བརྗིད་ཉམས་ལྡན་པའི་རྨ་ཆེན་གངས་རིའི་འདབས་རོལ་དུ་གནས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་དུ། མཛེས་སྡུག་ཡིད་དུ་འོང་བའི་ལྷ་སྒྲུང་ཡག་པོ་ཞིག་ག་ས་གང་དུ་ཁྱབ་ཡོད། རྩྭ་ཆུ་ཕུན་སུམ་ཚོགས་ཤིང་རི་བོ་བརྗིད་ཉམས་ལྡན་པའི་ཡུལ་གྲུ་འདིའི་སྟེང་གི་རི་བོ་རེ་རེར་གེ་སར་རྒྱལ་པོའི་གཏམ་རྒྱུད་འདུས་ཤིང་། རྩྭ་ཐང་རེ་རེར་གེ་སར་རྒྱལ་པོའི་རྐང་རྗེས་ཕབ་ཡོད་ལ། སྦྲ་གུར་རེ་རེར་གེ་སར་སྒྲུང་གི་དབྱངས་རྟས་ཁྱབ་ཡོད། གནས་འདིའི་ཕོ་མོ་རྒན་གཞོན་ཀུན་གྱི་སེམས་སུ་གནས་འདི་ནི་འཛམ་གླིང་གེ་སར་རྒྱལ་བོའི་འཁྲུངས་གནས་ཡིན་པ་དང་། རང་ཉིད་ནི་གེ་སར་ལོ་རྒྱུས་ཁྲོད་ཀྱི་དཔའ་རྟུལ་ཆེ་གེ་མོ་དང་ཡང་ན་མཛེས་མ་ཆེ་གེ་མོའི་ཡང་སྤྲུལ་ཡིན་པར་ཡིད་ཆེས་བརྟན་པོ་ཡོད་པས། གེ་སར་རིག་གནས་སྲུང་སྐྱོབ་བྱེད་རྒྱུ་ནི་གནམ་རྒན་མས་ཁོ་ཚོར་བསྩལ་བའི་འགན་འཁྲི་བླ་ན་མེད་པ་ཞིག་ཡིན་པར་འདོད་ཀྱིན་ཡོད། གནས་འདིའི་གཞོན་སོ་དཀར་གྱི་བྱིས་པ་ནས་རྒན་མགོ་དཀར་གྱི་ལོ་ལོན་སུ་ཞིག་ཡིན་རུང་གེ་སར་རྒྱལ་པོའི་གཏམ་རྒྱུད་ལ་དད་མོས་དང་དགའ་གུས་བརྗོད་མི་ཤེས་པ་ཞིག་བྱེད་ཀྱིན་ཡོད་པས། གེ་སར་རྒྱལ་པོའི་གཏམ་རྒྱུད་ཐུང་ཐུང་རེ་བཤད་མི་ཤེས་མཁན་དང་གླུ་ཨ་ལ་ལ་མོ་ངག་ལ་གྱེར་མི་ཤེས་མཁན་གཅིག་ཀྱང་མེད་ཅེས་བཤད་ཆོག
གནས་འདི་རུ་ས་གནས་ཀྱི་དགོན་པ་དང་འབྲོག་པ་མང་ཚོགས་ཀྱིས་གྲུབ་པའི་རྟ་ཐོག་གི་འཁྲབ་སྟོན་ཚོགས་པ་ཞིག་ཡོད་ལ། དེས་མི་རབས་ནས་མི་རབས་བརྒྱུད་དེ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་སྙན་ངག་རིང་མོ་སྟེ་འཛམ་གླིང་གེ་སར་རྒྱལ་པོའི་ངོ་མཚར་བའི་མི་ཚེའི་བརྒྱུད་རིམ་རྟ་ཐོག་ཏུ་འཁྲབ་སྟོན་བྱེད་ཀྱིན་ཡོད་པ་དང་། འཁྲབ་སྟོན་པ་མང་ཆེ་ཤོས་ལ་འཁྲབ་ཡོན་གང་ཡང་མེད་པར་རང་ཉིད་ཀྱི་དགའ་ཕྱོགས་དང་འོས་འགན་ཁོ་ནར་བསྟེན་ནས་མི་རབས་ནས་མི་རབས་བར་གེ་སར་རིག་གནས་སྲུང་སྐྱོབ་བྱེད་ཀྱིན་ཡོད།
གླིང་སྒྲུང་ནི་རང་རེའི་བོད་ཀྱི་རྒྱུན་རིང་བའི་ལོ་རྒྱུས་དང་འོད་སྟོང་འབར་བའི་རིག་གནས་ཁྲོད་ཀྱི་མུ་ཏིག་རྡོག་གཅིག་ཡིན་ལ། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་མཚོན་རྟགས་ཀྱང་ཡིན་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ནང་གི་གྲུབ་ཆ་མེད་དུ་མི་རུང་བ་ཞིག་ཀྱང་ཡིན། ང་ཚོ་མི་སུ་དང་སུ་ཞིག་ཡིན་རུང་དེ་ལ་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་འོས་འགན་ཡོད། ང་རང་ཉིད་ཀྱིས་ཀྱང་ཆུང་དུས་ནས་གླིང་སྒྲུང་ལ་ཉན་བཞིན་གེ་སར་རྒྱལ་པོའི་ཞུམ་པ་མེད་པའི་སྤོབས་པ་དང་། དགྲ་ལ་སྡང་ཞིང་འབངས་ལ་བྱམས་པའི་མི་གཤིས་གཙང་མ། བཙན་པོ་གཉའ་ནས་གནོན་ཞིང་གཉོམ་ཆུང་མཐའ་ནས་སྐྱོང་བའི་བློ་ཁོག་ཡངས་པོ་བཅས་ལ་རྗེས་སུ་ཡི་རངས་བྱེད་ཀྱིན་ནར་སོན་པས། གེ་སར་རིག་གནས་ལ་དུང་བ་བླ་ན་མེད་པ་ཞིག་ཡོད། ཐེངས་འདིར་གེ་སར་གྱི་ཕ་ཡུལ་སྟེ་མགོ་ལོག་དགའ་བདེ་རྫོང་དུ་བཅར་འདྲིར་འགྲོ་བའི་གོ་སྐབས་བེད་སྤྱད་དེ། རྟ་ཐོག་ནས་མི་རིགས་ཀྱི་དཔའ་བོའི་ངོ་མཚར་གཏམ་རྒྱུད་འཁྲབ་སྟོན་བྱེད་ཀྱིན་པའི་འཁྲབ་སྟོན་ཚོགས་པ་དེའི་བརྗིད་ཉམས་ཉམས་སུ་མྱོང་ཐུབ་པའི་རེ་བ་བླ་ལྷག་བཅངས་མོད། འོན་ཀྱང་དུས་དང་བགོ་སྐལ་གྱི་དབང་གིས་ཉམས་སུ་མྱོང་བའི་སྐལ་བ་མ་བྱུང་ནའང་། དགའ་བདེ་རྫོང་རིག་གནས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱི་མཚམས་སྦྱོར་ཞིབ་མོའི་འོག་རྟ་ཐོག་འཁྲབ་སྟོན་ཚོགས་པའི་ངོ་མཚར་བའི་གཏམ་རྒྱུད་མང་པོ་ཐོས་པས་དགའ་བ་འབུམ་གྱིས་མྱོས།
ཤ་ཚང་རྟ་ཐོག་འཁྲབ་སྟོན་ཚོགས་པ་ནི་རྟ་ཐོག་ཏུ་འཁྲབ་སྟོན་བྱེད་ཀྱིན་པའི་དབང་གིས་དེ་ལྟར་འབོད་ཅིང་། ཁོ་ཚོས་བརྗིད་ཉམས་ལྡན་པའི་རྨ་ཆེན་གངས་རི་རྒྱབ་ལྗོངས་སུ་བྱས་ནས། མཐའ་ཡས་པའི་རྩྭ་ཐང་གར་སྟེགས་སུ་བརྩིས་ཏེ་གེ་སར་རྒྱལ་པོའི་ངོ་མཚར་བའི་གཏམ་རྒྱུད་མི་རབས་ནས་མི་རབས་བར་བརྒྱུད་བསྒྲགས་དང་རྒྱུན་འཛིན་བྱེད་ཀྱིན་ཡོད།
ཤ་ཚང་རྟ་ཐོག་ཟློས་གར་ཚོགས་པའི་བྱུང་ཚུལ་གྱི་སྐོར་གླེང་སྐབས། དགའ་བདེ་རྫོང་རིག་གནས་ཡི་ཅུའུ་ཀྲང་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱིས་བཤད་རྒྱུར། ཤ་ཚང་རྟ་ཐོག་འཁྲབ་སྟོན་ཚོགས་པའི་ཁུངས་དེད་ན1915ནས་བཟུང་སྟེ་བཤད་དགོས་ཏེ། 1903ལོར་ཨ་གེའི་ཨ་བོ་ཞེས་པའི་སྐྱེས་བུ་དམ་པ་ཞིག་ཤ་ཚང་ཚོ་བར་སྐུ་བསྟམས་ཤིང་། བཤད་ཚུལ་ལ་ཁོང་ནི་གླིང་རྒྱལ་རབས་ཀྱི་དཔའ་རྟུལ་སུམ་བཅུའི་ཡ་གྱལ་སྟེ་མི་ཆུང་ཁ་བདེའི་ཡང་སྤྲུལ་ཡིན་པར་བཤད་པས། ཆུང་དུས་ནས་གསོ་བ་རིག་པ་དང་གནམ་རིག་སྐར་རྩིས་སོགས་མ་བསླབ་ཁོང་དུ་ཆུད་ཅིང་། ལོ་བཅུ་གཉིས་ཀྱི་སྟེང་ནས་གེ་སར་སྒྲུང་གི《སོག་པོ་རྟ་རྫོང》ཤར་མར་འབྲི་ཐུབ་པ་བྱུང་བས། 1915ལོ་ནས་བཟུང་ཤ་ཚང་ཚོ་བར་དུས་ཆེན་གྱི་སྐབས་སུ་གེ་སར་རྒྱལ་པོའི་ཟློས་གར་འཁྲབ་སྟོན་བྱེད་པའི་གོམས་སྲོལ་ཞིག་ཆགས། རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་འཁྲབ་སྟོན་བྱེད་མཚམས་མི་འཇོག་ཐབས་མེད་བྱུང་ནའང་། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་སྲིད་ཇུས་གསར་བའི་འོད་ཟེར་ཕྱོགས་བཞིར་རྣམ་པར་འཕྲོས་ཏེ། མི་རིགས་རང་གི་རིག་གནས་དང་ཆོས་ལུགས་གོམས་སྲོལ་གྱི་བཀོལ་སྤྱོད་ཐད་རང་མོས་རང་དབང་ཅུང་ཟད་བྱུང་བར་བརྟེན། གནས་དེའི་མང་ཚོགས་ཀྱི་སེམས་སུ་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་འཛམ་གླིང་སྟེང་ཆེས་རིང་བའི་ལོ་རྒྱུས་སྙན་རྩོམ་ཡིན་པ་ལས་གཞན། གླིང་གེ་སར་རྒྱལ་བོ་ནི་འཛམ་གླིང་ཞི་བདེ་དང་འགྲོ་བའི་བདེ་སྐྱིད་ཀྱི་སླད་དུ་ཕྱོགས་བཞིའི་དགྲ་རྣམས་བཏུལ་ནས་འགྲོ་བ་བྱམས་ཀྱིས་སྐྱོང་མཁན་ཞིག་ཡིན་པས། ཡང་བསྐྱར་འཁྲབ་སྟོན་བྱེད་མགོ་བརྩམས་པ་རེད། རྗེས་སུ་རྫོང་རིག་སློབ་དང་ཚན་རྩལ་ཅུའུ་ཡི་ཆོག་མཆན་བཀོད་པ་བརྒྱུད་དེ། 1995ལོ་ནས་བཟུང་ཤ་ཚང་རྟ་ཐོག་འཁྲབ་སྟོན་ཚོགས་པ་དངོས་སུ་བཙུགས་ཤིང་།ཚོགས་པ་འདི་ནི་རང་རྒྱལ་གྱི་རྟ་ཐོག་ནས་འཁྲབ་སྟོན་བྱེད་པའི་དམངས་ཁྲོད་ཀྱི་འཁྲབ་སྟོན་ཚོགས་པ་ཐོག་མ་ཡིན་པས། ཚོགས་པ་བཙུགས་པའི་ཉིན་དེར་རྒྱལ་ཡོངས《གེ་སར》བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དང་།《ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གེ་སར་ཞིབ་འཇུག་ལྟེ་གནས》གཉིས་ཀྱིས་གློག་འཕྲིན་བཏང་ཡོང་ནས་རྟེན་འབྲེལ་ཞུས་ཤིང་། 1997ལོའི་ཟླ6པར་ཤ་ཚང་རྟ་ཐོག་འཁྲབ་སྟོན་ཚོགས་པར་རྒྱལ་ཁབ་རིག་གནས་པུའུ་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས།ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་བཅས་ཀྱིས“སྔོན་ཐོན་ཐུན་མོང་གི་བྱ་དགའ”གནང་ཞིང་། ད་ལྟ་ཀྲུང་གོ་རྒྱལ་ཁབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ནང་དུ་བཞག་ཡོད།
རྟ་ཐོག་འཁྲབ་སྟོན་ཚོགས་པར་ད་ལྟ་འཁྲབ་སྟོན་པ་བཞི་བཅུ་ཞེ་ལྔ་ཡོད་པ་དང་།རྟ་སུམ་ཅུ་སོ་ལྔ་དང་འཁྲབ་སྟོན་གྱོན་ཆས་བརྒྱ་དང་བཅུ་ཡོད་ལ། སྔ་གཞུག་ཏུ་ཁུལ་དང་རྫོང་སོ་སོར་སོང་ནས་ཐེངས་བརྒྱ་ལྷག་ལ་འཁྲབ་སྟོན་བྱས་པས། ས་གནས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་ལ། གླིང་སྒྲུང་འཁྲབ་སྟོན་ནི་ས་གནས་མང་ཚོགས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཏུ་གྱུར་ཅིང་། གླིང་རྗེ་གེ་སར་རྒྱལ་བོའི་རླབས་ཆེན་མཛད་འཕྲིན་མི་ཉམས་གོང་དུ་སྤེལ་བར་ཕན་འབྲས་བསམ་གྱིས་མི་ཁྱབ་པ་བསྐྲུན་ཡོད་པ་དང་། དུས་མཚུངས་སུ་མི་རབས་ནས་མི་རབས་བར་རྒྱུན་མི་ཆད་པར་འཛིན་སྐྱོང་དང་མི་ཉམས་གོང་དུ་འཕེལ་བར་ཕན་ནུས་བླ་ན་མ་མཆིས་པ་ཡོད་ངེས་ཤིང་།རང་བྱུང་གི་བྲོ་བ་མ་ཡལ་བའི་འཁྲབ་སྟོན་དེ་རང་བྱུང་གི་ཆ་རྐྱེན་ཞན་པའི་ཡུལ་གྲུ་འདིའི་སྟེང་གི་མང་ཚོགས་ཀྱི་བསམ་བློའི་ལོངས་སྤྱོད་ཅིག་ཏུ་གྱུར་ཡོད་པར་མ་ཟད།རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་དང་ཞིབ་འཇུག་པ་རྣམས་ཀྱི་ཞིབ་འཇུག་བྱ་ཡུལ་དུའང་གྱུར་ཡོད།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།