“མི་གཅིག་ཕྱུག་པོར་གྱུར་བ་ལ་ཕྱུག་པོ་མི་ཟེར། ཚང་མ་ཕྱུག་པོར་གྱུར་ན་དེ་ལ་ད་གཟོད་ཕྱུག་པོ་ཟེར། ”བཀྲ་ཤིས་ཚེ་འཕེལ་དང་འགྲོགས་ནས་སྡེ་བའི་ནང་ནས་སྐྱེ་ཁམས་གསོ་སྤེལ་ར་བར་བགྲོད་པའི་ལམ་བར་ནས་གསར་འགོད་པས་སྐད་ཆ་དེ་བཀྲ་ཤིས་ཚེ་འཕེལ་གྱིས་རང་དགར་བཤད་པ་ཨེ་ཡིན་བསམ་ཞིང་། དེ་ནས་ཅུང་མཚར་སྣང་དང་བཅས་ཏེ། “དེས་ན་ཕྱུག་པོ་ཅི་ལྟ་བུ་ཞིག་ནི་ཁྱོད་ཀྱི་སེམས་གཏིང་གི་ཕྱུག་པོ་ཟེར་བ་དེ་ཡིན་ནམ”ཞེས་དྲིས་པར། བཀྲ་ཤིས་ཚེ་འཕེལ་དགོད་ཞོར་དུ་ལན་ཅི་ཡང་བཏབ་མ་སོང་།
སྐྱེ་ཁམས་གསོ་སྤེལ་ར་བར་ཐོན་མ་ཐག་ཚང་མས་བཀྲ་ཤིས་ཚེ་འཕེལ་གྱི་མཐའ་སྐོར་ནས་ཁོ་དང་ཁ་བརྡ་བྱེད་མགོ་བརྩམས་པ་རེད། སྐྱེ་ཁམས་ར་བ་དེ་ནི་བཀྲ་ཤིས་ཚེ་འཕེལ་གྱིས་སྡེ་མི་ཡོངས་ཀྱི་སྣེ་ཁྲིད་དེ་འཛུགས་སྐྲུན་བྱས་པ་ཞིག་ཡིན་ཞིང་། དེ་ནི་དངོས་ནས་ཁོས་ཚང་མའི་སྣེ་ཁྲིད་དེ་འཚོལ་སྙེག་བྱས་པའི་ཕྱུག་འགྱུར་གྱི་ལམ་བུ་ཞིག་རེད། བོད་ལྗོངས་སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་དུང་རུ་སྡེ་བའི་ནུབ་བྱང་ཕྱོགས་སུ་སྤོ་བོ་རྫོང་མཁར་ཆགས་ཡོད་པ་དང་ནུབ་ཕྱོགས་སུ་བར་ལུང་གཙང་བོ་ནུབ་ཀྱི་ཕྱོགས་སུ་ལྷུང་ལྷུང་དུ་འབབ་ཀྱིན་ཡོད། བོད་ལྗོངས་སུ་འགྲོ་འོང་བྱེད་པའི་གཞུང་ལམ་གཙོ་བོ་སྟེ་རྒྱལ་ལམ་གསུམ་གཅིག་བརྒྱད་དུང་རི་སྡེ་བ་བརྒྱུད་ནས་འཐེན་ཡོད། ད་ལྟ་ལོ་ན་ང་ལྔར་སོན་པའི་བཀྲ་ཤིས་ཚེ་འཕེལ་ཀྱིས་རང་ལོ་ཉི་ཤུའི་སྟེང་ནས་བཟུང་སྡེ་བའི་ལས་བྱེད་པའི་འགན་ཁུར་བ་དང་། སྡེ་བའི་ཀྲི་པུའུ་ཧྲུའུ་ཅིའི་འགན་ཡང་ལོ་ངོ་བཅུ་ལྷག་ལ་ཁུར་མྱོང་། སྔོན་ཆད་ཀྱི་དུང་རུ་སྡེ་བ་ནི་ཁྱིམ་ཚང་རེ་ལ་ཞིང་ས་མུའུ་ཉུང་ཙམ་ལས་མེད་པ་དང་དེའི་སྟེང་དུ་ནས་འདེབས་ཀྱིན་ཡོད་པས། ལོ་གཅིག་ལ་དཀའ་བ་སྤྱད་ནའང་ཡོང་སྒོ་སྒོར་མོ་བརྒྱ་ཚོ་འགའ་ལས་མེད། ཐག་ཉེ་བའི་སྤོ་བོ་རྫོང་མཁར་ནི་དཔལ་འབྱོར་རྗེས་ལུས་ཡིན་སྟབས་མི་རྣམས་ལས་ཀ་སྣ་ཚོགས་སུ་ཞུགས་པའི་གོ་སྐབས་ཉུང་བས་སྡེ་མི་རྣམས་ཀྱང་ཁོམ་ནས་འདུག་པ་ལས་གཞན་ཕྱི་ཕྱོགས་སུ་ཞོར་ལས་སུ་འགྲོ་མཁན་གཅིག་ཀྱང་མེད།
བཀྲ་ཤིས་ཚེ་འཕེལ་གྱིས་སྡེ་བ་དང་ཐག་ཉེ་བའི་བར་ལུང་གཙང་བོའི་ཐོན་ཁུངས་ཆ་རྐྱེན་བེད་སྤྱད་དེ། རྣམ་པ་ཆུང་བའི་རྡོ་འཐགས་བཟོ་གྲྭ་ཞིག་བསྒྲུབས། རྡོ་འཐགས་བཟོ་གྲྭ་དེའི་གཞི་རྒྱ་ཆེ་རྒྱུ་མེད་པས་སྡེ་བའི་ནང་ནས་ལས་བཟོ་བ་བསྡུས་ཏེ་ཞོར་ལས་གཉེར་དུ་འཇུག་པའི་ལས་རྐང་ལ་ཚད་ཡོད་པས། སྡེ་བའི་ནང་གི་མི་མང་པོ་ཞིག་སྔར་བཞིན་ཉིན་རྒྱུན་དུ་ཇ་འཐུང་ནས་འདུག་པ་དང་ཡང་ན་ཡར་མར་ལ་མྱུལ་ནས་ཉི་མ་གཏོང་ཐབས་བྱས་ནས་བསྡད་ཡོད། དེ་བས་བཀྲ་ཤིས་ཚེ་འཕེལ་གྱིས་སྡེ་བའི་ལས་བྱེད་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་མཉམ་དུ་ཇི་ལྟར་བྱས་ན་ད་གཟོད་སྡེ་མི་ཚང་མ་འབྱོར་ཕྱུག་གི་ལམ་དུ་བསྐྱོད་ཐུབ་པའི་ཐད་ལ་གྲོས་བསྡུར་བྱས།
རྫོང་མཁར་དུ་ཉིན་ཤས་ལ་སྐོར་བ་བྱས་རྗེས། བཀྲ་ཤིས་ཚེ་འཕེལ་གྱིས་རྫོང་མཁར་གྱི་ཚོང་རའི་ནང་གི་སྔོ་ཚོད་རིགས་འདོན་སྤྲོད་བྱས་པ་མི་འདང་བའི་གནས་ཚུལ་ཤེས་རྗེས། ཕྱིར་སྡེ་བའི་ནང་དུ་ཡོང་ནས་སྡེ་མི་རྣམས་མཉམ་གཅིག་ཏུ་བསྡུས་ནས་ཚང་མར་སྔོ་ཚོད་འདེབས་པའི་ཕྱོགས་ལ་གྲོས་བསྡུར་བྱས།
སྒོར་མོས་མི་འདང་ན་ཚང་མས་མཉམ་གཅིག་ཏུ་བཙལ་དགོས་པའི་གྲོས་ཐག་བཅད་རྗེས། བཀྲ་ཤིས་ཚེ་འཕེལ་དང་སྡེ་བའི་ལས་བྱེད་པ་རྣམས་སྡེ་བའི་ཁྱིམ་ཚང་རེ་རེར་སོང་ནས་སྡེ་བའི་ཁྱིམ་ཚང་ལྔ་བཅུ་ནས་སྡོམ་པས་སྒོར་མོ་ཁྲི་གཉིས་བསྡུས། དེས་སྔོ་ཚོད་འདེབས་སའི་དྲོད་ཁང་གཅིག་མ་གཏོགས་ལས་ཐུབ་ཀྱི་མེད་པས་བཀྲ་ཤིས་ཚེ་འཕེལ་རྫོང་དང་གྲོང་རྡལ་སོགས་སུ་སོང་ནས་འབྲེལ་ལམ་བཙུགས་པ་དང་། རང་ཉིད་ཀྱིས་ཀྱང་ལོ་ངོ་མང་པོར་གསོག་པའི་མ་དངུལ་ཚང་མ་བཏོན་ནས་སྔོ་ཚོད་འདེབས་སའི་དྲོད་ཁང་དྲུག་ཙམ་ལས་ཏེ་ས་གནས་དེའི་ཐོག་དང་པོའི་སྔོ་ཚོད་འདེབས་འཛུགས་བྱེད་ས་ཐོག་མ་དེ་གཞི་ཚུགས་པར་བྱས།
ལག་རྩལ་གྱི་ཕྱོགས་ནས་མི་འདང་བས་ཁོས་ལག་རྩལ་ཆེད་མཁས་པ་ཞིག་དང་མཉམ་འབྲེལ་བྱས་ནས། ཆེད་ལས་ལག་རྩལ་པ་དེ་དང་མཉམ་དུ་ཁོས་ཀྱང་ལག་རྩལ་སྣ་ཚོགས་ལ་སྦྱང་བ་བྱས་མཐར་དུས་ཡུན་རིང་པོ་མ་སོང་བར་བཀྲ་ཤིས་ཚེ་འཕེལ་རང་ཉིད་ནས་འདེབས་འཛུགས་སྐོར་གྱི་ལག་རྩལ་རིགས་སྣ་ཚོགས་ཁོང་དུ་ཆུད་ཐུབ་པ་བྱུང་། ད་ལོའི་ཟླ་གཉིས་པར་སྤོ་བོ་རྫོང་དུ་ཁ་བ་ཆེན་པོ་ཐེངས་ཤིག་བབས་པས་དུང་རུ་སྡེ་བའི་སྔོ་ཚོད་འདེབས་སའི་དྲོད་ཁང་ཚང་མ་ཁ་བས་མནན་སོང་། སྐབས་དེར་བཀྲ་ཤིས་ཚེ་འཕེལ་གྱིས་མྱུར་དུ་སྡེ་བའི་ནང་གི་ཏང་ཡོན་ལས་བྱེད་པ་རྣམས་ཁྲིད་ནས་སྔོ་ཚོད་འདེབས་འཛུགས་ར་བར་སོང་ནས་ཁངས་ཕྱགས་པ་བཅས་བྱས་ནས་ཁངས་གནོད་ཐེབས་པའི་སྔོ་ཚོད་འདེབས་འཛུགས་ར་བའི་ནང་གི་དྲོད་ཁང་དེ་དག་མྱུར་སྐྱོབ་བྱས།
སེམས་ཞིབ་མོས་བདག་སྐྱོང་བྱས་འོག རིམ་པ་དང་པོའི་སྐྱེ་ལྡན་སིལ་ཏོག་རིགས་ཤིག་ཚོང་རར་འདྲེན་ཐུབ་པ་བྱུང་བ་དང་། དེས་རྫོང་མཁར་གྱི་མི་དང་གནས་སྐོར་བ་མང་པོ་ཞིག་ཚུར་འགུག་བྱེད་ཐུབ་པ་བྱུང་ཞིང་། ལོ་ཕྱེད་ཙམ་མ་འགོར་བར་ཁོ་ཚོའི་འདེབས་འཛུགས་ར་བ་དེར་སྒོར་མོ་འབུམ་གཅིག་དང་ཁྲི་གཅིག་གི་ཡོང་སྒོ་ཡོད་པ་དང་། ཁྱིམ་ཚང་རེ་རེ་ལ་སྒོར་མོ་སྟོང་ཚོ་གསུམ་རེའི་བགོ་བྱ་རྒྱག་ཐུབ་པ་བྱུང་བས་སྡེ་མི་རྣམས་ཀྱིས་ཡང་བསྐྱར་མ་དངུལ་བཏང་སྟེ་འདེབས་འཛུགས་ར་བ་དེའི་གཞི་ཁྱོན་སྔར་ལས་རྒྱ་ཆེ་རུ་བསྐྱེད། ད་ལྟ་འདེབས་འཛུགས་ར་བ་དེའི་ནང་ཡོངས་སུ་སིལ་ཏོག་རིགས་སྣ་ཚོགས་ཀྱིས་ཁེངས་འདུག “ཕྱུག་འགྱུར་གྱི་ལམ་དུ་གཅིག་ཀྱང་ཆད་མི་རུང”ཟེར་ནས། བཀྲ་ཤིས་ཚེ་འཕེལ་གྱིས་སྡེ་བའི་ལས་བྱེད་པ་རྣམས་དང་གྲོས་མོལ་བྱས་རྗེས་ཡོང་སྒོ་ཚང་མ་རིགས་གསུམ་དུ་བགོས་ནས་ཡོང་སྒོ་མང་ཆེ་བ་སྔོ་ཚོད་འདེབས་འཛུགས་ར་བ་དེར་མ་རྐང་བཏང་ཡོད་པའི་སྡེ་མི་རྣམས་ལ་བགོ་བཤའ་རྒྱག་པ་དང་། ཡོང་སྒོ་སྐོར་ཞིག་ཡང་བསྐྱར་ཐོན་སྐྱེད་ཀྱི་ཕྱོགས་སུ་བཀོལ་བ། དེའི་འཕྲོ་མ་རྣམས་ཆེད་དུ་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་རྣམས་ལ་བགོ་བཤའ་རྒྱག་བཞིན་ཡོད།
དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་སྐྱེ་ཁམས་འདེབས་འཛུགས་ར་བ་དེར་ལྟ་ཞོར་དུ་བཀྲ་ཤིས་ཚེ་འཕེལ་ལ་ཡང་བསྐྱར་བསམ་ཕྱོགས་གསར་བ་ཞིག་འདུག་པ་ནི། ཁོ་ཚོ་སྡེ་བའི་ཁྱིམ་ཚང་རེ་རེར་སྔོ་ཚོད་འདེབས་འཛུགས་སྐོར་གྱི་ལག་རྩལ་ཁོང་དུ་ཆུད་པར་བྱེད་རྒྱུ་དེ་རེད། མཇུག་མཐར་བཀྲ་ཤིས་ཚེ་འཕེལ་གྱིས་བཤད་རྒྱུར། “རྗེས་ཕྱོགས་སུ་ང་ཚོས་སྔོ་ཚོད་འདེབས་པའི་གཞི་རྒྱ་མུ་མཐུད་དུ་ཆེ་རུ་བཏང་ན་ཡོང་འབབ་ཡང་མང་པོ་ཡོད་པས་འཚོ་བ་ནི་བསྡད་ཀྱིན་བསྡད་ཀྱིན་ཇེ་སྐྱིད་དུ་འགྲོ་ངེས་རེད”ཟེར།
ལོ་ཙཱ་བ། གཡང་འབུམ་རྒྱལ།