང་འཕེལ་རྒྱས། འཆམ་མཐུན་གྱི་དག་ཞིང་ངོ་མ་ཞིག་རེད་ཅེས་ཟེར་ཆོག་ཆོག་ཡིན་པས། མི་ཚོས་མཚར་སྡུག་གི་ཀ་རིང་། བོད་ཡུལ་གྱི་དག་ཞིང་ཞེས་འབོད་བཞིན་འདུག

“དེ་རིང་ནི་ཏང་གི་ལས་དོན་གཏན་འཁེལ་བྱས་པའི་ཉིན་མོ་ཡིན་ལ། སྡེ་བ་ཡོངས་ཀྱི་ཏང་ཡོན་བཅུ་བདུན་དང་མང་ཚོགས་ཀྱི་འཐུས་ཚབ་པ་བརྒྱད་བྱ་འགུལ་ཁྲོད་ཞུགས་པ་དང་། ཁོ་ཚོས་གཙོ་བོར་འཚོ་བར་དཀའ་ཁག་ཡོད་པའི་ཏང་ཡོན་གྱི་ཁྱིམ་ཚང་དང་མང་ཚོགས་ཀྱི་འཚམས་འདྲི་བྱ་ཡུལ་འགའ་གཏན་འཁེལ་བྱས་ཏེ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་ཁོ་ཚོར་རོལ་མྱོང་བྱེད་དུ་འཇུག་རྒྱུ་ཐག་གཅོད་བྱས།”ཀ་རིང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཤ་བོ་དོན་ཁོ་ཡིས་བཤད་རྒྱུར། “ཚང་མས་མཚམས་སྦྱོར་བྱས་པ་བརྒྱུད། མཐར་མཇུག་འཚམས་འདྲི་བྱ་ཡུལ་གསུམ་གཏན་འཁེལ་བྱས། དེའི་ཁྲོད་ཏང་ཡོན་གདུགས་དཀར་ནི་དམག་དཔུང་ལས་ཕྱིར་བུད་པའི་དམག་མི་ཞིག་ཡིན་ལ། འཚོ་བར་ཅུང་དཀའ་ཁག་ཡོད། དེ་རིང་ནི་བརྒྱད་གཅིག་དམག་བཙུགས་དུས་ཆེན་ཡིན་པས། དམག་དཔུང་ལས་ཕྱིར་བུད་པའི་དམག་མིར་འཚམས་འདྲི་བྱས་ལ། དེ་ནི་དུས་ཆེན་དང་མཐུན་པ་ཞིག་རེད”ཟེར།

ཉེ་བའི་ལོ་འགའི་རིང་ལ། ཞོན་ཧྭ་ཀ་རིང་ཞང་མར་ག་སྡེ་བའི་ཏང་ཀྲི་པུའུ་ཡིས“ཏང་གི་ལས་དོན་གཏན་འཁེལ་ཉིན་མོའི”ལམ་ལུགས་ལག་བསྟར་བྱས་པ་དང་། ཚོགས་འདུའི་རྣམ་པ་བརྒྱུད་ནས་སྡེ་བ་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས་ཀྱི་འཐུས་མི་དང་ལྷན་དུ་སྡེ་བ་རིམ་པའི་ལས་དོན་ལ་མཉམ་དུ་གྲོས་བསྡུར་བྱེད་བཞིན་ཡོད།

ན་ནིང་གི་ཟླ་བཅུ་གཅིག་པའི་ཟླ་མཇུག་ཏུ། སྡེ་བ་རིམ་པའི་རྩ་འཛུགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ཁྲོད་ཤ་བོ་དོན་ཁོ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་རུ་བདམས། ཁོ་རང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རུ་བསྡད་རྗེས་ཟླ་རེའི་ཚེས་གཅིག་ཉིན“ཏང་གི་ལས་དོན་གཏན་འཁེལ་ཉིན་མོའི”ལམ་ལུགས་ལག་བསྟར་བྱས་པ་མ་ཟད། བྱ་འགུལ་གྱི་བྱེད་ཐབས་དང་ནང་དོན་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། སྔར་ལས་ལྷག་པའི་སྒོ་ནས“ཏང་གི་ལས་དོན་གཏན་འཁེལ་ཉིན་མོ”རུ་སྡེ་བ་རིམ་པའི་གྲོས་སྡུར་ལས་དོན་གྱི་ནུས་པ་སྲ་བརྟན་དང་རྒྱ་བསྐྱེད་བྱས། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་མང་ཚོགས་ཀྱི་ཆེས་དོ་ཁུར་བྱེད་བཞིན་པའི་གནས་ཚུལ་དང་། ཆེས་སེམས་ཁུར་བྱེད་བཞིན་པའི་གནད་དོན་ཏེ་ཀྲི་པུའུ་དང་ཏང་ཡོན་གྱིས་མང་ཚོགས་ལ་དོན་དངོས་སྒྲུབ་པའི་མགོ་རྩོམ་སར་བརྩིས་ནས། ཏང་ཡོན་མང་ཚོགས་ཀྱི་དཀའ་ཁག་དང་སེམས་ཁྲལ་སེལ་བར་བྱེད་པ་དེ་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་རང་འགན་གཙང་སྒྲུབ་ཀྱི་ཚད་གཞི་རུ་བརྩིས་ཡོད།

2018ལོར་ཀ་རིང་ཞང་མར་ག་སྡེ་བ་ཞང་སྡེའི་གནས་སྐོར་དབུལ་སྐྱོར་གསར་སྤེལ་ལས་གཞིའི་ཁྲོད་ཚུད་པ་དང་། སྡེ་མི་ཡོངས་དགའ་སྤྲོ་སྐྱེས་ཞོར་བློ་ཐག་མི་ཆོད་པར་གྱུར་ཡོད། ཞང་ཏང་ཨུ་ཡིས་གཏན་འཁེལ་བྱས་པའི་ཀ་རིང་ཞང་གི་གནས་སྐོར་འཆར་འགོད་ལྟར། མར་ག་སྡེ་བའི་ས་མུའུ་བརྒྱད་བརྒྱ་ལྷག་ལོག་དཀར་མེ་ཏོག་གི་རྒྱ་མཚོའི་འཆར་འགོད་ཁྲོད་ཚུད་ཡོད། འོན་ཀྱང་། དུས་ཡུན་རིང་བོར་ཟར་མའི་སྣུམ་དང་ནས། གྲོ་སོགས་བཏབ་སྟེ་འཚོ་བ་རོལ་བཞིན་པའི་སྡེ་མི་རྣམས་ལ་མཚོན་ནས་བཤད་ན་སེམས་ཁྲལ་ཆེན་པོ་ཞིག་ཡིན་ལ། སུས་ཀྱང་གོམ་པ་དང་པོ་སྤོ་ཐུབ་ཀྱིན་མེད།

ཤ་བོ་དོན་ཁོ་བློ་འཚུབ་པར་གྱུར། སྲིད་གཞུང་གིས་རིན་མ་བླངས་པར་ས་བོན་འདོན་སྤྲོད་བྱེད་པ་མ་ཟད། ཁ་གསབ་ཀྱང་ངེས་ཅན་ཞིག་སྟེར་སྲིད་པས། འདི་ནི་མང་ཚོགས་ལ་ཕན་པའི་དོན་བཟང་ཞིག་རེད། དེ་བས། ཁོས་ཐོག་མར“སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས”ཀྱི་འགོ་ཁྲིད་མི་སྣར་བསམ་བློའི་བྱ་བ་སྒྲུབ་པ་དང་། དེའི་རྗེས། “ཏང་གི་ལས་དོན་གཏན་འཁེལ་ཉིན་མོ”རུ་ཏང་ཡོན་ཡོངས་ལ་བསམ་བློའི་ཆབ་སྲིད་བྱ་བ་སྒྲུབ་པས། ཏང་ཡོན་ཁྱིམ་ཚང་གིས་དང་ལེན་བྱས་རྗེས། ཏང་ཡོན་རེ་རེ་ཁྱིམ་ཚང་བཅུ་ཕྲག་འགར་བགོས་ཏེ་ཁྱིམ་ཚང་རེ་རེར་སོང་ནས་བསམ་བློའི་བྱ་བ་སྒྲུབས། ཟླ་ཕྱེད་ཀྱི་རིང་ལ་འབད་བརྩོན་བྱས་པ་བརྒྱུད། སྡེ་མི་རྣམས་ཀྱིས་མཐར་མཇུག་བྱ་བ་དེ་དང་ལེན་བྱས་པ་དང་། སྡེ་བ་ཡོངས་ཀྱིས་ལོག་དཀར་འདེབས་རྒྱུ་ཐག་གཅོད་བྱས།

ད་ལོའི་ཟླ་བདུན་པར། རི་ངོས་ཡོངས་སུ་གསེར་མདོག་གི་མེ་ཏོག་གིས་ཁེངས་ཡོད་ལ། སྡེ་མི་རྣམས་ཀྱིས་སེམས་སུ་དགའ་སྤྲོ་ཚད་མེད་སྐྱེས་བཞིན་ཡོད། སྔོན་དཔག་བྱས་པ་ལྟར་ན། ད་ལོར་ཀ་རིང་ཞང་མར་ག་སྡེ་བའི་ལོག་དཀར་གྱི་ཐོན་ཚད་རྒྱ་མ་ཁྲི་གཉིས་དང་སྟོང་ལྔ་ལ་སླེབས་སྲིད་པ་དང་། དཔལ་འབྱོར་ཡོང་སྒོ་སྒོར་འབུམ་གཉིས་དང་ས་མུའུ་རེའི་ཡོང་སྒོ་སྒོར་སྟོང་གཅིག་ལ་སླེབས་སྲིད།

ཀ་རིང་བོད་རིགས་ཞང་མར་ག་སྡེ་བ་རུ་ཕྱི་ནས་ཡོང་བའི་ཁྱིམ་ཚང་ཞིག་ཡོད་པ་དང་། ཁྱིམ་བདག་གི་མིང་ལ་ཁྲང་ཧྥུའུ་ཟེར། ཁོ་ཚང་ནི་ཁྱད་དབུལ་ཁྱིམ་ཚང་ཡིན་པ་དང་། ཁང་བ་རྙིང་ལ་ཆར་བ་བབས་ཚེ་ག་ས་གང་དུ་ཐིགས་ཆུ་བཞུར་བཞིན་ཡོད། འོན་ཀྱང་། ཁྲང་ཧྥུའུ་ཡིས་ཁང་བ་བསྐྱར་ལས་བྱས་ན་མ་དངུལ་མང་པོ་དགོས་པར་སེམས་ཁྲལ་བྱས་ཏེ། ཁང་བ་བསྐྱར་ལས་བྱེད་ཀྱིན་མེད། “སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས”ཀྱིས་གནས་ཚུལ་རྒྱུས་ལོན་བྱས་རྗེས། ཟླ་ལྔ་བའི“ཏང་གི་ལས་དོན་གཏན་འཁེལ་ཉིན་མོ”རུ། ཏང་ཡོན་དང་མང་ཚོགས་ཀྱིས་མཉམ་དུ་དོན་དག་དེར་གྲོས་མོལ་བྱས་པ་མ་ཟད། ཉེན་ཁང་བསྒྱུར་བཀོད་ཀྱི་ཁ་གསབ་མ་དངུལ་སོགས་རོགས་སྐྱོར་གྱི་བྱེད་ཐབས་མང་པོ་བརྒྱུད་ནས་ཁྲང་ཧྥུའུ་ཚང་གི་ཁང་བ་བསྐྱར་ལས་བྱེད་པར་གྲོས་འཆམ་བྱུང་། ཟླ་ལྔ་བའི་ཟླ་མཇུག་ཏུ། ཁྲང་ཧྥུའུ་ཁང་བ་གསར་བའི་ནང་སྡོད་ཐུབ་པར་གྱུར་བ་དང་། ཁོའི་གདོང་ལ་བཅོས་མ་མིན་པའི་འཛུམ་གྱིས་ཁེངས་ཡོད་ལ། སེམས་ནས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོར་བཀའ་དྲིན་ཞུ་བཞིན་ཡོད་པ་མ་ཟད། ཁོའི་མ་འོངས་བའི་འཚོ་བར་ཡིད་ཆེས་དང་སྟོབས་ཤུགས་བསྩལ་བྱུང་།

ཏང་ཡོན་རྒན་པ་ལྷ་སྐྱབས་ཀྱིས་བཤད་རྒྱུར། དེ་སྔོན་སྡེ་བའི་ནང་གི་གནད་ཕིགས་དབུལ་སྐྱོར་གྱི་ཐོན་ལས་མ་དངུལ་ཇི་ལྟར་བཀོལ་སྤྱོད་བྱེད་པའི་ཐད་ཀྱང་།“ཏང་གི་ལས་དོན་གཏན་འཁེལ་ཉིན་མོའི”སྟེང་ཚོགས་འདུ་བསྡུས་ནས་གྲོས་མོལ་བྱས་ཏེ་གྲོས་འཆམ་བྱུང་བ་རེད། ཚང་མའི་རེ་བ་ལྟར། མཐར་མཇུག “སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས”ཀྱིས་བཞོན་མ་ཉོས་ནས་ཡིག་ཚགས་བཙུགས་ཏེ་བྱང་བུ་ལས་པ་དང་། དབུལ་ཐར་ཕྱུག་བསྒྱུར་བྱེད་པའི་ཐབས་ལམ་དུ་གཏན་འཁེལ་བྱས་པ་མ་ཟད། དབུལ་ཕོངས་མི་གྲངས་ལྟར་ཁྱིམ་ཚང་རེར་བཞོན་མ་བཞི་ནས་དྲུག་བགོ་བཤའ་བརྒྱབ། ད་ལྟ། སྡེ་བའི་ནང་གི་ཁྱད་དབུལ་ཁྱིམ་ཚང་བདུན་གྱིས་བེའུ་དང་འོ་མ་བཙོང་བ་དང་། དེ་མིན། མར་སོགས་བཙོང་བའི་ཐབས་ལ་བརྟེན་ནས་དབུལ་ཐར་བྱས་པ་མ་ཟད། འཚོ་བའི་ཆ་རྐྱེན་ལོ་རེ་བཞིན་ཇེ་བཟང་དུ་འགྲོ་བཞིན་ཡོད།

ཀ་རིང་ཞང་མར་ག་སྡེ་བའི་ཏང་ཀྲི་པུའུ་ཡི“ཏང་གི་ལས་དོན་གཏན་འཁེལ་ཉིན་མོའི”བྱ་འགུལ་ནི་རྫོང་ཡོངས་ཀྱི་ཞིང་སྡེ་བརྒྱ་དང་ང་བཞིའི་ཞིང་སྡེའི་ཏང་ཀྲི་པུའུ་ཡི་མཚོན་བྱེད་ཅིག་རེད།“ཏང་གི་ལས་དོན་གཏན་འཁེལ་ཉིན་མོའི”ལམ་ལུགས་ནི་ཞོན་ཧྭ་རྫོང་གི་གཞི་རིམ་ཏང་འཛུགས་བྱ་བའི་ནང་དོན་གལ་ཆེན་ཞིག་ཡིན་ལ། 2016ལོར་ལག་བསྟར་བྱས་པ་ནས་བཟུང་། རྒྱུན་ལུགས་ཅན་དང་ལམ་ལུགས་ཅན་གྱི་རྣམ་པ་ཆགས་ཡོད་ལ། ཏང་ཀྲི་པུའུ་ཡི་འཐབ་འཛིང་གི་བཙན་རྫོང་ནུས་པ་སྔར་ལས་ལྷག་པའི་སྒོ་ནས་འབུར་ཐོན་ཡིན་པ་དང་། ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་བྱེད་ནུས་སྔར་ལས་ལྷག་པས་ཇེ་དྲག་ཏུ་གྱུར་བས། མང་ཚོགས་ཀྱིས་ཀྲི་པུའུ་འགོ་ཁྲིད་ལ་བརྩི་བཀུར་དང་ཡིད་ཆེས་ཚད་ཀྱང་རིམ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད།

“ཏང་གི་ལས་དོན་གཏན་འཁེལ་ཉིན་མོའི”བྱ་འགུལ་སྤེལ་བའི་ཚུན་ལ། རྒྱུན་ལྡན་གྱི་སློབ་སྦྱོང་དང་ཏང་དངུལ་སྤྲོད་པ་སོགས་ཀྱི་ལས་དོན་ལས་གཞན། ང་ཚོས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པའི་གནད་དོན་དང་འཕྲད་པའི་དཀའ་ཁག་དག་གཙོ་གནད་དུ་བཟུང་ནས་བྱ་འགུལ་སྤེལ་བཞིན་ཡོད། བྱེད་ཐབས་འདི་ལ་ཚང་མས་རྒྱབ་སྐྱོར་ཐོབ་བཞིན་ཡོད་ལ། ཀྲི་པུའུ་འགོ་ཁྲིད་ལ་ཡང་སྔར་ལས་ཡིད་ཆེས་དང་ཡིད་ཚིམས་པར་གྱུར་ཡོད་པས། ང་ཚོའི་སྡེ་བའི་ལས་བྱེད་མི་སྣས་བྱ་བ་སྒྲུབ་པར་སྟབས་བདེ་གང་ལེགས་བསྐྲུན་ཡོད་ཞེས་ཤ་བོ་དོན་ཁོ་ཡིས་དེ་ལྟར་བཤད་བྱུང་ལ། མང་ཚོགས་ཚོས་ཀྱང་ནམ་རྒྱུན་ཏང་གི་ལས་དོན་གཏན་འཁེལ་ཉིན་མོར་རེ་ཞིང་སྒུག་ནས་ཡོད་པས། ཞོན་ཧྭ་ཀ་རིང་བོད་རིགས་ཞང་མར་ཀ་སྡེ་བའི་ཟླ་རེའི་ཏང་གི་ལས་དོན་གཏན་འཁེལ་ཉིན་མོའི་བྱ་འགུལ་འདི་ནི་མང་ཚོགས་ཀྱི་དོན་དངོས་བསྒྲུབ་པ་དང་། མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཏང་ཡོན་དང་མང་ཚོགས་བར་གྱི་བསམ་བློའི་སྦྲེལ་ཟམ་ལྟ་བུར་གྱུར་ཏེ། ད་ལྟའི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་དྲིལ་སྒྲོག་དང་བྱེད་ཐབས་ལ་ཕན་འབྲས་ཐོན་པར་གདོན་མི་ཟ།

ཏང་གི་ལས་དོན་གཏན་འཁེལ་ཉིན་མོར་བྱ་བ་གྲོས་བསྡུར་བྱེད་བཞིན་པ།

སྡེ་བའི་བུད་མེད་རྣམས་ཀྱིས་ཁོར་ཡུག་གཙང་སྦྲ་བྱེད་བཞིན་པ།

ལོ་ཙཱ་བ། ཤ་བོ་རིན་མཚོ།