ཉེ་ལམ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་རྫོང་ཀ་རིང་བོད་རིགས་ཞང་གི་བོད་རིགས་སློབ་མ་སྐལ་བཟང་ཆོས་སྒྲོན་གྱིས་འབྲིང་རྒྱུགས་བླངས་ཚར་རྗེས་རྫོང་མཁར་ནས་སྤྱི་ལེ་སོ་ལྔ་ཡོད་པའི་རང་ཁྱིམ་དུ་དབྱར་གནང་གི་འཚོ་བ་ལོངས་སུ་སྤྱོད་བཞིན་ཡོད། ཁོ་མོས་འབྲིང་རྒྱུགས་ཀྱི་རྒྱུགས་འབྲས་ལ་རེ་བ་ཆེན་པོ་བྱེད་བཞིན་ཡོད་ལ། རྒྱུ་མཚན་ནི་རྒྱུགས་འབྲས་ཀ་རིང་ཞང་ཡོངས་ཀྱི་ཨང་རིམ་བཅུའི་ཡན་གྱི་རྒྱུགས་འབྲས་ལོན་ཡོད་པའི་སློབ་མའི་གྲས་སུ་ཚུད་ན་ཟི་ལིང་ན་ཡོད་པའི་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་མི་རིགས་སློབ་འབྲིང་དུ་འགྲོ་ཐུབ། དེ་ལྟར་ན་མོ་རང་གི་རྒྱང་རིང་དུ་བསྐྱོད་པའི་ཕུགས་བསམ་མངོན་འགྱུར་འབྱུང་བར་ཡང་ཐག་ཇེ་ཉེ་ནས་ཇེ་ཉེར་གྱུར་སོང་བ་རེད།
སྤྱིར་ཡིན་ན་སློབ་མ་ཚོས་རྒྱུགས་འབྲས་ཅི་འདྲ་བཟང་ན་ཡང་རི་བོའི་ཕ་རོལ་གྱི་བུས་མདོ་ཞང་དུ་མ་གཏོགས་མཐོ་འབྲིང་སློབ་གྲྭ་མེད་ཅིང་། བུས་མདོ་ཞང་གི་སློབ་གསོའི་ཆ་རྐྱེན་ཞན་ལ་གྲོང་ཁྱེར་དང་བསྡུར་ན་ཁྱད་པར་ཧ་ཅང་ཆེ། སྡེ་སྡོད་དབུལ་སྐྱོར་གྱི་ཧྲུའུ་ཅི་དང་པོ་གཉིས་ཀས་འབྲེལ་ཡོད་ལས་ཁུངས་བཙལ་ཏེ། ང་ཚོའི་བྱིས་པ་ཚོར་ཟི་ལིང་དུ་འགྲོ་བའི་མི་གྲངས་བཅུ་བརྩོན་ལེན་བྱས། ཁོ་ཚོ་གྲོང་ཁྱེར་དུ་མཐོ་འབྲིང་འདོན་དུ་འགྲོ་ཐུབ་སོང་། ང་སློབ་མ་ལས་ཀྱང་དགའ་སྣང་ཆེན་པོ་སྐྱེས་ཞེས་བཤད། ཀ་རིང་ཞང་སློབ་གསོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀླུ་རྒྱལ་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཀ་རིང་ཞང་དེ་ཞོན་ཧྭ་རྫོང་གི་མཐའ་ཁུལ་ཡོད་ཅིང་། རི་མཐོ་ཞིང་ལུང་ཟབ་པས་འགྲིམ་འགྲུལ་སྟབས་བདེ་མ་རེད། ཞང་ཡོངས་སུ་ཁྱིམ་ཚང་སྟོང་གཅིག་དང་བརྒྱ་ལྷག་དང་མི་གྲངས་སྟོང་ལྔ་དང་བརྒྱ་ཡོད། སློབ་གྲྭ་ཆུང་འབྲིང་བཅུ་གསུམ་ཡོད་པ་དང་། བྱིས་གཉོར་ཁང་དང་བར་ཐག་རིང་ལ། སྡེ་བ་དང་ཁྱིམ་ཚང་ཐ་ཐོར་དུ་གནས་ཤིང་། མི་གྲངས་ཉུང་བ་ནི་ཀ་རིང་ཞང་གི་གཞི་རྩའི་གནས་ཚུལ་རེད། སློབ་སྒྲུབ་ཆ་རྐྱེན་ཞན་པ་དང་དགེ་རྒན་གྱི་སྟོབས་ཤུགས་གཅིག་བསྡུས་མིན་ནི་ས་དེའི་སློབ་གསོའི་གནས་བབས་རེད། དེ་བས་ཟི་ལིང་ངམ་མཁར་གྲོང་ཆེན་པོ་ཞིག་ཏུ་སློབ་གྲྭར་འགྲོ་རྒྱུ་ནི་སློབ་མ་ཚོའི་རེ་བ་ཡིན་ལ། ལྷག་པར་དུ་ཁོ་དང་དགེ་རྒན་རྣམས་ཀྱིས་རེ་སྙེག་བྱེད་ས་རེད།
ཡར་ག་སྡེ་བ་དང་བ་ལུང་སྡེ་བ་གཉིས་ནི་ཀ་རིང་ཞིང་གི་དབུལ་ཕོངས་སྡེ་བ་གཉིས་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་ལས་བྱེད་པ་ཡང་ཐོང་ཡེ་དང་ཧྲི་ཡང་གཉིས་ཀ་ནི་སོ་སོར་སྡེ་བ་འདི་གཉིས་ཀྱི་ཧྲུའུ་ཅི་དང་པོ་རེད། ད་ལོའི་ཟླ་གསུམ་པར། ཁོ་ཚོས་ཐེངས་དང་པོར་ཀ་རིང་ཞང་དུ་གནས་ཚུལ་རྒྱུས་ལོན་བྱེད་སྐབས། ཀ་རིང་ཞང་གི་འཚོ་སྡོད་ཁོར་ཡུག་དང་དབུལ་ཕོངས་ཀྱིས་ནི་ཁོ་ཚོ་ཧ་ལས་སུ་བཅུག དུས་མཉམ་དུ་དབུལ་ཕོངས་མང་ཚོགས་ཀྱིས་བྱིས་པའི་སློབ་གསོ་ལ་དོ་སྣང་ཆེན་པོ་བྱེད་པ་དང་། དབུལ་ཕོངས་མང་ཚོགས་ཀྱིས་བྱིས་པ་སློབ་གྲྭར་བསྐྱལ་བའི་ཆེད་དུ་འབད་བརྩོན་བྱེད་བཞིན་པའི་སྣང་ཚུལ་དེས་ཀྱང་ཁོ་ཚོར་སེམས་འགུལ་ཐེབས་སུ་བཅུག
དེའི་རྐྱེན་གྱིས། ཁོ་ཚོས་ཧུར་ཐག་གིས་ཞིང་ཆེན་སློབ་གསོ་ཐིན་གྱི་རྒྱབ་སྐྱོར་བྱེད་པར་བརྩོན་ལེན་བྱས་ནས། ལོ་རེར་ཀ་རིང་ཞང་སློབ་འབྲིང་གི་ཕུལ་དུ་བྱུང་བའི་དམའ་འབྲིང་མཐར་ཕྱིན་སློབ་མ་བཅུ་རེ་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་མི་རིགས་སློབ་འབྲིང་དུ་མཐོ་འབྲིང་བསླབ་ཚན་དུ་མངགས་བཞིན་ཡོད་ལ། དེས་ཀ་རིང་ཞང་གི་ཕུལ་བྱུང་སློབ་མར་སྤུས་ལེགས་ཅན་གྱི་སློབ་གསོའི་གར་སྟེགས་ཤིག་འདོན་སྤྲོད་བྱས་པ་རེད། དབུལ་ཕོངས་ལ་རོགས་རམ་དང་། མི་རིགས་ས་ཁུལ་གྱི་སློབ་མར་སྔར་ལས་བཟང་བའི་མཐོ་འབྲིང་གི་སློབ་གསོ་མྱོང་དུ་བཅུག་ནས་ཁོ་ཚོའི་སེམས་ཀྱིས་འདོད་པའི་སློབ་གྲྭ་རུ་རྒྱུགས་འཕྲོད་དུ་བཅུག དེ་ལྟར་ན་ཁོ་ཚོ་རི་གྲོང་ལས་བརྒལ་ཏེ་ཕྱིའི་འཇིག་རྟེན་ལ་བལྟ་ཐུབ་པ་དང་། སྔོན་ཐོན་གྱི་རིག་གནས་དང་འདུ་ཤེས་དང་ལེན་བྱ་ཐུབ་པར་མ་ཟད། མཐར་ཕྱིན་རྗེས་ཁོ་ཚོས་ཕ་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་རྨང་གཞི་གཏོང་ཐུབ་ཅེས་ཡང་ཐོང་ཡུས་ཀྱིས་དེ་ལྟར་བཤད།
ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཀ་རིང་ཞང་དང་གྲོགས་སྒྲིག་རོགས་སྐྱོར་བྱེད་པའི་འབྲེལ་བ་བཙུགས་ཏེ། ཡང་ཐོང་ཡེ་དང་ཧྲི་ཡང་གཉིས་ཀ་ཡར་ག་སྡེ་བ་དང་བ་ལུང་སྡེ་བའི་སྡེ་སྡོད་དབུལ་སྐྱོར་གྱི་ཧྲུའུ་ཅི་དང་པོ་ཡིན་ལས་སྒྲུབ་ཚན་ཆུང་མངགས། དུས་དེ་ནས་བཟུང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ལོ་རེར་མ་དངུལ་ཁྲི་ཉི་ཤུ་བཏང་ནས་བོད་ཁུལ་གྱི་ཞང་འདི་ལ་སློབ་གསོའི་རོགས་སྐྱོར་བྱ་འགུལ་སྤེལ། ལོ་རེར་ཀ་རིང་ཞང་དུ་ཆེད་སྦྱོང་དང་། དངོས་གཞི། ཞིབ་འཇུག་སློབ་མ་བཅས་ལ་རྒྱུགས་འཕྲོད་པའི་སློབ་མར་སོ་སོར་གཟེངས་རྟགས་དངུལ་སྒོར་མོ་སྟོང་གཅིག་རེ་དང་། སྟོང་གཉིས་རེ། སྟོང་གསུམ་རེ་སྟེར་བཞིན་ཡོད་ལ། ཡར་ག་སྡེ་བ་དང་བ་ལུང་སྡེ་བའི་སློབ་མས་ཆེད་སྦྱོང་དང་། དངོས་གཞི། ཞིབ་འཇུག་སློབ་མ་སོགས་ལ་རྒྱུགས་འཕྲོད་ཚེ་གཟེངས་རྟགས་དངུལ་ལེན་ཐུབ་པ་ལས་གཞན་ད་དུང་། ཆེད་སྦྱོང་གི་ལོ་རེ་རེར་སྒོར་སྟོང་གཅིག་དང་། དངོས་གཞིའི་སློབ་སྐབས་རེར་སྒོར་སྟོང་གཉིས། ཞིབ་འཇུག་སློབ་མའི་ཡན་ཆད་ལ་ལོ་རེར་སྒོར་སྟོང་གསུམ་ཡན་གྱི་སློབ་གསོའི་རོགས་དངུལ་སྒོར་སྟོང་གསུམ་རེ་སྟེར་བཞིན་ཡོད། རོགས་དངུལ་དེ་ཁོ་ཚོ་སློབ་མཐར་ཕྱིན་རག་བར་སྟེར་བཞིན་ཡོད།
དབུལ་ཁྱིམ་ཤ་བོ་ལྕགས་མོ་ཚང་ལ་ཁྱིམ་མི་དྲུག་ཡོད་ཅིང་། ཁྱིམ་ཚང་གི་འཚོ་བའི་འགན་འཁུར་ཧ་ཅང་ལྕི། བྱིས་པ་གསུམ་པོ་སློབ་གྲྭར་སོང་ནས་ཕྱི་རོལ་དུ་འགྲོ་རྒྱུ་ནི་ཁྱིམ་མི་ཡོངས་ཀྱི་རེ་སྙེག་བྱེད་ས་ཉག་ཅིག་རེད། ཉིས་སྟོང་བཅུ་བདུན་ལོར་བུ་ཤ་བོ་དོན་འགྲུབ་མཚོ་སྔོན་ཞིང་ཆེན་འཛུགས་སྐྲུན་ལས་རིགས་ལག་རྩལ་སློབ་གྲྭར་རྒྱུགས་འཕྲོད། སློབ་ཡོན་མི་མཐོ་ནའང་སློབ་རིན་དང་རྨང་གཞིའི་འཚོ་བའི་འགྲོ་སོང་གིས་དཀའ་ངལ་ཡོད་པས། ཁྱིམ་ཚང་འདི་ལྟ་བུ་ཞིག་ལ་མཚོན་ན་དཀའ་ངལ་ཧ་ཅང་ཆེ། བོད་རིགས་ཞང་དུ་བྱམས་བརྩེ་དང་དྲོད་ཁོལ་སྦྱིན་པའི་སློབ་དངུལ་རོགས་སྐྱོར་བྱ་འགུལ་གྱིས་ཤ་བོ་ལྕགས་མོ་ལ་རེ་བའི་སྒོ་མོ་ཞིག་ཕྱེས། ཤ་བོ་ལྕགས་མོས་ངེད་ཚང་གི་ཁྱིམ་མི་གང་བོས་རིག་གནས་མེད་པའི་གྱོང་རེག་པ་ཡིན། བྱིས་པ་ཚོ་ང་དང་འདྲ་བའི་ཡིག་རྨོངས་པ་ཞིག་ཏུ་འགྱུར་མི་རུང་། སློབ་ཡོན་རོགས་དངུལ་ཡོད་ན་ངེད་ཚང་གི་འགན་འཁུར་ཡང་ཇེ་ཉུང་དུ་བཏང་བ་དང་། བྱིས་པས་ཀྱང་སེམས་བདེ་ལ་ཕབས་ཏེ་དཔེ་ཆ་འདོན་ཐུབ་ལ། རྗེས་ཕྱོགས་ལས་ཀ་དགའ་ཞིག་རེག་སོང་ན་དཀའ་སྡུག་གི་འཚོ་བ་རོལ་མི་དགོས་པ་རེད་ཅེས་ཟེར།
བ་ལུང་སྡེ་བའི་ནང་དུ། བསོད་ནམས་རིན་ཆེན་ལ་བུ་བཞི་ཡོད།འདི་ནི་ཁོ་རང་ལ་མཚོན་ན་དགའ་འོས་པ་ཞིག་ཡིན་ལ་སྐྱོ་དགོས་པ་ཞིག་ཀྱང་རེད། རྒྱུ་མཚན་ཁྱིམ་དུ་བྱིས་པ་མང་བས་ཁོ་གཅིག་པུ་དབྱར་དགུན་སྟོན་དཔྱིད་མེད་པར་སྒོ་ཕྱི་རུ་ཞོར་ལས་ལ་འགྲོ་དགོས་པ་རེད། བྱིས་པ་ཚོ་ཟ་འཐུང་དང་སློབ་གྲྭ་སོགས་སུ་འགྲོ་སྐབས། ཁོ་གཅིག་པུའི་ཡོང་འབབ་གྱིས་བྱིས་པ་ཚོའི་ཉིན་རྒྱུན་གྱི་འཚོ་བར་ཁག་ཐེག་བྱེད་མི་ཐུབ་པས། མིག་གི་བལྟས་བལྟས་རིག་རིག་ལ་བྱ་དགས་གྱང་ངོས་ཡོངས་སུ་ཁེབས་པར་བྱས་ཡོད་པའི་བུ་སློབ་གྲྭ་ནས་ཕྱིར་འབུད་དགོས་པ་དྲན་ཚེ་བསོད་ནམས་རིན་ཆེན་གྱི་ཡིད་སེམས་གཏིང་ནས་སྐྱོ་བཞིན་ཡོད།
འདིས་ཀྱང་ཧྲུའུ་ཅི་དང་པོ་ཧྲི་ཡང་གི་སེམས་ལ་སྡུག་ཆེན་པོ་ཞིག་བཞག ས་གནས་ཀྱི་གནས་ཚུལ་ཡང་ཐོང་ཡེ་ལ་བཤད་སྐབས། ད་གཟོད་ཡ་ག་སྡེ་བར་འདི་ལྟ་བུའི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡོད་པ་ཤེས། དབུལ་ཕོངས་ཁྱིམ་ཚང་གི་བྱིས་པས་མུ་མཐུད་དུ་སློབ་གསོ་མྱོང་མི་ཐུབ་ལ། བྱིས་པ་མང་པོས་སློབ་མཚམས་མི་འཇོག་ག་མེད་བྱུང་ཡོད། བྱིས་པ་འདི་དག་ཁྱིམ་དུ་ལོག་རྗེས། ཁོ་ཚོའི་རེ་བའི་མིག་ཟུང་མཐོང་ན་དངོས་གནས་སེམས་སྡུག་པ་ཞིག་རེད། བཤད་ནས་མཚམས་དེར་སླེབས་དུས་ཧྲི་ཡང་གི་མིག་ཀྱང་དམར་བོར་གྱུར་སོང་།
ཧྲུའུ་ཅི་དང་པོ་གཉིས་ཀྱིས་སྡེ་བ་གཉིས་ཀྱི་དབུལ་ཕོངས་སློབ་མ་བཅུ་གཉིས་སློབ་གྲྭར་འགྲོ་བའི་གནད་དོན་ཐག་གིས་བཅད། ཡང་ཐོང་ཡེ་ཡིས་རང་ཉིད་ཅང་སུའུ་ཞིང་ཆེན་གྱི་མི་ཡིན་པས་ཆ་ནས། ཧུར་བརྩོན་སྒོས་ཅང་སུའུ་ཞིང་ཆེན་ཝུའུ་ཞི་གྲོང་ཁྱེར་ལེང་ཞི་ཁུལ་གྱི་ཞོན་ཧྭ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འགོ་ཁྲིད་བཙལ་ནས་གནས་ཚུལ་ཞུ་བ་དང་། ཞིང་ཆེན་ཕྱི་ནང་གི་དགེ་སྒྲུབ་སྡེ་ཁག་དག་ལ་འབྲེལ་གཏུག་བྱས་ཏེ། ཀ་རིང་གི་བྱིས་པ་དག་སློབ་གྲྭར་འགྲོ་བའི་ཕུགས་འདུན་མངོན་འགྱུར་བྱེད་པར་རོགས་སྐྱོར་གནང་མཁན་འཚོལ་བཞིན་ཡོད།
བཅར་འདྲི་མཇུག་རྫོགས་སྐབས། ཡང་ཐོང་ཡེ་ཡིས་དགའ་སྤྲོའི་ངང་གསར་འགོད་པར་བཤད་རྒྱུར། ད་སྐབས་ང་ཚོའི་བྱིས་པ་བཅུ་གཉིས་ལ་རོགས་སྐྱོར་བྱེད་པར་ཡིད་འཐད་བྱུང་བའི་དགེ་སྒྲུབ་པ་རྙེད་ཡོད། རོགས་སྐྱོར་མི་སྣས་མ་འོངས་པར་རང་ཉིད་ཀྱི་བྱིས་པའི་ལོ་གསར་གསོག་དངུལ་གྱིས་དབུལ་ཕོངས་སློབ་མར་རོགས་རམ་བྱེད་རྒྱུ་ཡིན་ལ། ལག་པ་ཆུང་ཆུང་མཉམ་དུ་སྦྲེལ་ཏེ་མཛའ་བརྩེའི་རོགས་འདེགས་བྱེད་པ་སོགས་ཀྱི་བྱ་འགུལ་བརྒྱུད་ནས། ཁོ་ཚོའི་སློབ་སྦྱོང་སོགས་ཕྱོགས་སོ་སོ་ནས་རོགས་རམ་ཐུབ་ལ། སློབ་ཆེན་མཐར་ཕྱིན་རག་བར་དུ་རོགས་རམ་བྱེད་རྒྱུ་ཁས་བླངས་ཡོད་ཟེར།
ཡིག་བསྒྱུར་བ། སྐར་མ་མཚོ།