མགོ་ལོག་པད་མ་རྫོང་གིས་བྱེད་ཐབས་སྣ་མང་བཀོལ་ནས“དམར་མདོག་གི་པད་མ”ཞེས་པའི་ཏང་ཡོན་ལས་བྱེད་པའི་སློབ་གསོའི་ཆས་རྟགས་བསྐྲུན་པ།
2018.09.13 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 52

དམར་དམག་རྒྱང་སྐྱོད་ཀྱི་གསར་བརྗེའི་དོན་སྙིང་ལྡན་པའི་དམར་མདོག་གི་ཐོན་ཁུངས་བེད་སྤྱོད་ལེགས་པོ་བྱེད་པ་དང་དམར་མདོག་གི་སྲོལ་རྒྱུན་དར་སྤེལ་ལེགས་པོ་བྱེད་པ། དམར་མདོག་གི་གཞི་རྒྱུ་རྒྱུན་འཛིན་ལེགས་པོ་བྱེད་པའི་ཚུལ་ལ་ཕྱོགས་ཡར་མར་གྱི་ལས་བྱེད་མང་ཚོགས་ཀུན་གྱིས་བསྟོད་བསྔགས་བྱས་དང་བྱེད་བཞིན་པ་རེད། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་རྒྱུན་ཆད་མེད་པར་དམར་མདོག་གི་ཐོན་ཁུངས་ནང་བག་ཉལ་གྱི་ཚུལ་དུ་མི་མངོན་པར་འདུས་ཤིང་སྦས་ཡོད་པའི་སློབ་གསོའི་རིན་ཐང་དང་འཇོན་མི་གསོ་སྐྱོང་བྱེད་པའི་ནུས་པ་གང་ཡོད་ཀྱིས་སྔོག་འདོན་གང་ལེགས་བྱས་པ་དང་། “དམར་དམག་ལུང་བ”ཞེས་པའི་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་དཔེ་སྟོན་རྟེན་གཞི་ལ་རྒྱབ་རྟེན་ལེགས་པར་བཅོལ་ནས། ཧུར་ཐག་གིས་ཏང་ཡོན་ལས་བྱེད་པར་དོ་དམ་སློབ་གསོ་གཏོང་བའི་གསོ་སྐྱོང་སྦྱོང་བརྡར་བྱ་བ་སྒྲུབ་སྟངས་ཀྱི་དཔེ་དབྱིབས་གསར་པ་ཞིག་འཚོལ་ཞིབ་བྱས་ཡོད་ཅིང་། གང་ནུས་ཅི་ལྕོགས་ཀྱིས་ཏང་གི་ལས་དོན་ལ་འབད་བརྩོན་བྱས་ཏེ་དམར་དམག་རྒྱང་སྐྱོད་ཀྱི་གསར་བརྗེའི་མཁའ་དབུགས་སྟུག་པོ་དང་དམར་པོའི་རིག་གནས་ཀྱི་རྔམས་ཀ་ཤིན་ཏུ་མཐུག་པོ་ལྡན་པའི“དམར་མདོག་གི་པད་མ“ཞེས་པའི་ཏང་ཡོན་ལས་བྱེད་པའི་སློབ་གསོའི་ཆས་རྟགས་ཤིག་བསྐྲུན་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། པད་མ་རྫོང་གིས་སྔ་གཞུག་ཏུ་དེའི་ཐད་ལ་བསམ་གཞིག་ཡང་ཡང་བཏང་སྟེ《དམར་དམག་རྒྱང་སྐྱོད་པད་མར་སླེབས་པ》ཞེས་པ་དང་《དམར་དམག་རྒྱང་སྐྱོད་པད་མར་སླེབས་པའི་གཏམ་རྒྱུད་སྙན་མོ》དང《ཀྲུང་གོའི་བཟོ་ཞིང་དམར་དམག་མཚོ་སྔོན་དུ་སླེབས་པ》《པད་མ་བོད་ཁུལ་གྱི་གསར་བརྗེ་དམར་མདོག་གི་དྲན་ཤེས་ཟིན་བྲིས—དམར་དམག་རྒྱང་སྐྱོད་ཀྱི་ལམ་ནས་མཚོ་སྔོན་པད་མ་ལ་བརྒྱུད་པའི་གཏམ་རྒྱུད་སྙན་མོ》《དམར་དམག་རྒྱང་སྐྱོད་ཀྱི་ལམ་ནས་མཚོ་སྔོན་པད་མ་ལ་བརྒྱུད་པའི་གནས་ཚུལ་ཞིབ་འཇུག་རྩོམ་ཡིག་གཅེས་བསྡུས》《དམར་དམག་རྒྱང་སྐྱོད་ཀྱི་ལམ་ནས་མཚོ་སྔོན་པད་མ་ལ་བརྒྱུད་པའི་ཚད་ལྡན་ཡིག་ཆ་ཕྱོགས་བསྒྲིགས》ཞེས་པ་ལ་སོགས་པའི་གསར་བརྗེའི་དོན་སྙིང་ལྡན་པའི་དམར་མདོག་གི་རིག་གནས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་མང་ཙམ་ཞིག་སྒྲིག་བཟོ་དཔར་སྐྲུན་བྱས་པ་དང་། དོན་དངོས་གནས་ཚུལ་དང་ཟུང་དུ་སྦྲེལ་ཏེ། གསར་བརྗེའི་དོན་སྙིང་ལྡན་པའི་དམར་མདོག་གི་རིག་གནས་གཙོ་ཐིག་ཏུ་བཟུང་བ་དང་། དམར་མདོག་གི་ངོ་བོའི་རང་མདངས་ཁོང་དུ་ཆུད་པར་བྱས་ཏེ། དམར་མདོག་གི་རྩ་བའི་གཞི་རྒྱུ་རྒྱུན་འཛིན་ལེགས་པོ་བྱས་ཤིང་། ཆབ་སྲིད་ཀྱི་ཕན་འབྲས་འབུར་དུ་ཐོན་པར་བྱས་པའི་ཁར། དམར་མདོག་དང་ལྗང་མདོག་གི་རང་བྱུང་མཛེས་ལྗོངས་ཕན་ཚུན་ཟུང་འབྲེལ་ཅི་ཐུབ་བྱས་ཡོད་ལ། དམར་མདོག་གི་སྲོལ་རྒྱུན་སློབ་གསོ་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་གཉིས་ཕན་ཚུན་ཟུང་འབྲེལ་ཅི་ཐུབ་བྱས་ཡོད་པ་དང་། དེས་མི་ཚད་སྔ་ན་མེད་པའི་གསར་གཏོད་ཀྱི་ལམ་སྲོལ་བཟང་པོ་ཞིག་ཕྱེས་ཏེ། པད་མའི་ཡུལ་འདིར་ཡོང་ན“གསར་བརྗེའི་གནས་མཆོག་ལ་ཐེངས་ཤིག་མཇལ་བ་དང་། དམར་དམག་གི་ཁ་ཟས་ཐུན་གཅིག་བཟའ་བ། དམར་དམག་གི་གླུ་དབྱངས་ཚར་གཅིག་ལེན་པ། དམར་དམག་གི་ལམ་བུར་ཐེངས་གཅིག་བགྲོད་པ། དམར་དམག་གི་དཔེ་ཆ་ཚར་གཅིག་ཀློག་པ། སྲོལ་རྒྱུན་གྱི་སློབ་ཁྲིད་ཐུན་གཅིག་ཉན་པ། སྔོན་གཤེགས་དཔའ་བོའི་དུར་ས་ཐེངས་གཅིག་ཕྱགས་པ། རང་ཉིད་ཀྱི་སེམས་ཁམས་ལ་གཙང་དག་ཐེངས་གཅིག་བྱེད་པ། མི་མངོན་པའི་བརྗོད་དོན་རིགས་ཤིག་སྔོག་འདོན་བྱེད་པ། གསར་བརྗེའི་སྙིང་སྟོབས་རིགས་ཤིག་གསར་བཞེངས་བྱེད་པ”བཅས་ནང་དོན་གཙོ་བོ་ཡིན་པའི“གཅིག་ཅན་བཅུ”ཡི་ཐུན་མིན་ཁྱད་ཆོས་འཛོམས་པའི་བྱ་འགུལ་ཁྱད་པར་བ་ཞིག་གསར་དུ་བཏོད་ནས་སྤེལ་དང་སྤེལ་བཞིན་ཡོད།

བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། ད་ལོའི་དབྱར་གཞུང་གི་རྫོགས་ལྡན་དུས་ཚིགས་སུ། མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ཁུལ་དང་རྫོང་སོ་སོ་ནས་ཕེབས་པའི་ཏང་སྲིད་དམག་ཁེ་དོན་ལས་སྡེ་ཚན30ལྷག་གི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་པ2600ལྷག་གིས་མགོ་ལོག་པད་མ་རྫོང་གི་དམར་དམག་ལུང་བའི་གསར་བརྗེའི་ཤུལ་བཞག་གནས་རྙིང་འདི་རུ་ཁྱབ་རྒྱ་ཆེན་པོའི་སྒོ་ནས་མུ་འབྲེལ་གྱི་བརྗོད་གཞི་སློབ་གསོའི་ལག་ལེན་བྱ་འགུལ་རབ་དང་རིམ་པ་ཞིག་སྤེལ་ཡོད། མིག་སྔར། “དམར་མདོག་གི་པད་མ”ཞེས་པའི་ཏང་ཡོན་ལས་བྱེད་པའི་སློབ་གསོའི་ཆས་རྟགས་འདི་ཉིད་ཀྱི་ཕྱི་ཕྱོགས་ལ་མིང་གྲགས་ཚད་དང་ཤུགས་རྐྱེན་ཐེབས་ཚད་རྒྱུན་མ་ཆད་པར་གོང་ནས་གོང་དུ་མཐོར་འདེགས་འབྱུང་བཞིན་ཡོད་ལ། “དམར་མདོག་གི་པད་མ”ཞེས་པའི་ཏང་ཡོན་ལས་བྱེད་པའི་སློབ་གསོའི་ཆས་རྟགས་འདི་ཉིད་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཉིན་རེ་བཞིན་སྐད་གྲགས་ཆེན་པོ་གང་སར་ཁྱབ་བཞིན་མཆིས། གོ་རིམ་རྗེས་མའི་དུས་སུ་རྫོང་འདིས་སྔར་ལས་ལྷག་པར“མདོག་གསུམ་པད་མ”འཛུགས་སྐྲུན་བྱེད་པར་དམ་པོར་དམིགས་ནས། དམར་མདོག་གི་སློབ་གསོའི་གསོ་སྦྱོང་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་རིགས་སྣ་མང་བའི་བརྗོད་གཞི་སློབ་གསོའི་བྱ་འགུལ་སྤེལ་བ་གཉིས་ཕན་ཚུན་ཟུང་འབྲེལ་ཅི་ཐུབ་བྱས་ཏེ། མགོ་ལོག་པད་མ་རྫོང་གི་དམར་དམག་ལུང་བ་གང་ལེགས་ཀྱིས་འཛུགས་སྐྲུན་བྱེད་རྒྱུ་དེ་ཉིད་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་སྲིད་གཙང་སློབ་གསོ་ཅི་དགར་དང་ལེན་བྱེད་ས་ཞིག་དང་ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་སའི་གལ་འགངས་ཆེ་བའི་སློབ་ཁང་ལྟ་བུར་འགྱུར་བར་མུ་མཐུད་དུ་འབད་འབུངས་ལྷོད་མེད་བྱ་རྒྱུ་རེད།

རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།