བདེ་སྐྱིད་གླིང་དུ་ཏང་གི་བཀའ་དྲིན་ཡང་ཡང་བརྗོད།
2018.09.03 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 52

ཉེ་སྔོན་ང་ཚོ་གསར་འགོད་པ་འགའ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་རྫོང་ཏུང་ཁྲོན་གྲོང་རྡལ་དུ་བསྐྱོད་པ་ན། ཏང་གི་འཛུགས་སྐྲུན་གྱི་ཁྱད་ཆོས་མངོན་པར་མཚོན་པའི་ཉམས་དགའ་ཡིད་འོང་གི་བདེ་སྐྱིད་གླིང་ཆེན་པོ་ཞིག་མིག་གིས་མཐོང་བྱུང་། དེ་ན་གནའ་རབས་ཀྱི་མཚར་སྡུག་འོད་སྟོང་འབར་བའི་སྲོལ་ཉམས་ཀུན་ནས་མངོན་པའི་བརྗིད་ཆགས་མཛེས་སྡུག་གི་བཟོ་བཀོད་ལྡན་པའི་དམར་མདངས་ཅན་གྱི་སྒོ་ཆེན་ཞིག་ལྷང་ངེར་ང་ཚོའི་ཕྱོགས་སུ་འཁོར་ནས་འགྱིང་ཡོད་ལ། དེའི་མདུན་ཕྱོགས་ཀྱི་ཀླད་ངོས་སུ་དཀར་མོ་ལུང་པ་ཞོལ་མ་སྡེ་བའི་བདེ་སྐྱིད་གླིང་ཞེས་ཡི་གེ་ཆེན་པོ་འགའ་བརྗིད་ཆགས་པར་བྲིས་འདུག

དོན་ངོ་མར་དེ་ནི་ལོ་ལོན་རྒན་པོ་ཚོ་གཉོར་སྐྱོང་བྱེད་སའི་རྒན་བཀུར་ཁང་ཞིག་ཡིན། གོམ་པ་རིམ་བགྲོད་ཀྱིས་སྒོ་ཆེན་ནང་དུ་འཛུལ་བ་ན། གཙང་ཞིང་གྲལ་དག་པའི་ཚོམས་ཆེན་ཡངས་པོ་ཞིག་འདྲེན་བྱེད་ལམ་དུ་མ་བཀག་རང་ཤར་དུ་མངོན་འོང་། ཁང་པ་གྱན་མིག་བཅུ་ཙམ་ཞིག་ཕྱོགས་བཞིར་བསྐོར་ནས་གྲུབ་པའི་ར་སྐོར་ཆེན་པོ་དེར། བཟོ་བཀོད་མཛེས་པའི་ཁང་ཆེན་གྱི་ཀླད་ལ་ད་དུང་བར་སྣང་སྟོང་བའི་དཀར་གསལ་འགོག་མེད་དུ་སྣང་བའི་ཕྱིར་དུ། དྭངས་གསལ་སྤུས་ལེགས་ཀྱི་ཆུ་ཤེལ་དང་མཚུངས་བའི་འགྱིག་བཟོས་པང་ལེབ་ཡོངས་སུ་བཀབ་ནས་མཛེས་ཉམས་དང་ལྡན་པར་གཡོགས་ཡོད་པས། ཆར་རླུང་ཁོགས་ཤིང་། ར་སྐོར་ནང་ཧྲིལ་བོར་དྲོད་ལམ་ལམ་དུ་སྐྱིད་སྣང་ཞིག་གིས་ཁེངས་འདུག་པའི་ཚོར་བ་སྟེར།

ལོ་ན་གྱ་གཅིག་ལ་སོན་པའི་རྒན་པོ་སུའུ་ཡན་ཀྲང་དགོད་པའི་འཛུམ་དང་བཅས་དགའ་ལྷང་ལྷང་གི་ངང་ཚུར་ཡོང་བ་དང་ང་ཚོའི་སྔུན་ལ་བུད་དེ་བསུ་མ་བྱས་ཤིང་། གསར་འགོད་པ་རྣམས་ཁོའི་ཁང་པའི་ནང་དུ་གདན་དྲངས། ཉལ་ཁང་གཅིག་དང་འགྲུལ་ཁང་གཅིག་ཅན་གྱི་ཁང་པ་དྲོན་པོ་དེའི་ནང་དཀར་ཆ་དོད་པོ་ཧ་ཅང་གསལ་ཀྱི་ལེར་མཆིས། ཁང་པ་གད་བདར་བྱས་པ་ཡང་ཤིན་ཏུ་གཙང་ཞིང་ས་རྡུལ་གྱིས་མ་གོས་པར་གྲལ་དག་པར་ཡོད། འཚོ་བའི་ཡོ་བྱད་ཅ་ལག་མ་ཚང་བ་མེད་ཅིང་ཉེར་མཁོའི་དངོས་པོ་ཡོད་ཚད་འཛོམས་པོར་བསྒྲིགས་ཡོད། “འབོལ་ཁྲི་དང་ཉལ་ཁྲི། བརྙན་འཕྲིན། ཇ་ཁང་ནང་གི་ཐབ་ཆས་སོགས་རེ་རེ་བཞིན་མཛུབ་མོས་སྟོན་ཞོར་འདི་དག་ཚང་མ་སྲིད་གཞུང་གིས་ང་ལ་བྱིན་པ་རེད”རྒད་པོས་འཛུམ་དམུལ་དམུལ་གྱིས་ང་ཚོར་དེ་ལྟར་བཤད་བྱུང་།

རྒད་པོ་སུའུ་ཡན་ཀྲང་གི་ཚེ་གྲོགས་བཟའ་ཟླ་རྐྱེན་དབང་གིས་ཚེ་ལས་འདས་སྔ་བས། ཚེ་གཅིག་གི་སྐྱ་ཡ་མེད་པ་ནས་བཟུང་། ཁོས་བུ་དང་བུ་མོ་རྣམས་ལ་ཡང་བསྐྱར་དཀའ་ལས་འོ་བརྒྱལ་དང་འགན་ཁུར་ལྷག་མ་ཞིག་གཏོད་མ་འདོད་པར། རང་ཉིད་གཅིག་པུ་ཡུན་རིང་ལ་ཁེར་རྐྱང་དུ་ཟུར་འདུག་བྱས་ཤིང་། ཚོང་ཁང་ཆུང་ཆུང་ཞིག་ཕྱེས་ཏེ་འཚོ་བ་འཁྱོལ་ཐབས་བྱས། ལོ་གཉིས་ཀྱི་སྔོན་དུ། རྒད་པོ་ཁོང་ཉིད་སྡོད་སའི་ཁང་པ་རྙིང་བ་དེ་རྡིབ་པའི་ཉེན་ཁ་ཆེ། སྐབས་དེར་ཁོ་རང་ལ་ཡང་ཁང་པ་གསར་བ་ཞིག་ཕུབ་པའི་ནུས་པ་ཡེ་ནས་མེད་པས། གྲོང་རྡལ་སྲིད་གཞུང་གི་བཀོད་སྒྲིག་འོག་ཏུ། རྒད་པོ་ཁོང་དང་གཞན་པའི་གྲོགས་མེད་ཁེར་འདུག་གི་རྒད་པོ་འགའ་མཉམ་གཅིག་ཏུ་ལོ་ལོན་ལ་བསྙེན་བཀུར་བདག་སྐྱོང་བྱེད་སའི“བདེ་སྐྱིད་གླིང”གི་ནང་དུ་སྡོད་དུ་བཅུག་བྱུང་། “ང་རང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོ་ལ་འཕྲད་བྱུང་བས། ཞིང་སྡེ་གསར་པ་འཛུགས་སྐྲུན་བྱེད་པའི་སྐབས། ང་རང་གནས་འདི་རུ་བཀོད་སྒྲིག་བྱས་ནས། ཚེ་མཇུག་གི་འཚོ་བ་སྐྱིད་པོ་རོལ་ཏུ་བཅུག་པ་རེད། ཆར་རླུང་སོགས་མེད་པར་གནམ་གཤིས་བཟང་བའི་སྐབས་སུ་ང་རང་ཕྱི་རོལ་ལ་སོང་ནས་ཐང་ཆེན་དུ་འགུལ་སྐྱོད་སྦྱོང་བརྡར་བྱས་པ་ཡིན་ལ། མཚམས་རེར་ཚོང་ཁྲོམ་དུ་སོང་ནས་རང་ལ་མཁོ་བའི་དངོས་པོ་ཉོས་པ་ཡིན། གནམ་གཤིས་མི་བཟང་བའི་དུས་སུ་ང་རང་གང་དུའང་མ་སོང་བར་ཁང་བའི་ནང་བསྡད་ནས་ཡིད་སེམས་ལྷོད་པོ་དང་ལུས་ཕུང་དྲོན་པོའི་སྒོ་ནས་བརྙན་འཕྲིན་ལ་བལྟས་ནས་བསྡད་པ་ཡིན” ཞེས་རྒད་པོ་ཁོང་ཏང་གི་བྱེད་ཕྱོགས་སྲིད་ཇུས་ལ་བློ་ཡིད་ཚིམས་པའི་ངང་དེ་ལྟར་བཤད།

རྒད་པོ་སུའུ་ཡན་ཀྲང་གི་ཁ་གཏད་ཀྱི་ཁང་པའི་ནང་དུ་ལོ་ན་རེ་བརྒྱད་ལ་སོན་པའི་ལིའུ་ཚུང་ཏི་བཟའ་ཟླ་གཉིས་ཀ་བསྡད་ཡོད། ཁོང་གཉིས་ཀྱང་ད་ལྟའི་འཚོ་བ་ལ་ཡིད་སེམས་ཀུན་ནས་ཚིམས་ཡོད། རྒན་རྒོན་འདི་གཉིས་ཀྱི་ཁྱིམ་ཚང་ནང་དུ་ཕྱིན་པ་ན། ཚ་ལམ་ལམ་གྱི་དྲོད་དབུགས་ཤིག་གིས་ང་ཚོའི་གདོང་ལ་རེག་རེག་བྱེད་ཅིང་། ལྕགས་ཐབ་ཀྱི་སྟེང་དུ་གོ་རེ་སྲེག་བཞིན་འདུག ཙག་ཙིག་གི་སྒྲ་ཞིག་གྲགས་པ་དང་མཉམ་དུ། གོ་དྲི་ཞིམ་པོ་ཞིག་ཁང་པའི་ནང་ཧྲིལ་བོར་ཁྱབ་ནས་སྣ་ལམ་དུ་འཐུལ་ཡོང་། རྒད་པོ་ལིའུ་ཚུང་ཏི་ཡི་མིག་མདངས་ལས་དགའ་སྣང་ཞིག་དང་སྐྱིད་སྣང་ཞིག་གིས་ཀུན་ནས་བསླངས་ཏེ་འཛུམ་དམུལ་ལེར་ང་ཚོར་འདི་ལྟར་སྨྲས་བྱུང་། “ང་རང་འདིར་ཡོང་རྗེས་སུ། དབྱར་ཁར་ཕྱི་རོལ་ཏུ་སོང་ནས་ཞོར་ལས་གླ་རྒྱག་བྱས་པ་ཡིན། དགུན་ཁར་ཕྱི་ནས་ཁྱིམ་ལ་ལོག་ཡོང་དུས་དྲོན་པོ་དང་བདེ་འཇགས་ཡིན་པའི་འདུག་ས་འདི་འདྲའི་སྐྱིད་པོ་ཞིག་ཡོད། སྡེ་ཨུ་ཡིས་ད་རུང་ང་ལ་ད་ལྟའི་བཟའ་ཟླ་ཆུང་མ་འདི་ངོ་སྤྲོད་བྱས་པ་རེད། དེ་ལྟར་ང་ལ་ཡང་བསྐྱར་ཁྱིམ་ཚང་ཞིག་ཡོད་སོང་སྙམ་དུ་བཅུག་ཡོད།”

ཏུང་ཁྲོན་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཝན་ཕེན་གྱིས་ང་ཚོ་གསར་འགོད་པ་རྣམས་ལ་འདི་ལྟར་ངོ་སྤྲོད་གསལ་པོ་ཞིག་བྱས་སོང་། ང་ཚོས་བདེ་སྐྱིད་གླིང་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་ནི་སྡེ་བ་རེ་རེའི་ལོ་ན་རྒས་ཤིང་ལུས་སྟོབས་ཞན་པའི་རྒན་རྒོན་བདག་མེད་རྣམས་དང་། གཉོར་སྐྱོང་བྱེད་མཁན་གྱི་བུ་ཕྲུག་མེད་པ། ལུས་པོ་མི་བདེ་བའི་དབང་པོ་སྐྱོན་ཅན་གྱི་རྒན་པོ། གཞན་ད་རུང་དམིགས་བསལ་གྱི་དབུལ་ཕོངས་ཁྱིམ་ཚང་ཁ་ཤས་བཅས་གཅིག་གྱུར་གྱིས་གཞི་གཅིག་ཏུ་བསྡུས་ནས་བཀོད་སྒྲིག་བྱས་པ་ཡིན་ལ། ཁོ་ཚོར་འདུག་སའི་ཁང་པ་མེད་པའི་གནད་དོན་དང་ཚེ་མཇུག་གཉོར་སྐྱོང་རྒན་གསོའི་གནད་དོན་ཅི་ཡོད་ཐག་གཅོད་བྱེད་པའི་ཆེད་དུ་ཡིན། ཏུང་ཁྲོན་གྲོང་རྡལ་གྱི་སྡེ་བ་སོ་སོའི་བདེ་སྐྱིད་གླིང་གི་ཆགས་ཡུལ་འདེམ་ས་ཚང་མ་ནི་སྡེ་བའི་སྨན་བཅོས་ཁང་དང་ཐང་ཆེན་ལ་ཐག་ཉེ་ས་ཡིན་པར་མ་ཟད། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ལ་ཡང་ཁ་ཐག་ཧ་ཅང་ཉེ་བར་འདུག འདི་ལྟར་བྱས་ན་ལོ་ལོན་རྒན་པོ་རྣམས་ཀྱིས་འགུལ་སྤྱོད་སྦྱོང་བརྡར་བྱེད་པ་དང་སྨན་པ་བསྟེན་པ་སོགས་ཕྱོགས་གང་ཐད་ལ་ཤིན་ཏུ་སྟབས་བདེ་ཡིན་པ་རེད། དེར་མ་ཟད། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཏང་ཡོན་རེ་རེས་ནི་ལོ་ལོན་རྒན་པོ་གཅིག་གཉིས་རེ་ལ་ཁ་གཏད་རོགས་རམ་གྱི་ཆ་ཡ་བསྒྲིགས་ཏེ་ཁོ་ཚོའི་འཚོ་བ་དང་ཐོན་སྐྱེད་ཀྱི་གནས་ཚུལ་ལ་སེམས་ཁུར་དོ་སྣང་བྱས་པར་མ་ཟད། སྡེ་བ་རིམ་པའི་གཞི་རིམ་ཏང་རྩ་འཛུགས་དང་དབུལ་ཕོངས་མང་ཚོགས་སམ་ཡང་ན་བདག་མེད་ཁེར་འདུག་གི་རྒན་པོ་ཚོའི་བར་དུ་ཕན་ཚུན་འབྲེལ་འདྲིས་ཀྱི་ཟམ་པ་འཕངས་ཡོད་ཅིང་། སྔར་ལས་ལྷག་པའི་སྒོ་ནས་འཛུགས་སྐྲུན་བྱ་བ་ལ་ཤུགས་སྣོན་བརྒྱབ་པ་དང་། སྡེ་བ་རེ་རེའི་ཏང་ཀྲི་པུའུ་ཡི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་། གདོང་ལེན་དཔེ་བཟང་སྟོན་པའི་ནུས་པ་གང་ལེགས་ཀྱིས་འདོན་སྤེལ་བྱས་ཡོད་པ་རེད།

དེ་ལྟར་བདེ་སྐྱིད་གླིང་དེ་འཛུགས་སྐྲུན་ལེགས་པོ་ཞིག་བྱས་པ་བརྒྱུད་ནས། ཏུང་ཁྲོན་གྲོང་རྡལ་ལ་ཏང་འཛུགས་སྐྲུན་བྱ་བའི་ཐབས་བཀོད་དང་བྱ་འགུལ་སྤེལ་སྟངས་སོགས་སྲོལ་རྒྱུན་ཅན་ནས་ཞབས་ཞུ་ཅན་ལ་དངོས་སུ་འཕོ་འགྱུར་བྱུང་བ་དང་། ཏང་འཛུགས་བྱ་བ་དོན་དངོས་ཀྱི་སྟེང་ནས་ཤུགས་རྒྱག་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་དོན་བཟང་སྒྲུབ་པ་སོགས་ལ་བརྟེན་ནས། ཏང་ཀྲི་པུའུ་ཡི་འཐབ་འཛིང་ནུས་ཤུགས་དང་གསར་སྐྲུན་ནུས་ཤུགས། ཏང་རྩ་འཛུགས་ཀྱི་འབོད་སྐུལ་ནུས་པ་དང་། གོང་བུར་འགྲིལ་ཤུགས་ཚང་མ་ལ་སྔར་མེད་མཐོར་འདེགས་བྱུང་དུ་བཅུག་ཡོད་ཅིང་། ཞིང་སྡེའི་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་བརླིང་དང་དམིགས་བསལ་དབུལ་ཕོངས་མང་ཚོགས་ཀྱི་སྡོད་ཁང་གི་གནད་དོན་ཚང་མ་ཐག་གཅོད་བྱེད་པར་ཕན་ནུས་ལྡན་པའི་སྒོ་ནས་སྐུལ་འདེད་བྱས་ཡོད། མིག་སྔར་ཏུང་ཁྲོན་གྲོང་རྡལ་གྱིས་ཆུ་བཟང་སྡེ་བ་དང་གསེར་ལུང་སྡེ་བ། དཀར་མོ་ལུང་པ་ཞོལ་མ་སྡེ་བ་སོགས་སྡེ་བ་མི་འདྲ་བ་ལྔ་རུ་ལོ་ལོན་རྒན་པོ་ལ་བསྙེན་བཀུར་བདག་སྐྱོང་བྱེད་སའི་བདེ་སྐྱིད་གླིང་བསྐྲུན་ཡོད་པ་དང་། བདག་མེད་ཁེར་འདུག་གི་རྒན་མོ་ཞེ་གསུམ་དང་དབུལ་ཕོངས་ཁྱིམ་ཚང་རྣམས་བཀོད་སྒྲིག་བྱས་ཡོད། རྗེས་ཕྱོགས་ཀྱང་ཏུང་ཁྲོན་གྲོང་རྡལ་གྱིས་ད་རུང་འཆར་གཞི་བཀོད་ནས་ལོ་ལོན་རྒན་པོ་ལ་བསྙེན་བཀུར་བདག་སྐྱོང་བྱེད་སའི་བདེ་སྐྱིད་གླིང་ཆེན་པོ་ལྔ་འཛུགས་སྐྲུན་བྱེད་པའི་འཆར་གཞི་ཡོད་ལ། སྡེ་བ་རེ་རེ་ལ་གང་ཐུབ་ཅི་ཐུབ་ཀྱིས་ཚང་མར་ཡོངས་སུ་ཁེབས་པ་ཞིག་བརྩོན་ལེན་བྱ་རྒྱུ་རེད།

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།