ཞིང་སྡེའི་སྨན་པའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། གཞི་རིམ་གྱི་འཕྲོད་བསྟེན་ཞབས་ཞུ་ནུས་པ་སྲ་བརྟན་ཏུ་གཏོང་དགོས།
2018.08.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 91

སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་སྨན་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། གཞི་རིམ་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཇེ་དྲག་ཏུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཞིང་སྡེའི་སྨན་པའི་ཡོན་ཚད་ཇེ་མཐོར་གཏོང་བ་དང་རྗེས་གྲབས་འཇོན་མི་སྐྱེད་སྲིང་བྱེད་པ། ཆོག་མཆན་ཐོབ་ཐང་། ཐབས་ལམ་མང་པོའི་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ཞིང་སྡེའི་སྨན་པའི་རྒན་གསོའི་ལམ་ལུགས་འཛུགས་པ། སྨན་པའི་འཇོན་ནུས་འཛུགས་སྐྲུན་ལ་ཤུགས་སྣོན་བཅས་བྱས།

2016ལོར། མཚོ་སྔོན་ཞིང་ཆེན་གྱིས《ཞིང་སྡེའི་སྨན་པ་རྒན་པའི་འཚོ་བའི་ཁ་གསབ་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་བརྡ་ཐོ》འགྲེམ་སྤེལ་བྱས་ཏེ། ཞིང་སྡེའི་སྨན་པ་རྒན་པའི་དོན་དངོས་ལྟར། ལོ་གཅིག་རེའི་ནང་ཟླ་རེར་སྒོར་ཉི་ཤུའི་འཚོ་བའི་ཁ་གསབ་སྟེར་རྒྱུ་གཏན་ འཁེལ་བྱས། 2017ལོར་སྔོན་གྱི་ཁ་གསབ་རྨང་གཞིའི་སྟེང་། ཞིང་སྡེའི་སྨན་པའི་ཁ་གསབ་དེ་ཡང་བསྐྱར་སྒོར་སྟོང་ལྔ་འཕར་སྣོན་བྱས་ནས། མི་རེར་ཆ་སྙོམས་ཀྱིས་སྒོར་ཁྲི་གཅིག་སྟོང་ལྔར་བསླེབས། དེ་ལས་གཞན། སྲིད་གཞུང་གིས་འགན་འཁུར་བའི་ཞིང་སྡེའི་སྨན་པའི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དང་། ཞིང་སྡེའི་སྨན་པ་རང་ཉིད་ཀྱིས་སྨན་རྩྭ་འདེབས་པ་དང་སྨན་རྩྭ་འཐུ་བ། སྡེབ་སྦྱོར་བྱེད་པ། དེ་མིན་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་གོ་ཆོད་ལག་རྩལ་བཀོལ་སྤྱོད་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་ཡོང་སྒོ་འཕར་སྣོན་བྱེད་པར་སྐུལ་མ་བཏང་། གཞི་རིམ་གྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་གྱི་བརྒྱ་ཆའི་བཞི་བཅུ་ཞིང་སྡེའི་སྨན་པར་དངོས་འབེབས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་སྨན་པའི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་སྒོ་དེ2011ལོའི་སྒོ་ཁྲི་གཅིག་དང་སྟོང་དྲུག་ཡན་ནས2017ལོར་སྒོར་ཁྲི་གཉིས་དང་སྟོང་གསུམ་ཡན་དུ་ཇེ་མཐོར་སོང་བས། མ་མཐར་ཡང་སྒོར་སྟོང་བདུན་ཇེ་མཐོར་སོང་། མི་གྲངས་མང་བའི་ས་ཁུལ་གྱི་ཞིང་སྡེའི་སྨན་པའི་ལོ་རེའི་ཆ་སྙོམས་ཡོང་སྒོ་དེ་སྒོར་ཁྲི་བཞི་ཡན་དུ་བསླེབས་ཡོད། སྲིད་གཞུང་གི་ཁ་གསབ་རོགས་སྐྱོར་བྱེད་ཐབས་སྤྱད་དེ། ཞིང་སྡེའི་སྨན་པ་རྣམས་ལ་རྣམ་པ་གསར་བའི་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་ཉེན་ཚབ་ཏུ་ཞུགས་པར་སྐུལ་མ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་གོ་ལྔ་ལྷག་གི་ཞིང་སྡེའི་སྨན་པ་སྒོར་བརྒྱ་ནས་སྒོར་སྟོང་གཉིས་བར་གྱི་རིམ་པ་མི་འདྲ་བའི་རྣམ་པ་གསར་བའི་ཞིང་སྡེའི་རྒན་གསོའི་ཉེན་ཚབ་ཏུ་ཞུགས་པ་དང་། ཆ་རྐྱེན་ཅུང་བཟང་བའི་ས་ཁུལ་ཁག་གཅིག་གིས་ཞིང་སྡེའི་སྨན་པ་ལས་བཟོ་བའི་རྒན་གསོ་ཉེན་ཚབ་ཏུ་ཞུགས་པར་བཀོད་སྒྲིག་བྱས།

2016ལོ་ནས་བཟུང་། ཞིང་ཆེན་ནང་ཁུལ་གྱི་འབྲིང་རིམ་དང་མཐོ་རིམ་གསོ་རིག་སློབ་གླིང་ལ་བརྟེན་ནས། རང་ཞིང་གིས་ནད་ཐོག་གསོ་རིག་གི་ཆེད་ལས་སྨན་པའི་སྡེ་ཚན་བཙུགས་ཏེ། ཞིང་སྡེ་ནས་ཡོང་བ་ཞིང་སྡེ་རུ་འགྲོ་བའི་ཁ་ཕྱོགས་ལག་བསྟར་བྱས་ཤིང་། ཞིང་སྡེའི་འཕྲོད་བསྟེན་ཁང་གི་ལོ་གསུམ་ལམ་ལུགས་ཀྱི་འབྲིང་རིམ་དང་མཐོ་རིམ་ལས་རིགས་ཀྱི་སློབ་ཡོན་མི་དགོས་པའི་ཁ་ཕྱོགས་གཏན་འཁེལ་གྱི་གསོ་རིག་སློབ་མ་སྐྱེད་སྲིད་འཆར་གཞིར་ཁ་ཕྱོགས་ནས། སློབ་མཐར་ཕྱིན་རྗེས་འབྲེལ་ཡོད་མངག་བཅོལ་སྐྱེད་སྲིང་སློབ་གྲྭའི་བསླབས་རིམ་འཛིན་ཡིག་བྱིན། མཚོ་སྔོན་ཞིང་ཆེན་གྱིས་ཁ་སྐོང་ཆད་གསབ་ཀྱི་རྩ་དོན་ལྟར། ཧུར་ཐག་གིས་རྨང་གཞིའི་སྒྲིག་ཆས་ཆ་རྐྱེན་ལེགས་བཅོས་དང་། དགོས་ངེས་ཀྱི་སྨན་བཅོས་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་མ་ཟད། ཤུགས་ཆེན་པོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཇེ་དྲག་ཏུ་བཏང་།

རིམ་བསགས་ཀྱིས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལས་གཞི་སྟོང་གཅིག་བཞི་བརྒྱ་སུམ་བཅུ་ལག་བསྟར་བྱས་ལ། འཛུགས་སྐྲུན་གཞི་ཁྱོན་མུས་གྲུ་བཞི་མ་འབུམ་བཞི་སྟོང་གཉིས་ལ་བསླེབས་པ་དང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་དྲུག་ས་ཡ་དྲུག་བཏང་། རྫོང་རིམ་པའི་སྨན་ཁང་བརྒྱ་དང་སོ་གཉིས། ཞིང་གྲོང་སྨན་ཁང་ཉིས་བརྒྱ་དང་ང་བརྒྱད། སྡོད་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་བཅུ་དགུ། ཚད་གཞི་ཅན་གྱི་ཞིང་སྡེའི་འཕྲོད་བསྟེན་ཁང་སྟོང་གཅིག་དང་ཉེར་གཉིས་བཅས་བསྒྱུར་བཀོད་དང་རྒྱས་བསྐྲུན་བྱས།

མཚོ་སྔོན་ཞིང་ཆེན་གྱིས་ད་དུང་གཞི་རིམ་འཕྲིན་གསར་ཅན་གྱི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་། རྒྱལ་ཁབ་ཀྱིས་རང་ཞིང་གི་གཞི་རིམ་འཕྲོད་བསྟེན་སྒྲིག་གཞིའི་འཕྲིན་གསར་ཅན་གྱི་འཛུགས་སྐྲུན་ལས་གཞིར་རྒྱབ་སྐྱོར་བྱས་པར་བརྟེན་ནས། བརྒྱ་ཆའི་བརྒྱ་ཡི་ཞང་གྲོང་འཕྲོད་བསྟེན་ཁང་དང་། སྡོད་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། བརྒྱ་ཆའི་བདུན་ཅུ་ཡི་སྡེ་བའི་འཕྲོད་བསྟེན་ཁང་བཅས་ཀྱི་ལས་སྒོའི་སྒྲིག་རིམ་འཕྲིན་གསར་ཅན་གྱི་དོ་དམ་མངོན་འགྱུར་བྱེད་པའི་འཆར་གཞི་བཀོད་པའི་དུས་མཚུངས་སུ། མ་དངུལ་སྒོར་བྱེ་བ་གཉིས་ས་ཡ་བརྒྱད་བཏང་སྟེ། གཙོ་བོ་ཞང་གྲོང་འཕྲོད་བསྟེན་ཁང་བཞི་བརྒྱ་ལྷག་དང་། སྡེ་བའི་འཕྲོད་བསྟེན་ཁང་སྟོང་བཞི་བརྒྱ་དང་རེ་དགུར་གློག་ཀླད་དང་དཔར་ཆས་སོགས་སྒྲིག་ཆས་སྒྲིག་སྦྱོར་བྱས།

མཚོ་སྔོན་ཞིང་ཆེན་གྱིས་ད་དུང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཞབས་ཞུའི་ནུས་ཤུགས་འཛུགས་སྐྲུན་ཐད་ཤུགས་སྣོན་བྱས། སྨན་བཅོས་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཁྲོད་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུང་ལུགས་དང་བོད་སྨན་ཟུང་འབྲེལ་ལ་ཤུགས་སྣོན་བྱས་ནས། ཁྱད་ལྡན་གྱི་ནད་བརྟག་སྨན་བཅོས་ལས་གཞི་དང་བྱ་ཐབས་དར་སྤེལ་བཏང་བ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིགས་ཀྱི་ཁྱད་སྟོབས་ནད་བརྟག་སྨན་བཅོས་ཚད་ལྡན་ཅན་དང་ཁྱད་པར་བའི་བཅོས་ཐབས་སྔོག་འདོན་ལེགས་སྒྲིག་དང་འཁོར་སྐྱོད་ཐད་ཤུགས་སྣོན་བྱས། གཞི་རིམ་གྱི་སྨན་བཅོས་ལས་ཁུངས་ལ་ཀྲུང་ལུགས་ཀྱི་སྨན་བཅོས་སྒྲིག་ཆས་སྣ་ཚོགས་ཁྲི་གཉིས་ལྷག་སྒྲིག་སྦྱོར་བྱས་པ་དང་། རིན་ཐང་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ཡིན་ལ། ཀྲུང་ལུགས་དང་བོད་རིགས་གསོ་རིག་གི་སྨན་པ་ཡོངས་ཀྱི་མི་གྲངས་ཉིས་བརྒྱ་ལྷག་ལ་གསོ་སྦྱོང་བྱས་པས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གཙོར་ཡིན་པ་དང་། ཞང་དང་སྡེ་བ། སྡོད་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་རྨང་གཞི་ལ་རིམ་པ་མང་པོའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུའི་མ་ལག་ཐོག་མར་ཆགས།

ད་ལྟ། ཞིང་ཆེན་ཡོངས་ཀྱི་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་བཞི་བརྒྱ་གསུམ་དང་སྲིད་འཛིན་སྡོད་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུམ་ཅུའི་ལས་ཁུངས་དང་། མི་སྣ། ལས་སྒོ་ཚང་མ་རྫོང་རིམ་པའི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་དོ་དམ་བྱེད་ཀྱིན་ཡོད་ལ། དོ་དམ་བྱས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད། སྲིད་འཛིན་སྡེ་བ་སྟོང་བཞི་དང་ཉིས་བརྒྱ་ཞེ་གསུམ་གྱི་འཕྲོད་བསྟེན་ཁང་ཚང་མ་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་སྲིད་འཛིན་དང་མི་སྣ། ལས་སྒོ། སྨན་གཏོར་ཡོ་བྱད། བྱས་འབྲས་དཔྱད་ཞིབ་སོགས་ཀྱི་ཐད་གཞི་གཅིག་ཅན་གྱི་དོ་དམ་ལག་བསྟར་བྱས། དེ་དང་ཆབས་ཅིག རང་ཞིང་གིས་ཧུར་ཐག་སྒོས་ཞིང་སྡེའི་སྨན་པའི་གདན་ཞུ་ལམ་ལུགས་དང་ཞིང་སྡེའི་སྨན་པར་གྲོས་མཐུན་འགོད་པའི་ཞབས་ཞུ། ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཞབས་ཞུའི་རུ་ཁག་གཞི་རིམ་དུ་འགྲོ་བ་བཅས་གཙོར་ཡིན་པའི་དམ་ཚགས་རང་བཞིན་གྱི་ཞིང་སྡེའི་འཕྲོད་བསྟེན་ཞབས་ཞུ་གཞི་གཅིག་ཅན་གྱི་དོ་དམ་རྣམ་པའི་ཚོད་ལྟ་འཚོལ་ཞིབ་དང་ལག་བསྟར་བྱས་པ་དང་། བདེ་བླག་ངང་སྤེལ་བཞིན་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས་བསྟན་དོན། མི་དམངས་ཀྱི་བདེ་ཐང་ནི་མི་རིགས་དར་རྒྱས་དང་རྒྱལ་ཁབ་སྟོབས་ལྡན་དུ་འགྲོ་བའི་མཚོན་རྟགས་གལ་ཆེན་ཡིན། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་གིས“ཀྲུང་གོའི་སྨན་པའི་དུས་ཆེན”མགོ་རྩོམ་ས་གསར་བར་བརྩིས་ནས། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་གཞིགས་གཏིང་ཟབ་སྒོས་ལག་ལེན་མཐར་ཕྱིན་བྱས་ཏེ། སྨན་བཅོས་ལམ་ལུགས་བཅོས་སྒྱུར་གྱི་མཁྲེགས་གཏོར་བྱ་བ་བཟང་བོར་སྒྲུབ་ནས། བདེ་ཐང་གི་མཚོ་སྔོན་གྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་། རྒྱ་ཆེའི་སྨན་བཅོས་ལས་བཟོ་བའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་ལ་སྐུལ་སློང་བྱས་ཏེ། སྨན་བཅོས་ལམ་ལུགས་བཅོས་སྒྱུར་གྱི་གཙོ་ཁྲིད་བྱེད་ནུས་འདོན་སྤེལ་བཟང་བོ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་ཡོངས་ཀྱིས་སྨན་པར་བརྩི་བཀུར་དང་འཕྲོད་བསྟེན་ལ་གདེང་འཇོག་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་ནས། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་སྐུལ་འདེད་བྱེད་པ་དང་། “དུས་མཉམ་གཅིག་དང་སྔར་ལས་ལྷག་པ་བཞིའི”འབད་འཐབ་དམིགས་འབེན་མུ་མཐུད་མངོན་འགྱུར་བྱེད་པར་བདེ་ཐང་གི་རྨང་གཞི་བརྟན་པོ་བཏིང་།

ལོ་ཙཱ་བ། ཤ་བོ་རིན་མཚོ།