སོག་རུ་མ་སྡེ་བའི་འཚོ་བ་གསར་བ།
2018.09.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 66

ཉིན་འགའི་སྔོན་གྱི་ནངས་མོ་ཞིག་ལ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་མཁར་དང་སྤྱི་ལེ་དོན་ལྔའི་མཚམས་ཀྱི་སོག་རུ་མ་ཞང་སོག་རུ་སྡེ་བ་རུ་འདུ་འཛི་ཆེ་བའི་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་བཞིན་འདུག བགྲོ་གླེང་ཚོགས་འདུར་ཞུགས་མཁན་ལ་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་ཞེ་དྲུག་གི་འཐུས་མི་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དག་རེད།  སྡེ་བའི་ཧྲུའུ་ཅི་དང་པོ་མུའུ་ཡེ་ཀྲིན་གྱི་མགོ་འཛིན་འོག་བགྲོ་གླེང་ཚོགས་འདུ་དེ་གོ་རིམ་ལྡན་པའི་ངང་ནས་སྤེལ་བཞིན་འདུག  བགྲོ་གླེང་ཚོགས་འདུ་དེའི་བརྗོད་བྱ་གཙོ་བོ་ནི་དབུལ་ཐར་དང་འབྲེལ་བ་ཡོད་པ་ནི་གླེང་མ་དགོས་པ་ཞིག་རེད།

སོག་རུ་མ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་དག་གིས་ཞང་སྲིད་གཞུང་ཡོད་ས་དེ་རུ་ཐོག་བརྩེགས་ཅན་གྱི་ཁང་པ་གཉིས་ཉོས་ཡོད་པ་རེད། ཚང་མས་གཅིག་རྗེས་གཉིས་མཐུད་ཀྱི་སྒོ་ནས་ཁང་པ་དེའི་ནང་དུ་ཅི་ཞིག་ལས་རྒྱུའི་སྐོར་ནས་རང་རང་གི་བསམ་ཚུལ་བརྗོད་བཞིན་འདུག

བགྲོ་གླེང་བྱེད་པའི་ཁྲོད་དུ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་གུ་རུ་རྒྱལ་གྱིས་བཤད་རྒྱུར། “ངའི་བསམ་འཆར་ཡིན་ན་ཁང་པ་གཅིག་གཞན་ལ་གླ་གཏོང་བྱེད་པ་དང་ཁང་པ་གཅིག་གི་ནང་དུ་ཁྲུས་བྱེད་ས་ཞིག་ལས་ན་བཟང་གི་འདོད་གི  ད་ལྟ་ཚང་མའི་འཚོ་བ་ནི་ཉིན་རེ་ནས་ཉིན་རེར་ཇེ་བཟང་དུ་འགྲོ་བཞིན་ཡོད་མོད། ཡིན་ནའང་ང་ཚོའི་ཞང་ཡོངས་སུ་ཁྲུས་ཁང་གཅིག་ཀྱང་མི་འདུག  དེ་བས་ངས་བལྟས་ན་ཁྲུས་ཁང་ཞིག་ལས་རྒྱུ་ནི་ཧ་ཅང་དགོས་གལ་ཆེ་བ་ཞིག་རེད།” དེ་ལྟར་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་གུ་རུ་རྒྱལ་གྱིས་ཁྲུས་ཁང་ཞིག་ལས་དགོས་པའི་སྐོར་གྱི་གནས་ལུགས་བཤད་དུས། མི་གཞན་དག་གིས་ཀྱང་དེ་ལྟར་བྱེད་རྒྱུར་འཐད་པ་བྱུང་བའི་བརྡ་རུ་མགོ་ལྕོག་ལྡེམ་ལྡེམ་ཙམ་བྱེད་ཀྱིན་འདུག  དེར་མཐུད་ནས་ད་དུང་མི་ཚོགས་ཀྱི་ཁྲོད་དུ“གལ་ཏེ་ཁྲུས་ཁང་ཞིག་ལས་དང་ན་ང་རང་ཡོང་ནས་དེ་རུ་ལས་ཀ་བྱས་ཆོག་ཟེར”མཁན་ཀྱང་རེ་གཉིས་ཤིག་འདུག

དེ་ལྟར་བགྲོ་གླེང་མང་པོ་ཞིག་བྱས་མཐར་ཚང་མས་བློ་ཞིབ་མོའི་སྒོ་ནས་གྲོས་བསྡུར་བྱས་པའི་དོན་དག་དེ་གཅིག་ཐོག་ཏུ་བཞག་ནས་ཁྲུས་ཁང་ཞིག་ལས་རྒྱུར་གྲོས་འཆམ་བྱུང་། སྐབས་དེར་ཧྲུའུ་ཅི་དང་པོ་མུའུ་ཡེ་ཀྲིན་གྱིས་བཤད་རྒྱུར། “ཆོག་གི  དེས་ན་ང་ཚོས་ཁྲུས་ཁང་ལས་རྒྱུ་བྱེད། བསམ་ཚུལ་དེ་དངོས་ནས་ཡག་པོ་འདུག  ངས་མྱུར་དུ་དེའི་སྐོར་གྱི་ལག་བསྟར་འཆར་འགོད་འབྲི”ཟེར།

བགྲོ་གླེང་ཚོགས་འདུ་དེ་དེ་ལྟར་མཇུག་བསྡུས་སོང་། ཚང་མ་དགའ་འཛུམ་དང་བཅས་ཏེ་ད་ཡང་བགོ་བཤའ་རྒྱག་རྒྱུའི་ལས་གཞི་ཞིག་ཡོད་སོང་ནི་རེད་ཟེར་བཞིན་རང་རང་སར་འགྲོ་བཞིན་འདུག

སྡེ་བའི་ཧྲུའུ་ཅི་དང་པོ་མུའུ་ཡེ་ཀྲིན་གྱིས་མཚམས་སྦྱོར་བྱེད་རྒྱུར། “སོག་རུ་མ་སྡེ་བ་ནི་སོག་རུ་མ་ཞང་གི་ཤར་ལྷོའི་ཕྱོགས་སུ་ཆགས་ཡོད་ཅིང་རྩྭ་སའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་གསུམ་དང་སྟོང་དགུ་ཡོད་པ་དང་མི་གྲངས་སྟོང་གཅིག་ལྷག་ཡོད་ཅིང་བོད་རིགས་གཙོ་བོ་ཡིན། ལོ་འདི་འགར་སྡེ་བ་དེའི་འཕེལ་རྒྱས་ནི་གནམ་ས་བླ་འོག་བརྗེས་པ་ལྟ་བུ་ཞིག་ཏུ་སྣང”ཟེར།

སྡེ་བ་དེའི་སྔོན་ཆད་དང་ད་ལྟའི་གནས་ཚུལ་སྐོར་ནས་འདྲི་དུས། སྡེ་མི་བློ་བཟང་སྒྲོལ་མས་དེ་འདྲའི་བྱང་ཆ་མི་ལྡན་པའི་རྒྱ་སྐད་ཀྱི་ལམ་ནས་བཤད་རྒྱུར། “ད་ལྟ་ང་ཚོའི་སྡེ་བར་ལམ་ཡོད་པར་མ་ཟད་སྡོད་སའི་ཁང་བ་ཡོད་པ་དང་།  དེ་མིན་ཁ་ལ་ཟས་གང་ཞིམ་བཟའ་ཐུབ་ལ་སྒོར་མོ་ཡང་བཙལ་ཐུབ”ཟེར། དེ་ལྟར་བློ་བཟང་སྒྲོལ་མས་བཤད་པའི་བབ་ཆགས་དང་སྟབས་བདེའི་སྐད་ཆ་དེ་དག་ལས་ཁོ་ཚོ་ད་ལྟའི་འཚོ་བ་ལ་ཡིད་ཚིམས་འདུག་པའི་རྣམ་པ་དེ་གསལ་བོར་མངོན་གྱིན་འདུག

སོག་རུ་མ་སྡེ་བའི་ནང་དུ་ཨར་འདམ་གྱི་ལམ་འགྲམ་གཉིས་སུ་ཉི་འོད་ནུས་པའི་ལམ་གློག་གྲལ་དུ་བསྒྲིགས་ཤིང་མི་རིགས་ཀྱི་ཁྱད་ཆོས་སྟུག་པོ་ལྡན་པའི་ཁང་ཤར་དག་གིས་མིག་དབང་འཕྲོག་པར་བྱེད། ང་ཚོ་སྡེ་མི་རྟ་མགྲིན་སྐྱབས་ཚང་གི་ཁྱིམ་དུ་ཐོན་དུས། ཁོ་ཚང་ལ་ར་སྐོར་གཅིག་ལ་སྒོ་ཆེན་གཅིག་བྱས་ནས་བསྡད་ཡོད་ཅིང་ཆུ་དང་གློག སྤྱོད་ཁང་། འཁོར་སྐར་བརྙན་འཕྲིན་བཅས་ཚང་མ་མ་འཛོམས་པ་གཅིག་ཀྱང་མི་འདུག

ད་ལོ་ལོ་ན་ཞེ་བཞི་ཡིན་པའི་རྟ་མགྲིན་སྐྱབས་ཚང་ནི་སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོར་སྐོར་དང་པོའི་ཡིག་ཚགས་བྱང་བུ་བཟོས་ཏེ་གནས་སྤོར་བྱེད་དགོས་པའི་ཁྱིམ་ཚང་གི་ནང་དུ་བཞག་པ་དང་། སྔོན་ཆད་ཁོ་ཚང་གི་ཁྱིམ་མི་བདུན་པོ་དེ་རྫོང་མཁར་དང་སྤྱི་ལེ་ཞེ་ལྔ་ཡོད་པའི་རི་སྒང་གི་ཕྱུགས་འཚོ་ས་རུ་ཡོད་པ་རེད། དེ་བས་ཆུ་གློག་ལམ་གསུམ་དང་འགྲིམ་འགྲུལ་སོགས་སྟབས་མི་བདེ་ལ་ནོར་ལུག་ལ་བརྟེན་ནས་ཁ་གསོ་བ་ཙམ་ལས་ཡོང་འབབ་གཞན་ཅི་ཡང་མེད། ཡིན་ནའང་སྒེའུ་ཁུང་ཆུང་ཞིང་ནང་དུ་མུན་པ་སྟུག་པོ་ཡིན་པའི་རི་སྒང་གི་ས་ཁང་དེ་དང་ཁ་བྲལ་ནས་ཁང་པ་གསར་བའི་ནང་དུ་གནས་སྤར་རྗེས། འགྲིམ་འགྲུལ་སོགས་ཕྱོགས་གང་ཅིའི་ཐད་ནས་ཀྱང་སྟབས་ཤིན་ཏུ་ཇེ་བདེར་སོང་བ་དང་། ཁོ་ཚང་དང་འདྲ་བའི་འབྲོག་པ་སྐོར་ཅིག་གིས་ཕྱུགས་ཟོག་མང་ཆེ་བ་དེ་སྡེ་བའི་ཕྱུགས་ཟོག་གསོ་སྤེལ་རྟེན་གཞིའི་ནང་བཞག་ཡོད་པས་ད་ལྟ་ཁོ་ཚོས་བགོ་བཤའ་ཇི་ལྟར་ལེན་རྒྱུར་བསམ་བློ་གཏོང་རྒྱུ་ལས་གཞན།  ཇི་ལྟར་བྱས་ནས་སྒོར་མོ་མང་པོ་ཞིག་བཙལ་ཏེ་འཚོ་བ་ལེགས་བཅོས་བྱེད་རྒྱུའི་ཐད་ལ་བསམ་གཞིག་གཏོང་བཞིན་པ་དེ་རེད།

ཉིན་གུང་གི་དུས་ལ་བསླེབས་དུས། སོག་རུ་མ་ཞང་སྲིད་གཞུང་གི་ར་སྐོར་ནང་དུ་ཛ་དྲག་ཆེ་བའི་ལྒང་ལི་འགྲན་བསྡུར་གྱི་བྱ་འགུལ་ཞིག་སྤེལ་བྱུང་། འགྲན་བསྡུར་དེར་ཞུགས་མཁན་གྱི་འགྲན་ཞུགས་པ་རྣམས་ཀྱིས་རང་ནུས་རྩལ་དུ་བཏོན་ནས་ལྒང་ལི་རྒྱག་བཞིན་འདུག་ལ་མཐའ་སྐོར་གྱི་ལྟད་མོ་བ་རྣམས་ཀྱིས་ཀྱང་ཀི་བསྭོ་བཏབ་ནས་ལྒང་ལི་རྒྱག་མཁན་གྱི་འགྲན་ཞུགས་པ་རྣམས་ལ་སྐུལ་ལྕག་གཏོང་བཞིན་འདུག

མུའུ་ཡེ་ཀྲིན་གྱིས་བཤད་རྒྱུར། “སོག་རུ་མ་སྡེ་བ་ནི་ཞང་སྲིད་གཞུང་གི་གམ་དུ་ཆགས་ཡོད་པས་རྨང་གཞིའི་སྒྲིག་ཆས་སྐོར་ནས་ཅུང་ཆ་ཚང་ཡིན། ད་ལྟ་འབྲོག་པ་མང་ཚོགས་རྣམས་ཀྱི་ལྟ་སྟངས་ལ་འགྱུར་ལྡོག་བྱུང་ཡོད་དེ། འདི་དང་འདི་འདྲ་བའི་རིག་གནས་བྱ་འགུལ་རྒྱུན་དུ་སྤེལ་བཞིན་ཡོད། དཔེར་ན། སྐོར་བྲོ་འགྲན་བསྡུར་དང་ལྒང་ལི་འགྲན་བསྡུར། རྟ་རྒྱུག་འགྲན་བསྡུར་སོགས་ལུས་རྩལ་རིག་གནས་བྱ་འགུལ་སྣ་ཚོགས་ཀྱིས་མི་རྣམས་ཀྱི་ཡིད་དབང་འགུགས་ཀྱིན་ཡོད”ཟེར།

སྡེ་མི་དབང་བྷོ་ནི་སྡེ་བའི་ནང་གི་དབང་བོ་སྐྱོན་ཅན་གྱི་མི་སྣ་ཞིག་ཡིན་པར་མ་ཟད་ཡིག་ཚགས་བྱང་བུ་ཡང་བཟོས་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་གི་གྲས་ཀྱང་རེད།  གནམ་ས་བླ་འོག་བརྗེས་པ་ལྟ་བུའི་སྡེ་བའི་རྣམ་པ་དང་འཚོ་བའི་འགྱུར་ལྡོག་སྐོར་གླེང་དུས་སྡེ་མི་དབང་བྷོས་རང་གི་སེམས་ཁམས་དེ་གནོན་ཐབས་བྲལ་ཞིང་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར། “ང་རང་འགྲོ་འདུག་སྟབས་མི་བདེ་བའི་དབང་གིས། སྡེ་བར་དཀའ་ལས་ཆེན་པོ་གཏོད་བཞིན་ཡོད། ད་ལྟ་ཏང་དང་སྲིད་གཞུང་གི་སྲིད་ཇུས་ནི་ཉིན་རེ་ནས་ཉིན་རེར་ཇེ་བཟང་ཡིན་པས་སྡོད་ཁང་གི་འགན་སྲུང་དང་སྨན་བཅོས་འགན་སྲུང་། ཁ་རྒྱབ་ཀྱི་གནད་དོན་བཅས་ལ་འགན་སྲུང་བྱས་ཡོད་པར་མ་ཟད། ལོ་མཇུག་ཏུ་ཐོན་དུས་ད་དུང་བགོ་བཤའ་ཡང་རྒྱག་རྒྱུ་ཡོད་པས་དངོས་གནས་གོ་སྐབས་བཟང་བོའི་རྗེས་ཆོད་སོང”ཟེར།

མུའུ་ཡེ་ཀྲིན་གྱིས་བཤད་རྒྱུར། “ལོ་འདི་འགའི་རིང་དུ་ང་ཚོས་གནད་ཕིགས་དབུལ་སྐྱོར་དང་དབུལ་ཕོངས་ས་ཁུལ་གྱི་ཕྱུགས་ལས་འཕེལ་རྒྱས་ཀྱི་བྱེད་སྟངས་བསྒྱུར་བ་དེ་གཏིང་ཟབ་པའི་སྒོ་ནས་མཉམ་འདྲེས་ཡོང་བའི་བསམ་བློ་རྒྱུན་འཁྱོངས་བྱས་པ་དང་། རང་བྱུང་ཐོན་ཁུངས་དང་དབུལ་ཕོངས་མང་ཚོགས་ཀྱི་འདོད་བློ་ལ་གཏིང་ཟབ་པའི་སྒོ་ནས་གོང་བཀུར་བྱས་ཏེ། ཡུལ་བབ་དང་བསྟུན་ནས་དབུལ་ཐར་ཐོན་ལས་འཕེལ་རྒྱས་སུ་བཏང་། རྫོང་དང་ཞང་ཏང་ཨུ་དང་སྲིད་གཞུང་གིས་མཉམ་ལས་ཁང་དང་ཐོན་ལས་ཁྱིམ་ཚང་གསོ་སྤེལ་རྒྱ་སྐྱེད་བྱས་པ་བརྒྱུད་པས་སོག་རུ་མ་སྡེ་བའི་འབྲོག་པ་མང་ཚོགས་རྣམས་ལ་མཚོན་ནས་བཤད་ན་རྗེས་ཕྱོགས་སུ་དགའ་འོས་པའི་དོན་དག་སྔར་ལས་མང་པོ་ཞིག་ཡོད”ཟེར།

                                                                                                         ལོ་ཙཱ་བ། གཡང་འབུམ་རྒྱལ།