མདོ་ལའི་གནམ་གྲུ་ཐང་གི་ཟུར་བྲིས།
2018.08.31 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 67

ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་མཁར་དང་སྤྱི་ལེ་སོ་བརྒྱད་མཚམས་ཀྱི་མདོ་ལའི་གནམ་གྲུ་ཐང་དུ་དགའ་སྤྲོའི་དཔལ་གྱིས་ཡོངས་སུ་ཁེངས་འདུག  ཉེ་འགྲམ་གྱི་མཁར་དམར་གྲོང་རྡལ་དང་ཨ་རིག་ཞང་ནས་ཡོང་བའི་འབྲོག་པ་མང་ཚོགས་རྣམས་ཀྱིས་ལུས་ལ་མི་རིགས་རང་གི་རྒྱན་ཆ་སྤྲས་ནས་རྒན་སྐྱོར་གཞོན་ཁྲིད་ཀྱིས་མདོ་ལའི་གནམ་གྲུ་ཐང་དུ་འཛོམས་ཤིང་། གདོང་ལ་སྤྲོ་དགའི་འཛུམ་གྱིས་ཁེངས་ཤིང་སེམས་ལ་དགའ་སྤྲོའི་སྣང་བས་ཁྱབ་འདུག རྒྱུ་མཚན་ནི་ཅུང་ཙམ་འགོར་རྗེས་མདོ་ལའི་གནམ་གྲུ་ཐང་དུ་གནམ་གྲུ་ཤར་གཏོང་བྱས་རྗེས་ཀྱི་གནམ་གྲུ་ཐོག་མ་དེ་བསུ་ལ་ཉེ་བས་རེད།

ལྟད་མོ་བ་རྣམས་གོ་རིམ་ལྡན་པའི་ངང་གྲལ་བསྒྲིགས་ཏེ་གནམ་གྲུའི་འབབ་ཐང་དུ་ཡོང་རྗེས་གནམ་གྲུ་དེ་ནམ་ཐོན་པར་རེ་སྒུག་བྱེད་བཞིན་ཁོ་ཚོས་ཁ་བརྡ་སྣ་ཚོགས་ཤིག་བྱེད་ཀྱིན་འདུག་སྟེ། “གནམ་གྲུ་ཞེས་པ་དེ་དོན་གྱིས་ག་འདྲ་ཞིག་ཡིན་ནམ།”  “བརྙན་འཕྲིན་ནང་ནས་རིག་མྱོང་། འདི་འདྲའི་ཐག་ཉེ་ས་ཞིག་ནས་གནམ་གྲུ་མཐོང་ཐུབ་པ་ནི་ཐོག་དང་པོ་ཡིན།” “མཐོང་ཐུབ་པའི་མི་ཚད་རྗེས་ཕྱོགས་ང་ཚོ་གནམ་གྲུར་བསྡད་ནས་གནས་སྐོར་ལའང་འགྲོ་ཐུབ་རྒྱུ་རེད།”  ཚང་མས་དེ་ལྟར་རེ་རེ་བཞིན་རང་རང་གི་སེམས་ཀྱི་དྲན་ཚུལ་བརྗོད་བཞིན་འདུག

“ཐོན་ཐལ།  ཐོན་ཐལ། ” ཚང་མས་དེ་ལྟར་སྐད་བརྒྱབ་བྱུང་།  དེ་ནི་ཏག་ཏག་ཕྱི་དྲོའི་དུས་ཚོད་གཅིག་དང་སྐར་མ་ཉི་ཤུའི་གཡས་གཡོན་རེད།  སྤྲིན་དཀར་གྱི་བང་རིམ་བརྒྱུད་ནས་ལྡིར་སྒྲ་དང་བཅས་ཏེ་ཟི་ལིང་ནས་འཕུར་ཡོང་བའི་ཤར་ཕྱོགས་མཁའ་འགྲུལCES5685རྟགས་ཅན་གྱི་གནམ་གྲུ་དེ་བདེ་འཇགས་ཀྱི་ངང་ནས་མདོ་ལའི་གནམ་གྲུ་ཐང་དུ་བབས་བྱུང་། ལྟད་མོ་བ་རྣམས་ཀྱིས་དགའ་སྤྲོའི་དགོད་སྒྲ་དང་བཅས་ཏེ་ལག་ཏུ་ཁ་བཏགས་ཐོགས་ནས་བྲོ་གར་གྱི་སྟངས་སྟབས་བསྒྱུར།

སྐབས་དེར་མདོ་ལ་གནམ་གྲུ་ཐང་ནས་མཆེད་པའི་སྤྲོ་སྐྱིད་ཀྱི་རོལ་དབྱངས་ཤིག་མདོ་ལ་རི་རྒྱུད་ཀྱི་འདབས་རོལ་དང་མདོ་ལ་རྩྭ་ཐང་ཡོངས་ལ་ཁྱབ་སོང་། སྐབས་དེའི་གཟི་བརྗིད་དང་སྤྲོ་སེམས་ཡོད་ཚད་མདོ་ལ་རྫོང་ལ་དབང་ཞིང་།  ཧུར་བརྩོན་ཆེན་པོས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་ཚད་ཆེ་རུ་བསྐྱེད་བཞིན་པའི་མཚོ་བྱང་ཁུལ་ལ་དབང་བ་རེད།

“ང་རང་ད་ལོ་ལོ་ན་གྱ་གསུམ་ཡིན། རྒྱུན་པར་ཡར་མར་ལ་འགྲོ་དུས་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་ནས་སོང་བ་ཡིན། རང་གི་སྒོ་འགྲམ་ནས་གནམ་གྲུ་མཐོང་ཐུབ་པ་དང་། ཡུལ་མི་ཚོ་གནམ་གྲུར་བསྡད་ནས་ཕྱི་ཕྱོགས་སུ་འགྲོ་ཐུབ་རྒྱུ་ནི་སྔོན་ཆད་ངའི་རྨི་ལམ་དུ་ཡང་འཁོར་མ་མྱོང་། འདི་ཚང་མ་ཏང་གི་སྲིད་ཇུས་བཟང་བས་ཡིན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོ་འབྲོག་ཁུལ་གྱི་མང་ཚོགས་རྣམས་ལ་ཐུགས་ཁུར་ཟབ་བཞེས་གནང་བས་རེད།རྗེས་ཕྱོགས་སུ་ང་ཚོའི་འཚོ་བ་དེ་ཕྱོགས་གང་ཅིའི་ཐད་ནས་སྔར་ལས་སྟབས་ཇེ་བདེ་ནས་ཇེ་བདེར་འགྲོ་ངེས་རེད།”  མཁར་དམར་གྲོང་རྡལ་འགྱུར་དགོན་སྡེ་བའི་འབྲོག་དམངས་ཀུན་དགའ་སེམས་འགུལ་ཐེབས་པའི་སྒོ་ནས་དེ་ལྟར་བཤད།

རང་ཞིང་གི་དམངས་སྤྱོད་གནམ་གྲུ་ཐེངས་བདུན་པ་དང་གནས་སྐོར་བའི་གནམ་གྲུ་ཐེངས་དང་པོ་ཡིན་པའི་ཆ་ནས། རྗེས་ཕྱོགས་སུ་མདོ་ལ་རྫོང་དུ་ཕར་འགྲོ་ཚུར་འོང་བྱེད་པར་རི་སྐོར་ལུང་བརྒལ་བྱེད་མི་དགོས་པར་མཁའ་ལམ་བརྒྱུད་ནས་ཤར་མར་བསྐྱོད་ཆོག

“མདོ་ལ་གནམ་གྲུ་ཐང་དུ་ཉིན་རེར་གནམ་གྲུ་ཐེངས་རེར་གཏོང་བཞིན་ཡོད་པ་དང་རྨང་གཞིའི་པ་སེའི་རིན་གོང་ནི་སྒོར་བརྒྱ་ཡིན། མཁའ་འགྲུལ་ཨང་རྟགསMU5685ཅན་དེ་དུས་ཚོད་བཅུ་གཅིག་དང་སྐར་མ་ང་ལྔའི་སྟེང་ཟི་ལིང་ནས་འཕུར་མགོ་བརྩམས་པ་ན། དུས་ཚོད་བཅུ་གཉིས་དང་སྐར་མ་ཞེ་ལྔའི་སྟེང་མདོ་ལ་རྫོང་ཐོག་ཏུ་ཐོན་ཐུབ། ཕྱིར་ལོག་པའི་གནམ་གྲུའི་ཨང་རྟགས MU5685ཅན་དེ་དུས་ཚོད་གཅིག་དང་སྐར་མ་ཉེར་ལྔའི་སྟེང་མདོ་ལ་རྫོང་ནས་འཕུར་མགོ་བརྩམས་པ་དང་། དུས་ཚོད་གཉིས་དང་སྐར་མ་བཅོ་ལྔའི་སྟེང་ཟི་ལིང་དུ་ཐོན་ཐུབ།” མཚོ་སྔོན་གནམ་གྲུ་འབབ་ཚིགས་ཀུང་ཟི་མདོ་ལ་གནམ་གྲུ་ཐང་ཡན་ལག་ཀུང་ཟིའི་སྤྱི་གཉེར་བ་མཱ་ཡན་ཆིན་གྱིས་དེ་ལྟར་མཚམས་སྦྱོར་བྱས།

ཚང་མས་ཤེས་གསལ་ལྟར། མདོ་ལ་རྫོང་གི་གནས་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་སྟེ། ནགས་ཚལ་དང་གངས་རི། རྩྭ་ཐང་།  གདོད་མའི་སྐྱེ་ཁམས་རྣམ་པའི་རང་བྱུང་མཛེས་ལྗོངས་ཀྱིས་ལོ་རེའི་དབྱར་ཀར་གནས་སྐོར་བ་མང་པོ་ཞིག་འགུག་བཞིན་ཡོད་པ་རེད། ཡིན་ན་ཡང་འགྲིམ་འགྲུལ་དེ་འདྲ་སྟབས་མི་བདེ་བ་དང་ལམ་ཐག་རིང་བ་བཅས་ཀྱི་དབང་གིས་མདོ་ལ་རྫོང་གི་གནས་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ཐད་རིམ་པ་མི་འདྲ་བའི་ཤུགས་རྐྱེན་ཐེབས་བཞིན་ཡོད། མདོ་ལའི་གནམ་གྲུ་ཐང་དུ་གནམ་གྲུ་ཤར་གཏོང་བྱས་པ་དེས་མདོ་ལའི་གཅིག་རྐྱང་ཅན་གྱི་འགྲིམ་འགྲུལ་གྱི་རྣམ་པ་དེ་རྩ་བ་ནས་མཇུག་བསྡུས་པ་དང་། མ་འོངས་པའི་མདོ་ལའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་ཞིག་བསྩལ་ཡོད་པ་རེད།

ཀྲུང་གོའི་ཚེས་མཛེས་པའི་མདོ་ལ་རྩྭ་ཐང་དུ་འབྲོག་ལུག་དང་ནོར་ནག ཨ་རིག་རྟ་མཆོག་སོགས་རྟ་ནོར་ལུག་གསུམ་གྱིས་ཁྱབ་ཡོད་པ་དང་། ལོ་རེར་ནོར་ལུག་གི་ཤ་ཏུན་ཁྲི་གཅིག་ལྷག་དང་མདོ་ལའི་བལ་དཀར་ཏུན་སྟོང་གཅིག་དང་སུམ་བརྒྱ་ལྷག་ཐོན་སྐྱེད་བྱེད་བཞིན་ཡོད་པས་མདོ་ལ་རྫོང་ནི་རང་ཞིང་གི་ཕྱུགས་ལས་རྟེན་གཞི་གཙོ་བོ་ཡིན། དེ་དང་མཉམ་དུ་མདོ་ལ་རྫོང་གི་ཤྭ་མོ་སེར་པོ་དང་ཤྭ་མོ་བྱ་རྐང་སོགས་རི་སྐྱེས་ཤྭ་མོ་རིགས་ཀྱི་ཐོན་རྫས་དེ་དག་ཀྱང་མ་འོངས་པར་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་འགྲེམ་འཚོང་བྱེད་ཐུབ།

“ང་ཚོས་ཨ་རིག་ཞང་ནི་མདོ་ལ་གནམ་གྲུ་ཐང་ནས་རྫོང་མཁར་དུ་འགྲོ་བར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བར་ན་ཡོད་པའི་རང་བྱུང་ས་བབ་ཀྱི་ཁྱད་སྟོབས་དེ་དམ་དུ་བཟུང་ནས། མ་འོངས་པར་ཤུགས་ཆེན་པོས་ཨ་རིག་ཚོ་བ་སོགས་ཀྱིས་གྲུབ་པའི་གནས་སྐོར་ཐོན་ལས་འཛུགས་སྐྲུན་བྱས་ཏེ། ཞང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་དང་དམངས་འཚོ་ལེགས་བཅོས་བྱེད་པའི་བྱ་བར་བརྩོན་ལེན་བྱེད་དགོས།” ཨ་རིག་ཞང་གི་ཏང་ཨུའི་ཧྲུའུ་ཅི་ཁྲང་ཕའེ་ཡིས་གཞི་ནས་མ་འོངས་པའི་འཕེལ་རྒྱས་ལ་དེ་ལྟར་འཆར་གཞི་འཐེན་གྱིན་འདུག

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་གཙོ་ཨ་དགེ་འདུན་གྱིས་བཤད་རྒྱུར། “མདོ་ལའི་གནམ་གྲུ་ཐང་ལེགས་འགྲུབ་བྱུང་ནས་གནམ་གྲུ་ཤར་གཏོང་བྱས་པ་དེས།  མཚོ་བྱང་ཁུལ་གྱི་དམངས་སྤྱོད་མཁའ་འགྲུལ་གྱི་སྟོང་ཆ་བསྐངས་པ་དང་ཅུང་འཐུས་ཚང་ཡིན་པའི་འགྲིམ་འགྲུལ་གྱི་དྲ་རྒྱ་ཞིག་ཆགས་པར་བྱས་ཡོད། རང་ཞིང་གི་གནས་སྐོར་གནམ་གྲུ་ཐང་ཐོག་མ་ཡིན་པའི་ཆ་ནས་མ་འོངས་པར་གནམ་གྲུ་ཐང་དེ་མཚོ་བྱང་ཁུལ་གྱིས་རྒྱལ་ཡོངས་སུ་གནས་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་ཡར་སྐུལ་བྱེད་པའི་སྒུལ་བྱེད་གསར་བར་འགྱུར་ཞིང་། མཚོ་བྱང་དེ་རྒྱལ་ཡོངས་དང་འཛམ་གླིང་གི་བར་ཐག་དང་ཉེ་བར་བྱས་ཡོད་ཟེར།

རེད་ཡ། དེང་ཕྱིན་གནམ་གྲུར་བསྡད་ནས་མདོ་ལ་རྫོང་དུ་སོང་སྟེ་ཀྲུང་གོའི་ཆེས་མཛེས་པའི་རྩྭ་ཐང་ལ་བལྟ་རྒྱུ་དེ་ནི་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད་པ་རེད།

                                                                                                               ལོ་ཙཱ་བ། གཡང་འབུམ་རྒྱལ།