ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་ཧུར་ཐག་འབད་འཐབ་ཀྱི་སྒོ་ནས་ཏང་འཛུགས་སྐྲུན་གྱི་ལྷང་ངེ་ས་གསར་པ་བསྐྲུན་པ་དང་། མཐའ་འཁོར་གྱི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དཔལ་བན་ཚང་ཞང་དང་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་ཆོས་རྗེ་མ་ཞང་དང་མཉམ་དུ་སྒྲིག་འཛུགས་བྱས་པའི་ཞིང་ཆེན་གསུམ་གྱི་ས་ཁོངས་ལས་བརྒལ་ནས་མཉམ་འབྲེལ་སྒྲུབ་གཉེར་བྱས་པའི་ཏང་རྩ་འཛུགས་དེས་མཐུན་སྒྲིལ་གྱི་དཔུང་རྡང་མཉམ་གཤིབ་ཀྱི་སྒོ་ནས“རྩ་འཛུགས་མཉམ་དུ་སྐྲུན་པ། ཏང་ཡོན་མཉམ་དུ་དོ་དམ། ལས་བྱེད་མཉམ་དུ་གསོ་སྐྱོང་། འཕེལ་རྒྱས་མཉམ་དུ་བརྩོན་ལེན། དཀའ་ངལ་མཉམ་དུ་རོགས་རམ། ཐོན་ཁུངས་མཉམ་དུ་ལོངས་སྤྱོད”བྱེད་པ་སོགས་ཀྱི་ཐུན་མོང་གི་དམིགས་འབེན་ལ་དམ་པོར་དམིགས་ཏེ། ཕན་ཚུན་གྱི་སྟོབས་ཤུགས་མཉམ་སྒྲིལ་གྱིས་ས་ཁོངས་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས་པ་དང་། རྒྱུན་ཆད་མེད་པར་མི་རིགས་ས་ཁུལ་གྱི་འཆམ་མཐུན་བརྟན་བརླིང་གི་ལས་དོན་ཕྱོགས་ལ་ཡར་སྐུལ་བྱས་པས། དངོས་གནས་ཁ་ཙམ་ཚིག་ཙམ་མ་ཡིན་པར་ས་མཚམས་བརྒལ་བའི་རིགས་འདྲ་མིན་སྣ་ཚོགས་ཀྱི་འགལ་ཟླ་རྩོད་གླེང་གི་གནད་དོན་མཐའ་དག་ལེགས་པར་ཐག་གཅོད་བྱས་པར་མ་ཟད། ཏང་དང་མང་ཚོགས་དང་། ལས་བྱེད་པ་དང་མང་ཚོགས་བར་གྱི་མཛའ་གཅུགས་མཐུན་སྒྲིལ་འབྲེལ་བ་སྔར་ལས་ཟབ་ཅིང་སྔར་ལས་དམ་པོར་བཏང་བ་རེད།
ང་ཚོས་དེའི་ཕྱོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཉམ་འབྲེལ་སྒྲུབ་གཉེར་བྱས་པའི་ཏང་རྩ་འཛུགས་དེས་དུས་ངེས་གཏན་གྱི་ནང་དུ་དོན་སྙིང་ཅན་གྱི་རྩ་འཛུགས་འཚོ་བ་རོལ་བ་དང་། སློབ་སྦྱོང་སྤེལ་རེས་བྱེད་པ་། སློབ་གསོ་གསོ་སྦྱོང་བྱེད་པ་། རང་འདོད་ལྟར་མ་སྐུལ་དང་བླངས་ཀྱིས་ཞབས་འདེགས་ཞུ་བ་སོགས་རྣམ་པ་སྣ་མང་གི་བྱེད་སྟངས་ཅི་རིགས་སྤེལ་ནས། བྱ་བའི་འཁོར་སྐྱོད་ནང་རྐྱེན་འཛུགས་པའི་ཐད་ལ་ཧུར་ཐག་འབད་འཐབ་ཀྱི་སྒོ་ནས་འཚོལ་ཞིབ་བྱས་ཤིང་། ས་ཁོངས་དེ་གའི་རང་ཉིད་མཐུན་སྦྱོར་གྱི་ནུས་པ་དང་རང་ཉིད་དོ་དམ་གྱི་ནུས་པ་མཐོར་འདེགས་གཏོང་རྒྱུ་དེ་མཉམ་སྐྲུན་གྱི་ནང་དོན་གལ་ཆེན་ནང་གི་འགངས་ཆེན་ཞིག་ཏུ་བརྩིས་ནས་བཟུང་ཡོད་པ་རེད། དེ་དང་ཆབས་ཅིག་ཏུ། མཉམ་འབྲེལ་སྒྲུབ་གཉེར་བྱས་པའི་ཏང་རྩ་འཛུགས་དེས“རིམ་མཚུངས་མཉམ་འབྲེལ”ཞེས་པའི་སྒྲིག་སྲོལ་ནང་རྐྱེན་ཞིག་བཙུགས་ནས། ཕྱོགས་གསུམ་མཉམ་འབྲེལ་གྱི་གྲོས་མོལ་གང་འཚམ་བྱས་པ་བརྒྱུད། དེའི་མངའ་ཁོངས་ཀྱི་སྡེ་བ་དང་ཧྲེ་དག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས། སྤྱི་ཚོགས་བརྟན་བརླིང་ལ་སོགས་པའི་ལས་དོན་ཅི་རིགས་ཐམས་ཅད་ལ་ཐུན་མོང་གིས་མཉམ་གཅིག་ཏུ་དོ་དམ་བྱེད་པར་ནུས་ལྡན་གོ་ཆོད་ངང་སྐུལ་འདེད་བྱེད་ཐུབ་པ་བྱུང་། ཏང་འཛུགས་བྱ་བར་སྐུལ་འདེད་བྱེད་པའི་སྟེང་དུ་ཕན་ཚུན་སྐུལ་ལྕག་དང་ཕན་ཚུན་ཡར་རྒྱས་ཡོང་བར་འབད་བརྩོན་ལྷོད་མེད་བྱས་ཤིང་། ཐུན་མོང་གིས་མཉམ་གཅིག་ཏུ་མཐོར་འདེགས་བཏང་བར་བརྟེན་ནས། གཞི་རིམ་གྱི་ཏང་རྩ་འཛུགས་དག་ལ་བསམ་བློ་བརྗེ་རེས་དང་ཕན་ཚུན་འབྲེལ་ལམ་འཛུགས་པ་དང་མཉམ་ལས་མཐུན་སྦྱོར་བྱེད་པའི་ཐད་སྔར་ལས་ལྷག་པའི་སྟབས་བདེ་ཡོང་དུ་བཅུག་ཡོད་ཅིང་། རྒྱུན་ཆད་མེད་པར་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་གི་ནུས་ཤུགས་སོགས་སྔར་ལས་ཇེ་དྲག་ཏུ་བཏང་ཡོད་པ་རེད།
མཉམ་འབྲེལ་སྒྲུབ་གཉེར་བྱས་པའི་ཏང་རྩ་འཛུགས་དེས་གཞན་ད་དུང་ས་ཁོངས་ཀྱི་མཚམས་ཚད་ལས་ཡོངས་སུ་བརྒལ་ཏེ། ཞིང་ཆེན་གསུམ་གྱི་མཐའ་མཚམས་ས་ཁོངས་ན་ཡོད་པའི་ཞང་གྲོང་དང་ཞང་གྲོང་བར་དང་། མང་ཚོགས་དང་མང་ཚོགས་བར་གྱི་བརྩེ་མདངས་འབྲེལ་བ་སྔར་ལས་ཇེ་བཟང་ཇེ་དྲག་ཏུ་གཏོང་ཅི་ཐུབ་བྱས་ནས། ཕན་ཚུན་རོགས་རམ་སྡོངས་གྲོགས་བགྱིད་པའི་བྱ་འགུལ་སྣ་ཚོགས་དམིགས་གཏད་རང་བཞིན་ཡོད་པའི་སྒོ་ནས་ལེགས་པར་སྤེལ་བས་མི་ཚད། ཕྱུགས་ལས་ཁུལ་གྱི་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཕན་ཚུན་མཉམ་འབྲེལ་གྱིས་ཡར་རྒྱས་གོང་འཕེལ་གཏོང་བའི་འཆར་འགོད་ཚང་ལ་མ་ནོར་བ་ཞིག་བཟོས་ཤིང་། དེར་མ་ཟད་འབྲོག་ལུག་དང་ནོར་གནག་གི་སྤུས་ལེགས་ཕྱུགས་རྒྱུད་གསོ་སྐྱོང་བྱེད་པ་དང་གསོ་སྤེལ་ལག་རྩལ་གྱི་ཐད་ནས་ཕན་ཚུན་རོགས་སྐྱོར་དང་ཕན་ཚུན་ཁྲིད་རེས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ལ་སོགས་པའི་ཁྱབ་ཁོངས་ཧ་ཅང་མང་པོ་ཞིག་ནས་ཕན་ཚུན་མཉམ་ལས་བརྗེ་རེས་བྱས་པ་དང་། ཧུར་བརྩོན་འབད་འཐབ་ཀྱིས་འབྲོག་པ་རྣམས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་པ་དང་ཁོར་ཡུག་སྐྱིད་པོ་ཉམས་དགའ་བ་ཞིག་ཡོང་བའི་སྒྲུབ་ལུགས་གཉིས་ཀྱི་ཐད་ནས་རྣམ་པ་གསར་པ་འབྱེད་དགོས་ལ། གཞི་རིམ་གྱི་ཏང་རྩ་འཛུགས་དང་འགལ་ཟླ་རྩོད་གླེང་འདུམ་འགྲིག་ཨུ་ཡོན་ལྷན་ཁང་དག་གི་འགན་ནུས་ཀྱི་བྱེད་ལས་ནུས་པ་ཅི་ཡོད་འདོན་སྤེལ་གང་ལེགས་བྱས་པ་བརྒྱུད་ནས། འགལ་ཟླ་དང་རྩོད་གླེང་སྣ་ཚོགས་ནི་མེ་སྟག་ཆུང་ངུའི་དུས་ནས་གསོད་པའི་དཔེ་ལྟར་མཉམ་འབྲེལ་ཏང་རྩ་འཛུགས་ནང་ཁུལ་ནས་གནད་དོན་ཕྲ་མོ་ཅི་མཐོང་མི་མངོན་པར་ཡོངས་སུ་སེལ་ཞིང་འགལ་ཟླ་རྩོད་གླེང་མ་ལུས་ཞི་བར་བྱས་པ་དང་། བརྩོན་པ་རྨ་ཀླུང་དལ་འབབ་ཕྱུག་མོའི་རྒྱུན་བཞིན་དུ་རྒྱུན་མི་ཆད་པར་མི་རིགས་ས་ཁུལ་བདེ་འཇགས་འཆམ་མཐུན་བརྟན་བརླིང་གི་ངང་ཡར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་བྱས།
རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།