ནད་ཀྱི་རྩ་བ་དེ་དབུལ་ཕོངས་ཀྱི་རྩ་བར་འགྱུར་མི་རུང་།
2018.08.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 48


“དེང་སྐབས་ནད་ལ་ལྟ་བར་སྨན་ཁང་དུ་སྡོད་པར་སྒོར་མོའི་འགྲོ་སོང་ཉུང་བས་ཁྱིམ་གྱི་འགན་ཁུར་ཡང་བ་དང་། སྨན་ཁང་གི་སྨན་བཅོས་ཆ་རྐྱེན་ཡང་སྔར་ལས་ཇེ་ལེགས་སུ་སོང་ཡོད་པས་ཏང་གི་སྲིད་ཇུས་དེ་ང་ཚོ་འབྲོག་པ་མང་ཚོགས་ལ་ཁེ་ཕན་ཆེན་པོ་ལྡན།” ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་སྐར་མ་སྡེ་བའི་སྡེ་མི་འོད་སྐྱིད་ཀྱིས་དེ་ལྟར་བཤད།

“མི་གཅིག་ལ་ནད་བྱུང་ཚེ་ཁྱིམ་ཚང་གཅིག་རྒུད་པར་བྱེད་པ”ནི་སྔོན་ཆད་ནད་ཀྱི་དབང་གིས་དབུལ་བོར་གྱུར་བའི་ཁྱིམ་ཚང་གི་གནས་ཚུལ་ངོ་མ་རེད། པད་མ་རྫོང་གིས་བདེ་ཐང་དབུལ་སྐྱོར་ཐད་རྒྱུན་ཆད་མེད་པར་ཡར་སྐུལ་བྱས་པ་དང་། འོད་སྐྱིད་ནི་དེ་ལས་ཁེ་ཕན་རེག་མཁན་ཁྲོད་ཀྱི་གཅིག་རེད།  ཁོ་ཚང་ལ་ཡིག་ཚགས་བྱང་བུ་བཟོས་ཡོད་ཅིང་སྡོམ་པས་ཁྱིམ་མི་བཞི་ཡོད་པ་དང་། མི་གསུམ་ལ་ཐུམ་འབུའི་ནད་བྱུང་ཡོད་པས་ཁོ་ཚང་ནི་དངོས་ནས་མིང་དོན་གཉིས་མཚུངས་ཀྱི་ནད་པའི་ཁྱིམ་ཚང་ཞིག་ཡིན། ཉིས་སྟོང་བཅུ་གཉིས་ལོ་ནས་བཟུང་སྟེ། སྨན་ཁང་དུ་བསྡད་དེ་སྨན་བཅོས་བྱས་པའི་ཚུན་ལ་སྨན་རིན་ནི་ཁོ་ཚང་གིས་སེམས་ཁྲལ་བྱ་ཡུལ་ཆེན་པོ་ཞིག་ཏུ་གྱུར་ཡོད།

ད་ལོའི་ཟླ་བཞི་བར། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དང་པདྨ་རྫོང་མི་དམངས་སྨན་ཁང་། པདྨ་རྫོང་ནད་རིགས་ཚོད་འཛིན་སྔོན་འགོག་ལྟེ་གནས་ཀྱི་སྨན་བཅོས་མི་སྣ་བཅས་ཀྱིས་རྫོང་ཡོངས་ཀྱི་ཐུམ་འབུའི་ནད་བྱུང་ཡོད་པའི་ནད་པ་རྣམས་ལ་བརྟག་དཔྱད་དང་གཤགས་བཅོས་སྨན་བཅོས་བྱས་ཤིང་། སྡོམ་པས་མི་ལྔ་བརྒྱ་དང་ང་བདུན་ལ་བརྟག་དཔྱད་བྱས་པ་དང་། དེའི་ནང་མི་ཉིས་བརྒྱ་དང་བདུན་ལ་ཐུན་འབུའི་ནད་ཡོད་པ་ཐག་གིས་བཅད་དེ་མི་བཅུ་གཉིས་ལ་གཤགས་བཅོས་བྱས་པའི་ཁྲོད་འོད་སྐྱིད་ཚང་ཡོད་པ་རེད། “ད་ལྟ་ཁྱིམ་མི་ཚོ་སྨན་ཁང་དུ་ཞག་སྡོད་བྱས་ཐེངས་རེར་གཤགས་བཅོས་ཐད་བཏང་བའི་སྨན་རིན་ཚང་མ་འགྲོ་སོང་རྩིས་ཞུ་བྱས་ཆོག་པ་རེད། ད་ལོར་ང་ཚོར་ད་དུང་མཚོ་བོད་ཐེབས་རྩ་ཚོགས་པའི་རོགས་སྐྱོར་སྒོར་མོ་ཁྲི་གཉིས་ཐོབ་པ་དང་། ད་ལྟ་སྲིད་ཇུས་ནི་བསྡད་ཀྱིན་བསྡད་ཀྱིན་ཤིན་ཏུ་བཟང་བས་རྗེས་ཕྱོགས་སུ་སྨན་ཁང་དུ་ཞག་སྡོད་བྱེད་པར་སེམས་ཁུར་བྱེད་མི་དགོས”ཞེས་འོད་སྐྱིད་ཀྱིས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད། པདྨ་རྫོང་དུ་ནད་ཀྱི་དབང་གིས་དབུལ་བོར་གྱུར་བའི་ཁྱིམ་ཚང་བརྒྱ་དང་ང་གཉིས་ཡོད་པ་དེ་སྡོམ་པས་མི་གྲངས་ལྔ་བརྒྱ་དང་གོ་བརྒྱད་ཡོད། ད་ལོ་ནས་བཟུང་སྟེ། པདྨ་རྫོང་གིས་དབུལ་ཕོངས་མང་ཚོགས་ཀྱིས་ནད་སྟོན་ཐུབ་པ་དང་ནད་ཡག་པོར་སྟོན་ཐུབ་པ།  ནད་སྟོན་པར་སྟབས་བདེ་བ་བཅས་དམིགས་འབེན་དུ་བཟུང་ནས། ཕྱོགས་ཡོངས་ནས“འཕྲི་བ་དྲུག”དང“ཁྱབ་པ་བཅུ།”ཁྱིམ་ཚང་གི་སྨན་པའི་མིང་རྟགས་འགོད་པ་སོགས་དམངས་ཕན་སྲིད་ཇུས་སྣ་ཚོགས་ལག་ཏུ་བསྟར།

“ཉེ་ལམ་ཕུང་བོ་མི་བདེ་བའི་གནས་ཚུལ་ཡོད་དམ། སྨན་ཁང་གིས་བྱིན་པའི་སྨན་དུས་ལྟར་འཐུང་གི་ཨེ་ཡོད། ”ཞང་འཕྲོད་བསྟེན་ཁང་གི་ལས་བྱེད་མི་སྣ་པ་སངས་དབང་མོ་ཡང་བསྐྱར་ཞབས་ཞུའི་མིང་རྟགས་འགོད་སའི་དབུལ་ཕོངས་ཁྱིམ་ཚང་འོད་སྐྱིད་ཚང་དུ་ཡོང་ནས་ཁོའི་ལུས་ཕུང་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཀྱིན་འདུག “ང་ཚོ་འཕྲོད་བསྟེན་ཁང་གིས་དབུལ་ཕོངས་མི་གྲངས་ཀྱི་ཁྱིམ་ཚང་ལ་མིང་རྟགས་འགོད་པའི་ཞབས་ཞུ་བཟང་བོ་བསྒྲུབས་ནས། དུས་རྒྱུན་དུ་དུས་ཚོད་གཏན་འཁེལ་གྱིས་བདེ་ཐང་འདྲི་རྟོག་དང་བདེ་ཐང་དོ་དམ། སྨན་བཀོལ་ལྟ་སྐུལ་སོགས་ཞབས་ཞུའི་བྱ་བ་ལེགས་པོར་སྤེལ་བཞིན་ཡོད།” པ་སངས་དབང་མོས་དེ་ལྟར་བཤད་ཞོར་དུ་འབྲི་དེབ་ཅིག་བླངས་ཡོང་བ་དང་། དེའི་སྟེང་དུ་དབུལ་ཕོངས་ནད་པའི་གནས་ཚུལ་དང་ཁྱིམ་ཚང་གི་གཞི་རྩའི་གནས་ཚུལ། ནད་ཀྱི་གནས་ཚུལ་དང་འགན་འཁུར་མཁན་གྱི་སྨན་པའི་གནས་ཚུལ་བཅས་རེ་རེ་བཞིན་གསལ་བོར་བྲིས་འདུག “དབུལ་ཕོངས་ཁྱིམ་ཚང་ལ་ཡིག་ཚགས་འཛུགས་པ་དང་དབྱེ་ཞིབ་བྱས་པ་བརྒྱུད་ང་ཚོས་ཁ་གཏད་རང་བཞིན་གྱིས་སྨན་བཅོས་དང་དྲག་སྐྱེད་འབྱུང་བར་ཕན་པ་དང་། ནད་པ་རེ་རེ་ལ་དུས་ལྟར་དུ་སྨན་བཅོས་དང་ཚད་ལྡན་གྱི་དོ་དམ་བྱེད་ཐུབ”ཟེར།   ད་ལོར་པདྨ་རྫོང་གི་ཞིང་དང་གྲོང་རྡལ། སྡེ་བ་བཅས་སུ་སྡོད་པའི་ལས་བྱེད་པས་ཁ་གཏད་རང་བཞིན་གྱིས་ཞབས་ཞུའི་མིང་རྟགས་བཀོད་པས། བདེ་ཐང་དབུལ་སྐྱོར་སྲིད་ཇུས་ལག་ཏུ་བསྟར་བར་ཕན་འབྲས་ལྡན་པའི་སྒོ་ནས་ཡར་སྐུལ་འདེད་བྱས་པ་དང་། མང་ཚོགས་ཀྱིས་མི་ཤེས་པའི་སྲིད་ཇུས་དང་སྨན་བཅོས་བྱས་རྗེས་འགྲོ་གྲོན་རྩིས་ཞུ་བྱེད་དཀའ་བའི་གནད་དོན་གཙོ་བོ་ཐག་གིས་བཅད་དེ། རོང་འབྲོག་པའི་དབུལ་ཕོངས་མི་གྲངས་ཀྱི་ཡིད་ཆེས་ཚད་དང་ཡོད་ཚིམ་ཚད་མཐོ་རུ་འདེགས་པར་ལམ་ལུགས་ཀྱི་རྒྱབ་རྟེན་འདོན་སྤྲོད་བྱས་པར་མ་ཟད། སྔོན་ལ་སྨན་བཅོས་བྱེད་པ་དང་རྗེས་སུ་རྩིས་ཐོ་འགོད་པའི་སྲིད་ཇུས་ལག་བསྟར་བྱས། དེ་ལྟ་བུའི་སྲིད་ཇུས་ནི་འོད་སྐྱིད་ཚང་ལྟ་བུར་མཚོན་ན་དངོས་ནས་དོན་དག་ཆེས་ལེགས་པོ་ཞིག་རེད།

བཟང་ལྡན་ཚང་ལ་མཚོན་ན་ཡང་ན་ཚའི་དབང་གིས་དབུལ་ཕོངས་སུ་གྱུར་བའི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་གྱི་ཁྱིམ་ཚང་ཞིག་ཡིན་ཞིང་། བུ་མོ་དང་ཆུང་མ་གཉིས་ལ་ཐུམ་འབུའི་ནད་བྱུང་ཡོད། “ཏང་གི་སྲིད་ཇུས་བཟང་བོ་འདིས་ང་ཚོ་དཀའ་ཁག་དང་ཡིད་ཆད་ཀྱིས་འཚོ་བའི་ཁྱིམ་ཚང་འདི་ལ་ཡང་བསྐྱར་རེ་བའི་འོད་ཟེར་མཐོང་དུ་བཅུག་སོང”ཞེས་བཟང་ལྡན་གྱིས་བཤད་བྱུང་།

                                                                                                                      ལོ་ཙཱ་བ། གཡང་འབུམ་རྒྱལ།