ཞིན་ཧེ་རྫོང་གིས་མཐོ་སྒང་གི་ལྗང་མདོག་མིང་བྱང་གསར་དུ་བསྐྲུན་པ།
2018.09.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 53

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ཁོངས་སུ་རྩི་ཀོར་ཐང་དང་དཔལ་ཁ་སོགས་གྲོང་རྡལ་གསུམ་དང་ཞང་བཞི། སྲིད་འཛིན་སྡེ་བ་ང་བདུན། སྡོད་ཁུལ་ལྔ་བཅས་ཡོད། གནས་དེ་རུ་བོད་རིགས་དང་ཧོས་རིགས། སོག་རིགས། ཧོར་རིགས། ཟ་ལར་རིགས་སོགས་མི་རིགས་བཅུ་བདུན་འདུས་སྡོད་བྱས་ཡོད་ལ། བོད་རིགས་ཀྱིས་བརྒྱ་ཆའི་དོན་བདུན་དང་གྲངས་ཆུང་བརྒྱད་དགུ་ཟིན་ཡོད།

རི་བོ་སྔོ་ཞིང་ཆུ་མོ་དྭངས་བ་ནི་གསེར་རི་དངུལ་རི་ལྟ་བུ་ཡིན། སྐྱེ་ཁམས་སྔོན་ལ་ལག་བསྟར་བྱེད་པ་དེ་རྫོང་དེའི་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་གཅིག་གི་འགན་འཁྲི་གལ་ཆེན་དུ་བརྩི་བཞིན་ཡོད།

ནུས་ཤུགས་ཡོད་དགུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱས་པས། ལྗང་མདོག་གི་མིང་བྱང་གསར་བ་ཡོད་པར་གྱུར།

ཞིན་ཧེ་རྫོང་རྩི་ཀོར་ཐང་གྲོང་རྡལ་གྱི་ཡོང་ཁྲིན་སྤྱི་གླིང་ནི་ལྷད་མེད་ཀྱི་ལྗང་མདོག་གི་ཞིང་ཁམས་ཞིག་ཡིན་ལ།  མཛེས་ལྗོངས་དེ་ལྟ་བུ་ཡིས་དབྱར་དུས་མཐོ་སྒང་གི་མཛེས་པ་གསལ་བར་མངོན་ཡོད། རིགས་སོ་སོའི་མང་ཚོགས་ཀྱི་སྡོད་གནས་ཁོར་ཡུག་དང་འཚོ་བའི་སྤུས་ཚད་ལེགས་བཅོས་བྱ་ཆེད། རྫོང་དེས་སྔར་ཡོད་ཀྱི་སྤྱི་གླིང་གི་རྣམ་པ་སྲུང་འཛིན་བྱས་པ་དང་། སྔར་ཡོད་ཀྱི་རྩི་ཤིང་ལ་གཏོར་བརླག་མི་བྱེད་པའི་རྨང་གཞིའི་སྟེང་། སྤྱི་གླིང་གི་རྨང་གཞིའི་སྒྲིག་ཆས་རིམ་སྤར་བསྒྱུར་བཀོད་བྱས་པ་དང་། ལོ་རེར་ཞིག་གསོ་བྱེད་བཞིན་པའི་ཐིན་ཡུས་ལྡིང་ཁང་དང་ཧུའུ་ཞིན་ལྡིང་ཁང་། ལན་ཞིན་ལྡིང་ཁང་དང་འབྲོང་གི་འཇིམ་བརྐོས། དེ་མིན་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་ཀྱི་མཛེས་ལྗོངས་ལྟ་སའི་བར་འཁྱམ་དང་སྤྱི་པའི་འཕྲོད་བསྟེན་ཁང་། བྱིས་པ་རྩེད་འཇོ་རོལ་ས། ངལ་གསོ་ས་སོགས་གསར་དུ་ཁ་སྣོན་བྱས་ཡོད། དེས་མང་ཚོགས་ལ་སྤྲོ་སྐྱིད་ཀྱི་རོལ་རྩེད་བྱེད་གནས་ཞིག་འདོན་སྤྲོད་བྱས་པ་མ་ཟད། མི་མང་པོ་གནས་དེ་རུ་ཡོང་ནས་རྩེད་བ་དང་ཁམས་གཡེང་བྱེད་པ། པར་རྒྱག་པ་སོགས་བྱེད་བཞིན་ཡོད།

སྡོད་དམངས་ལྷ་མོ་སྒྲོལ་མས་དགའ་སྤྲོའི་ངང་བཤད་རྒྱུར། ད་ལྟའི་སྤྱི་གླིང་ནི་ཞིན་ཧེ་རྫོང་གི་ལྗང་མདོག་གི་ཞིང་ཁམས་ལྟ་བུ་ཡིན་ལ། གནས་འདིའི་མཁའ་དབུགས་གཙང་། ང་ཚོ་ཁོམ་སྐབས་རེ་ཡོད་ཚེ་བཟའ་མི་དང་ལྷན་དུ་གནས་འདི་རུ་འཆམ་འཆམ་དུ་འགྲོ་བཞིན་ཡོད་ལ། བྱིས་པ་ཁྲིད་ཡོང་ནས་གྲུ་ཡང་སྐོར་ཆོག་པས། ཧ་ཅང་ཡིད་ཚིམས་པ་ཞིག་རེད་ཟེར།

རྫོང་གིས་གེ་སར་རྐང་ཐང་སྲང་ལམ་དང་ཞིང་ལས་ཉོ་འཚོང་ཚོང་ར་བཙུགས་པས། རྫོང་མཁར་གྱི་ག་ས་གང་དུ་ཚོང་བཤམ་པ་སོགས་དཔལ་ཡོན་མིན་པའི་སྣང་ཚུལ་རིམ་བཞིན་ཇེ་ཉུང་དུ་སོང་བ་དང་། སྲང་ལམ་དུ་ཚོང་ཙག་ཙིག་རྒྱག་བཞིན་པ་དག་ཀྱང་ཞིང་ལས་ཉོ་འཚོང་ཚོང་ར་རུ་ཡོང་ནས་ཚོང་བཤམ་བཞིན་ཡོད་པས་ཚད་ལྡན་ཚོང་གཉེར་གྱི་རྣམ་པར་གྱུར། སྲང་ལམ་བདག་བཟུང་བྱས་ཏེ་ཚོང་གཉེར་བྱེད་པ་དང་། ཚོང་ཁང་གི་ཕྱི་ནས་ཚོང་གཉེར་བྱེད་པ། གང་འདོད་དུ་དངོས་བོ་བཤམ་ནས་ཚོང་གཉེར་བྱེད་པ་སོགས་ཀྱི་བྱ་སྤྱོད་རིམ་བཞིན་བཅོས་སྒྱུར་བྱས། གསར་འགོད་པས་སེང་ལྡིང་ལམ་དུ་འཕྲུལ་ཆས་ཆེན་པོ་ཞིག་གིས་ལམ་འདིང་བཞིན་ཡོད་ལ། ཆུ་གཏོར་རླངས་འཁོར་དང་ལམ་གནོན་རླངས་འཁོར་སོགས་ཀྱིས་གོ་རིམ་ཡོད་པའི་སྒོ་ནས་བྱ་བ་སྒྲུབ་བཞིན་ཡོད་པས། སྲང་ལམ་ཡོངས་སུ་བྲེལ་ཟིང་གི་རྣམ་པས་ཁེངས་འདུག

རྨང་གཞིའི་སྒྲིག་ཆས་མུ་མཐུད་དུ་ལེགས་བཅོས་བྱས་པས། འབྲོག་པ་མང་ཚོགས་ཀྱི་བདེ་སྐྱིད་ལྡན་ཚད་མུ་མཐུད་ཇེ་མཐོར་འགྲོ་བཞིན་ཡོད།

ཉེ་བའི་ལོ་འགའི་རིང་ལ། ཞིན་ཧེ་རྫོང་གིས་རྒྱུན་ཆད་མེད་པར་རྫོང་ཁོངས་ཀྱི་ཁོར་ཡུག་ཕྱོགས་བསྡུས་ལེགས་བཅོས་བྱས་པས། རྨང་གཞིའི་སྒྲིག་ཆས་མུ་མཐུད་དུ་ཇེ་ལེགས་སུ་སོང་ཡོད་པ་དང་། རྫོང་མཁར་གྱི་རྣམ་པ་ཡང་འགྱུར་ལྡོག་གལ་ཆེན་བྱུང་ཡོད་པས། གྲོང་ཁྱེར་གྱི་རྣམ་པ་དང་ནང་གནས་གོང་འཕེལ་བྱུང་ཡོད་ལ། སྔར་ལས་ལྷག་པའི་སྒོ་ནས་རྫོང་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཡིད་ཚིམས་ཚད་དང་བདེ་སྐྱིད་ལྡན་ཚད་ཇེ་མཐོར་སོང་ཡོད།

མཁར་གྲོང་གི་སྡོད་དམངས་རྣམས་ཀྱིས་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་པའི་ཁོར་ཡུག་ལེགས་པོས་ཁྲོད་བདེ་སྡོད་ལས་བརྩོན་བྱེད་རྒྱུ་ནི་ཞིན་ཧེ་རྫོང་གི་སྐྱེ་ཁམས་འཛུགས་སྐྲུན་དང་སྲུང་སྐྱོབ་ཀྱི་བྱེད་ཐབས་ཅིག་ཏུ་གྱུར་ཡོད།

ནུས་ཤུགས་ཡོད་དགུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ཏེ། གྲོང་ཁྱེར་འདི་ལ་ལྗང་མདོག་གི་སྲུང་ཡོལ་གསར་བ་ཡོད་པར་གྱུར།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕན་འབྲས་བཟང་བོ་སྲ་བརྟན་དུ་གཏོང་ཆེད། ཞིན་ཧེ་རྫོང་གིས་ལས་གཞི་ལག་བསྟར་བྱས་ཏེ་སྐྱེ་ཁམས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས། ཕྱོགས་གཅིག་ནས། ཧུར་ཐག་གིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་དང་ཆུ་ལམ་གཙང་བཤེར། ཆུ་ཁུངས་གསོ་གསོག་ས་ཁུལ་ལ་སྲུང་སྐྱོབ་སོགས་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་གལ་ཆེན་སྐོར་ཞིག་ལག་བསྟར་བྱས་པ་དང་། སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་ནུས་ཤུགས་མུ་མཐུད་དུ་ཇེ་ཆེར་གཏོང་བ། “བྱང་གསུམ”ནགས་ཚལ་འགོག་སྲུང་མ་ལག་འཛུགས་སྐྲུན་དང་རང་བྱུང་ནགས་ཚལ་སྲུང་སྐྱོབ། མཁར་གྲོང་ལྗང་བསྒྱུར་སོགས་ཀྱི་བྱ་བ་ནན་ཏན་སྒོས་སྐུལ་འདེད་བྱས། ཕྱོགས་གཞན་ཞིག་ནས་གསར་དུ་འཛུགས་སྐྲུན་བྱེད་བཞིན་པའི་ལས་རིགས་གཙོ་བོའི་ཁོར་ཡུག་ལེགས་བཅོས་དང་དོ་དམ་བྱ་བར་ཤུགས་བསྣན་ནས། ནུས་ཁུངས་ཟད་གྲོན་མང་དུ་གཏོང་བ་དང་བཙོག་སྐྱོན་ཆེ་བ། ཐོན་ནུས་ལྷག་མ་ཡོད་པའི་ལས་རིགས་ཀྱི་ལས་གཞི་བཅས་ལ་ཤུགས་བསྣན་ཏེ། འགོ་ཁུངས་ནས་བཙོག་བཟོའི་དངོས་པོ་ཇེ་མང་དུ་འགྲོ་བ་གཟབ་ནན་སྒོས་ཚོད་འཛིན་བྱས། ནུས་ཤུགས་ཡོད་དགུས“ཁྱིམ་གཞིས་མཛེས་བསྒྱུར་གྱི་བྱ་འགུལ”གཅིག་བསྡུས་སྒོས་སྤེལ་ཏེ། ཞིང་སྡེ་དང་འབྲོག་ཁུལ། འགྲིམ་འགྲུལ་གྱི་ལམ་ཐིག གནས་སྐོར་ལྗོངས་ཁུལ་དང་ཉེ་འགྲམ་སོགས་ཀྱི་ཁོར་ཡུག་འཕྲོད་བསྟེན་ལེགས་བཅོས་བྱས་ནས། ཕྱོགས་ཡོངས་ནས་མཁར་གྲོང་མཛེས་བསྒྱུར་དང་ལྗང་བསྒྱུར་གྱི་ནུས་པ་ཇེ་མཐོར་བཏང་བ་དང་། སྐྱེ་ཁམས་ཞན་འགྱུར་གྱི་གནས་བབ་ལ་ཕན་ནུས་ཡོད་པའི་ཚོད་འཛིན་བྱས་པས། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་བ་བླངས།

རྒྱུས་ལོན་པ་ལྟར་ན། 2018ལོར་ཞིན་ཧེ་རྫོང་གིས་ས་ཆ་ལྗང་བསྒྱུར་བྱས་པའི་རྒྱ་ཁྱོན་སྤྱི་ཆིང་སྟོང་གསུམ་དང་དགུ་བརྒྱ་རེ་བཞི་ལྷག་ཡོངས་འགྲུབ་བྱས་པ་དང་། ནགས་ལས་ཀྱི་ལས་གཞི་གཙོ་བོར་ཆུ་རགས་ཆེན་པོའི་བཞུར་རྒྱུད་ཀྱི་ལྗང་མདོག་སྲུང་ཡོལ་འཛུགས་སྐྲུན་དང་། བཟོ་སྐྲུན་གཙོ་བོའི་ནགས་སྐྲུན་ལྗང་བསྒྱུར། ནགས་ཚལ་བཅས་ཀྱི་སྤུས་ཚད་ཇེ་མཐོར་བཏང་། ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། ཞིན་ཧེ་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མ་ལག་ལ་ལེགས་བཅོས་ཆེན་པོ་བྱུང་བ་དང་། ནགས་ཀྱི་ཁེབས་ཚད་དང་རྫོང་མཁར་གྱི་ལྗང་བསྒྱུར་བྱས་ཚད་དངོས་གནས་མཐོར་འདེགས་སུ་སོང་།

རླངས་འཁོར་བསྐོར་ནས་ཞིན་ཧེ་རྫོང་མཁར་དུ་བསྐྱོད་པ་ན། ཡངས་ཤིང་རྒྱ་ཆེ་བའི་སྲང་ལམ་དང་ལྗང་བསྒྱུར་བྱས་ཟིན་པའི་མཛེས་ལྗོངས་སྒེའུ་ཁུང་ལས་མངོན་ཡོང་། གཞུང་ལམ་འགྲམ་གྱི་ཚད་ལྡན་ནགས་སྐྲུན་གྱི་འཛུགས་སྐྲུན་གཙོ་གནད་དུ་བཟུང་ཡོད་ལ། རྫོང་མཁར་དང་བར་ཐག་སྤྱི་ལེ་ཉེར་བརྒྱད་ཡོད་པའི་འཛུལ་སྒོ་དང་ཞིན་ཧེ་ནས་ཐང་ནག་བར་གྱི་གཞུང་ལམ། ཧོད་ཁའི་གཞུང་ལམ་གཙོ་བོ་བཅས་སུ་ལྗང་བསྒྱུར་མཛེས་བཟོའི་བཟོ་སྐྲུན་ལག་བསྟར་བྱས་ཡོད་པ་མ་ཟད། རྫོང་མཁར་དང་བར་ཐག་སྤྱི་ལེ་ཉེར་བརྒྱད་ཡོད་པའི་གནས་སུ“གོ་རིམ་གསལ་ལ། འགྱུར་ལྡོག་ཡོད་པ། དུས་ཚིགས་གསུམ་དུ་མེ་ཏོག་ཡོད་པ། དུས་བཞི་སྔོ་ལྗང”ཡིན་པའི་སྐྱེ་ཁམས་ཀྱི་བར་འཁྱམ་མཛེས་ལྗོངས་གསར་བཟོ་བྱས་པ་དང་། བསྡོམས་པས་སྡོང་རྐང་འབུམ་དགུ་ལྷག་བཙུགས་ལ། སྤྱི་ལེ་བཅུ་གཉིས་དང་གྲངས་ཆུང་དྲུག་ཡོད་པའི་བགྲོད་ལམ་འགྲམ་གཉིས་ལྗང་བསྒྱུར་བྱས།

“བགྲོད་ལམ་འགྲམ་གཉིས་སུ་སྡོང་བོ་རིགས་སྣ་ཚོགས་བཙུགས་ཡོད་པས། བལྟས་པ་ཙམ་གྱིས་སྐྱིད་སྣང་ཆེན་པོ་སྟེར། རེ་བར་འབྲེལ་ཡོད་སྡེ་ཁག་གིས་སྡོང་བ་འདི་དག་ལ་དོ་དམ་དང་སྲུང་སྐྱོབ་བཟང་བོ་བྱས་ཏེ། རྗེས་ཕྱོགས་སྡོང་བོ་འདི་དག་ཇེ་ཆེར་སོང་རྗེས། ང་ཚོ་རྫོང་མཁར་གྱི་ཁོར་ཡུག་ཀྱང་ཇེ་བཟང་དུ་སོང་ཡོད་ལ། ང་ཚོའི་རྗེས་རབས་པ་ཚང་མར་བཟང”ཞེས་འབྲོག་པ་ཚེ་རིང་དོན་འགྲུབ་ཀྱིས་དགའ་སྤྲོའི་ངང་དེ་ལྟར་བཤད།

ད་ལོར། ཞིན་ཧེ་རྫོང་གིས་ཞིང་སྡེའི་དར་སྤེལ་འཐབ་ཇུས་ལ་དམིགས་ནས། ཞིང་སྡེ་ལྗང་བསྒྱུར་ཅན་གྱི་མཛེས་བཟོའི་བཟོ་སྐྲུན་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཀྱི་མཛེས་སྡུག་གི་ཞིང་སྡེ་འཛུགས་བསྐྲུན་བྱས་པ་དང་། ཞང་དང་གྲོང་རྡལ། སྡེ་བ་དང་རུ་ཁག དགོན་སྡེ་སོ་སོ་རུ་སྡོང་ཕྲུག་འབུམ་ལྔ་དང་ཁྲི་གཅིག་བཙུགས་པ་དང་། ཁྱད་ཆོས་འབུར་དུ་ཐོན་ལ་རང་བྱུང་ཡིན་པ། ཁོར་ཡུག་མཛེས་པའི་ལྗང་མདོག་སྐྱེ་ཁམས་ཞིང་སྡེ་དང་དགོན་པ་འཛུགས་སྐྲུན་གྱི་བྱ་བ་ཡོངས་འགྲུབ་བྱས། དེ་དང་ཆབས་ཅིག ནགས་ལས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་བྱས་ཏེ་ཕྱུག་བསྒྱུར་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ། ཆུ་བོའི་བཞུར་རྒྱུད་ཀྱི་ལྗང་མདོག་གི་མཛེས་ལྗོངས་སྔར་ལས་ཇེ་ལེགས་སུ་བཏང་བས། ཞིང་སྡེའི་དཔལ་འབྱོར་དར་སྤེལ་དང་ཞིང་བའི་ཡོང་སྒོ་འཕར་སྣོན་བྱས། ས་སྤྱི་ཆིང་བདུན་ཅུ་དང་གྲངས་ཆུང་དྲུག་བདུན་ལ་སྡོང་ཕྲུག་བཙུགས་ནས་ནགས་སྐྲུན་བྱས་པ་དང་། ས་སྤྱི་ཆིང་སོ་བརྒྱད་ལ་དཔལ་འབྱོར་ནགས་བཙུགས་ལ། བསྡོམས་པས་རིགས་མི་འདྲ་བའི་སྡོང་ཕྲུག་ས་ཡ་གཅིག་དང་འབུམ་གཉིས་ཁྲི་ལྔ་བཙུགས། ནུས་ཤུགས་ཡོད་དགུས་མཐོ་སྒང་གི་སྐྱེ་ཁམས་ཕྱུགས་ལས་འཛགས་སྐྲུན་བྱས་ཏེ། གྲོང་ཁྱེར་འདི་ལ་ལྗང་མདོག་གི་ཡོང་སྒོ་གསར་བ་བསྣན།

མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ནི་ཞིན་ཧེ་རྫོང་གི་སྐྱེ་ལྡན་ཕྱུགས་ལས་ཀྱི་གཙོ་གནད་ཅིག་ཡིན་ལ། ཁོ་ཚོས་གཟབ་ནན་སྒོས་རྩྭ་ལྟར་ཕྱུགས་གཏན་འཁེལ་དང་རྩྭ་ཕྱུགས་དོ་དམཉམ་གྱི་རྩ་དོན་ལྟར། ཚན་རིག་ལྟར་རྩ་སའི་ཕྱུགས་ཟོག་གཏན་འཁེལ་བྱས་པ་དང་། གཟབ་ནན་སྒོས་རྩྭ་ཕྱུགས་དོ་མཉམ་ལམ་ལུགས་སྐུལ་འདེད་བྱས། ས་སྤྱི་ཆིང་སྟོང་གཅིག་དང་བཞི་བརྒྱ་རེ་དྲུག་ལྷག་གི་གནས་སུ་ས་ཁག་བགོས་ཏེ་ཕྱུགས་རེས་མོས་སྒོས་འཚོས་པ་དང་། ལུག་སྟོང་གཅིག་དང་སུམ་བརྒྱ་བཅུ་བདུན་རེས་མོས་སྒོས་འཚོས་པས། རྩྭ་སའི་སྐྱེ་ཁམས་དོ་མཉམ་ལ་ཕན་ནུས་ཡོད་པའི་སྒོ་ནས་སྲུང་སྐྱོབ་བྱས་པ་དང་། རྩྭ་སའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཆུ་ཚད་ཇེ་མཐོར་བཏང་།

མེ་ཏོག་སྐྱེ་ཁམས་ཕྱུགས་ལས་མ་རྐང་ལམ་ལུགས་ཆེད་ལས་མཉམ་ལས་ཁང་ཧོད་ཁ་གྲོང་རྡལ་དང་སྤྱི་ལེ་བཅུ་ཡོད་པའི་འབུ་ལུང་སྡེ་བའི་བྱང་ཕྱོགས་སུ་གནས་ཡོད་ལ། དེ་སྔོན་ཐར་ཐོར་བྱས་ཏེ་གསོ་སྤེལ་བྱེད་པ་ནས་ད་ལྟ་གཅིག་བསྡུས་སྒོས་གསོ་སྤེལ་བྱེད་བཞིན་ཡོད་པ་དང་། རྩྭ་སའི་སྐྱེ་ཁམས་རྒྱུན་མཐུད་འཕེལ་རྒྱས་བྱས་ལ། མཉམ་ལས་ཁང་གི་ཚོང་གཉེར་གཙོ་བོར་ནོར་ལུག་གསོ་སྤེལ་དང་། ཕྱུགས་ལས་ཐོན་རྫས་ཕྱིར་བཙོང་སོགས་རེད། རྒྱུས་ལོན་པ་ལྟར་ན། མིག་སྔར་རྫོང་ཡོངས་སུ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཅུ་ཡོད་པ་དང་། ཞིང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ཞེ་གསུམ། ཁྱིམ་ཚང་ཕྱུགས་ར་ཞེ་ལྔ་བཅས་ཡོད་ལ། མཉམ་ལས་ཁང་དུ་ཞུགས་པའི་འབྲོག་པ་ཁྱིམ་ཚང་སྟོང་གཅིག་ཉིས་བརྒྱ་གྱ་བདུན་དང་མི་གྲངས་སྟོང་བཞི་བདུན་བརྒྱ་གོ་བདུན་ཡོད།

ཧོད་ཁ་གྲོང་རྡལ་ལྔ་གཅིག་སྡེ་བས་ཐོན་ལས་དང་པོའི་སྟེང་འབད་བརྩོན་བྱས་པ་མ་ཟད། ད་དུང་ཐོན་ལས་གཉིས་པ་དང་གསུམ་པའི་སྟེང་འཕེལ་རྒྱས་བགྲོད་ལམ་བཙལ་བས། ཞིང་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཇེ་མཐོར་བཏང་སྟེ། ཡོང་སྒོ་འཕར་སྣོན་ལ་ཡར་སྐུལ་བྱས། སྡེ་བའི་ནང་གི་སྟོབས་ལྡན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ཚད་ལྡན་སྒོས་འཁོར་སྐྱོད་བྱེད་པའི་རྣམ་པ་ཆགས་ཡོད་ལ། ཐོན་སྐྱེད་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་ནི་གསོ་སྤེལ་དང་འདེབས་འཛུགས་ཚན་ཆུང་གཉིས་རེད། ཕན་ནུས་མཐོ་བའི་གསོ་སྤེལ་ཚན་ཆུང་ལ་ན་ནིང་རྩེབ་པའི་ལུ་གུ་སྟོང་གཅིག་ཉིས་བརྒྱ་གསུམ་ཡོད། ལུ་གུའི་ལྗིད་ཚད་སྤྱི་རྒྱ་བཅུ་བདུན་དང་གྲངས་ཆུང་ལྔ་ཡོད་པ་དང་ཨ་ཆེན་གངས་རྒྱབ་ཤ་ལས་ཚད་ཡོད་ཀུང་ཟི་ལ་འབྲེལ་མཐུད་བྱས་ཏེ་ཕྱིར་བཙོང་བྱེད་བཞིན་ཡོད། མཉམ་ལས་ཁང་གི་ལུ་གུའི་དཔལ་འབྱོར་གྱི་འབྲེལ་ལམ་རྒྱ་བསྐྱེད་པ་དང་ཆབས་ཅིག རྩྭ་ཕྱུགས་དོ་མཉམ་དང་རྩྭ་སའི་གནོན་ཤུགས་ཇེ་ཡང་དུ་གཏོང་བ་མངོན་འགྱུར་བྱས། དེ་དང་ཆབས་ཅིག འཁོར་རྒྱུག་རྨོ་ཞིང་སྤྱི་ཆིང་བརྒྱ་དང་རེ་དྲུག་དང་གྲངས་ཆུང་བདུན་འཁོར་རྒྱུག་བྱས་པ་དང་། ཡུག་པོ་སྤྱི་ཆིང་བརྒྱ་དང་དྲུག་ཅུ་དང་ནས་སྤྱི་ཆིང་དྲུག་དང་གྲངས་ཆུང་དྲུག་བདུན་འདེབས་འཛུགས་བྱས། འདེབས་འཛུགས་མཉམ་ལས་ཁང་གིས་གཙོ་བོར་ས་མུའུ་ཁྲི་ལ་ནས་འདེབས་པ་དང་། ས་མུའུ་ཁྲི་ལ་ལོག་དཀར་འདེབས་པ། ས་མུའུ་ཁྲི་ལ་ཡུག་པོ་འདེབས་པ་བཅས་གཙོ་གནད་དུ་བཟུང་ནས། གཟན་རྩྭའི་མཛོད་ཁང་བཙུགས་པ་དང་། གཅིག་གྱུར་སྒོས་གཟན་རྩྭའི་འདེབས་འཛུགས་དང་གཟན་རྩྭ་ལས་སྣོན་གསོག་འཇོག་གཅིག་གྱུར་སྒོས་དོ་དམ་བྱས་ཏེ། སྐྱེ་ལྡན་ཕྱུགས་རྩྭ་གནས་དེར་འདེབས་པ་དང་གནས་དེ་ནས་བེད་སྤྱོད་བྱེད་པ་མངོན་འགྱུར་བྱས་པས། སྐྱེ་ལྡན་ནོར་ལུག་གསོ་སྤེལ་གྱི་ཐོན་སྐྱེད་དགོས་མཁོ་སྐོང་ཐུབ་པར་བྱས།

མཉམ་ལས་ཁང་གི་ཁོངས་མི་ཀྲང་ཕའེ་བཱང་གིས་བཤད་རྒྱུར། མཉམ་ལས་ཁང་དུ་ཞུགས་རྗེས། བརྟན་འཇགས་ཀྱི་ཡོང་སྒོ་ཡོད་པར་གྱུར་བ་དང་། ད་ལྟ་ཁྱིམ་གྱི་སྒོ་ཁ་ནས་ཞོར་ལས་བྱས་ཆོག ལས་ཀ་འདི་དག་སྟབས་བདེ་ལ་ལས་སླ་ལ། ཉེན་ཁ་འབྱུང་ཚད་ཧ་ཅང་དམའ། སྲིད་གཞུང་གིས་ང་ཚོ་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་ཀྱིན་ཡོད་པས། ང་ཚོ་དགའ་སྤྲོས་ཁེངས་ཡོད་ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།