ལོ་རྒྱུས་ཀྱི་བདེན་དཔང་། དུས་རབས་ཀྱི་འཕོ་འགྱུར།
2018.09.17 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 77

ཡུས་ཧྲུའུ་ཁུལ་ནང་ཆེན་རྫོང་ཤར་མདའ་གྲོང་རྡལ་ཁྱིམ་འཐུས་སྡེ་བའི་རྒན་པོ་འཕྲིན་འཇམ་ནི་ད་ལོར་ལོ་ན་དོན་དགུ་ལ་སོན་ཡོད་ཅིང་། ཁོ་ནི་སྡེ་བ་དེ་རུ་ཏང་དང་མི་དམངས་ལ་ཞབས་འདེགས་ཞུས་པའི་དུས་ཚོད་རིང་ཤོས་ཀྱི་ཏང་ཡོན་རྒན་པ་ཞིག་ཡིན་ལ་ལོ་རྒྱུས་ཀྱི་བདེན་དཔང་མི་སྣ་ལྟ་བུར་ཡང་གྱུར་ཡོད།

1955ལོའི་ཟླ10པའི་ཚེས23ཉིན་ནང་ཆེན་རྫོང་ཤར་མདའ་གྲོང་རྡལ་ཁྱིམ་འཐུས་སྡེ་བར་ཡུས་ཧྲུའུ་ཁུལ་ཡོངས་ཀྱི་ཆེས་ཐོག་མའི་རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་ཀྲི་པུའུ་གསར་འཛུགས་བྱས་ཤིང་། གཡུང་དྲུང་དང་། ཀརྨ་མགོན་པོ། འོད་ཟེར་རྡོ་རྗེ། དགའ་བ་དོན་གྲུབ་བཅས་མི་སྣ་བཞི་བཅིངས་འགྲོལ་དམག་གི་འཐབ་མོ་པའི་སྣེ་སྟོན་འོག་ཏང་ནང་དུ་ཞུགས་པའི་དམ་བཅའ་ཐོག་མ་བཞག ཏང་ཡོན་རྒན་པ་འཕྲིན་འཇམ1959ལོར་ཏང་ནང་དུ་ཞུགས།དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་པ་ནི་མི་ཤུགས་དང་། དངོས་ཤུགས། རྒྱུ་ཤུགས་བཅས་ཕྱོགས་གང་ཐད་ནས་ཉམ་ང་ཉག་ཕྲའི་ལོ་ཟླ་ཞིག་ཡིན།ལོ་ཟླ་དེར་ཡུས་ཧྲུའུ་ཁུལ་ཡོངས་ཀྱི་ལོ་རྒྱུས་སྟེང་རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་ཀྲི་པུའུ་ཡིས་ཏང་ཡོན་དང་། དམངས་དམག མང་ཚོགས་བཅས་ཀྱི་སྣེ་ཁྲིད་དེ། དཀའ་བ་ཡོད་ཚད་ཁྱད་དུ་བསད་ཅིང་ཆོད་སེམས་དང་ཡིད་ཆེས་ལ་བརྟེན་ནས།སྐབས་དེར་མཚོན་ན་ཤིན་ཏུ་འགྲུབ་དཀའ་བའི་དམངས་ཕན་བཟོ་འགོད་ཅིག་སྟེ།ཤར་མདའ་གྲོང་རྡལ་གྱི་ཁྱིམ་འཐུས་སྡེ་བའི་དར་དམར་ཆུ་རྐ་ལས་མགོ་བརྩམས། དུས་ཡུན་ལོ་གསུམ་འགོར་བའི་དར་དམར་ཆུ་རྐ་དེ1967ལོར་ལེགས་འགྲུབ་བྱུང་བས་ཁྱིམ་འཐུས་སྡེ་བའི་ས་ཞིང་སྟེང་ཆུ་དཀོན་ཞིང་འབྲུ་རིགས་ཐོན་སྐྱེད་ཉུང་བའི་རྣམ་པ་ཡོངས་སུ་བསྒྱུར་ཏེ་མང་ཚོགས་ཀྱི་ཟ་འཐུང་གི་གནད་དོན་ཕྱོགས་ལ་ནུས་པ་བསམ་གྱིས་མི་ཁྱབ་པ་བཏོན་པ་རེད།

ཏང་ཡོན་རྒན་པ་འཕྲིན་འཇམ་ནི་ཁྱིམ་འཐུས་སྡེ་བའི་དར་དམར་ཆུ་རྐ་རྐོ་བའི་ལས་ཀའི་ཁྲོད་ཞུགས་མཁན་གྱི་ཏང་ཡོན་དཔེ་ལེགས་ཅན་ཞིག་ཡིན། ཁོ་རང་གུང་ཁྲན་ཏང་ལ་ཞུགས་པའི་ཉིན་དེ་ནས་བཟུང་།ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་དོན་སེམས་ལ་བཟུང་ཞིང་།སྡེ་བའི་ནང་གི་ཏང་ཡོན་གཞན་དག་ལའང་སྐུལ་སློང་བྱས་ཏེ།མང་ཚོགས་ལ་བདེ་སྐྱིད་བསྐྲུན་ཆེད་ཐུན་མོང་གིས་འབད་བརྩོན་བྱས།

ཏང་ཡོན་རྒན་པ་འཕྲིན་འཇམ་ཏང་ལ་ཞུགས་པའི་ལོ་དེ་ནས་བཟུང་སྟེ2017ལོའི་བར་དུ་ཁྱིམ་འཐུས་སྡེ་བའི་ཧྲེ་གཉིས་པ་དང་བཞི་པ་ལྔ་པ་བཅས་སུ་ཏང་ཡོན་གྱི་བྱ་བ་བསྒྲུབས་པ་ཡིན།ཁོ་ལ་ད་ལྟའི་འཚོ་བ་དང་གཞོན་པའི་དུས་ཀྱི་འཚོ་བ་གཉིས་གཤིབ་བསྡུར་བྱས་ཏེ།རང་གི་མྱོང་ཚོར་བཤད་རོགས་ཞེས་དྲི་བ་བཏོན་པ་ན། ཁོས་བཤད་རྒྱུར། དར་དམར་ཆུ་རྐ་བརྐོས་ཏེ་མང་ཚོགས་ཀྱི་ཁ་རྒྱབ་ཀྱི་དཀའ་ཁག་སེལ་བར་བརྩོན་པའི་ལོ་ཟླ་དེ་ནི་ཁ་ལ་བཟའ་རྒྱུ་དཀོན་ཞིང་རྒྱབ་ལ་གྱོན་རྒྱུ་སྲབ་པའི་དཀའ་སྡུག་གི་ལོ་ཟླ་ཞིག་རེད། སྐབས་དེར་ང་ཚོ་ཏང་ཡོན་རྣམས་ཀྱི་འགན་འཁྲི་ལྷག་ཏུ་ལྕི།དེའི་དབང་གིས་ཆུ་རྐ་རྐོ་སའི་བཟོ་འགོད་ཀྱི་གང་ས་གང་དུ་དར་དམར་བཙུགས་ནས་མང་ཚོགས་ལ་སྐུལ་སློང་བྱས་ཏེ་བཟོ་འགོད་ལེགས་འགྲུབ་བྱུང་།ད་ལྟ་མཚོན་ན་མང་ཚོགས་ཀྱི་འཚོ་བའི་ཁྲོད་དུ་ཆུ་རྐ་དེ་མེད་ཀྱང་གྱོང་གུད་མེད་དེ།རྒྱུ་མཚན་ནི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་ལག་བསྟར་བྱས་པའི་ཚུན་ལ་ཏང་གི་བཀའ་དྲིན་གྱིས་ང་ཚོའི་འཚོ་བར་རིམ་བཞིན་བཅོས་བསྒྱུར་ཆེན་པོ་བྱུང་སྟེ།གཏན་སྡོད་ཀྱི་ཁང་པ་མེད་པ་ནས་ཡོད་པར་གྱུར་པ་དང་། སྔོན་ཆད་རྐང་ཐང་དང་རྟར་བཞོན་ཏེ་བགྲོད་དགོས་སར་ད་ལྟ་གཞུང་ལམ་བསྐྲུན་ཏེ་འགྲིམ་འགྲུལ་སྟབས་བདེ་བར་གྱུར་ཡོད་ལ། སྔོན་ཆད་སློབ་གྲྭ་མེད་པ་ནས་ད་ལྟ་སློབ་གྲྭ་ཆུང་འབྲིང་ཡོད་པར་གྱུར་པས་ང་རང་གི་སེམས་ལ་གུང་ཁྲན་ཏང་ནི་རླབས་ཆེན་གྱི་ཏང་ཞིག་དང་།སེམས་ཁོང་ལ་ནམ་ཡང་མི་དམངས་ཀྱི་བདེ་སྡུག་བཅངས་པའི་ཏང་བཟང་པོ་ཞིག་ཡིན་པ་གསལ་པོར་རྟོགས་ཐུབ་ཟེར།

བཅར་འདྲིའི་བྱ་བ་མཇུག་རྫོགས་ལ་ཉེ་བའི་སྐབས་དེར།ཁོས་ཡང་བསྐྱར་ནན་གྱིས་བཤད་རྒྱུར།སྔོན་ཆད་ཏང་ཡོན་རྣམས་ལ་ཏང་གི་སྲིད་ཇུས་སྒྲོག་སྐབས་ཚང་མ་མཉམ་དུ་འདུ་སའི་གཏན་འཁེལ་གྱི་གནས་མེད་པས་དུས་ཚོད་རིང་པོ་དགོས་མོད།འོན་ཀྱང་ད་ལྟ་ཁྱིམ་འཐུས་སྡེ་བའི་ཏང་གི་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་ལེགས་འགྲུབ་བྱུང་ཡོད་ལ་དེས་ཕྱོགས་གཅིག་ནས་སྔོན་གྱི་ལོ་རྒྱུས་དྲན་གསོ་བྱ་ཐུབ་ཅིང་།ཕྱོགས་གཞན་ཞིག་ནས་ནང་ཆེན་རྫོང་གི་གྲོང་རྡལ་གཅིག་དང་ཞང་དགུའི་ཏང་ཡོན་ལས་བྱེད་པ་རྣམས་ལ་ཏང་གཤིས་སློབ་གསོ་སྦྱོང་བརྡར་བྱེད་པའི་གནས་གཞིའི་བྱེད་ནུས་ཐོན་གྱིན་ཡོད་པས་སྔོན་དང་བསྡུར་ན་ལྡབ་འགྱུར་གྱིས་སྟབས་བདེར་གྱུར་ཡོད།

གསར་བརྗེའི་འཐབ་འཛིང་གི་སྐབས་ཡིན་ཡང་རུང་ལ།བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་སྐབས་གང་ཡིན་རུང་།ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་མགོ་ཁྲིད་འོག་དམངས་ཕན་སྲིད་ཇུས་སྣ་ཚོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་འཚོ་བ་དང་ཐོན་སྐྱེད་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་ནི་མིག་མཐོང་ལག་ཟིན་ཡིན་པས་ང་ཚོ་ཏང་ཡོན་ཞིག་ཡིན་པའི་ཆ་ནས་འཚོ་བ་དང་ཁོར་ཡུག་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་འཐབ་འཛིང་བསམ་བློ་ཉམས་རྒུད་དུ་གཏན་ནས་མི་འགྲོ་བར་ཐོག་མའི་ཕུགས་འདུན་སེམས་ལ་བཅངས་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཡོན་ཞིག་ཡིན་པ་བརྗེད་མི་རུང་ཞེས་སྡེ་བའི་ན་གཞོན་ཏང་ཡོན་རྣམས་ལ་ཁོ་བོས་དུས་རྒྱུན་ཁ་ཏ་སློབ་གསོ་བཏང་བ་ཡིན་ཟེར།

ཏང་ཡོན་རྒན་པ་འཕྲིན་འཇམ་གྱིས་ཏང་ཡོན་ཞིག་གི་འགན་འཁྲི་ཡིད་ལ་བཅངས་ཏེ་ཁྱིམ་འཐུས་སྡེ་བའི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆེད་དུ་རང་གི་སྟོབས་ཤུགས་ཡོད་རྒུ་བཏོན་པས་ཞིང་ཆེན་དང་།ཁུལ།རྫོང་རིམ་པས་སྔོན་ཐོན་ཏང་གི་ལས་དོན་སྒྲུབ་མཁན་གྱི་མཚན་སྙན་ཐེངས་གང་མང་ལ་ཐོབ་མྱོང་། དེའི་སྟབས་ཀྱིས་ཁོ་རང་ལས་ཐོག་ཏུ་ཡོད་དུས་ནང་ཆེན་རྫོང་ཤར་མདའ་གྲོང་རྡལ་ཏང་ཨུ་སོགས་གོང་རིམ་མགོ་ཁྲིད་ཀྱིས་ཁོ་ལ་ཁྱིམ་འཐུས་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་དང་པོའི་འགན་འཁུར་དགོས་པའི་རེ་བ་ཡང་ཡང་བཏོན་ཀྱང་། ཁོས་དུས་རྒྱུན་ཁེངས་སྐྱུང་གི་སྒོ་ནས་འགན་དེ་ཕྲག་ཏུ་མ་བླངས་པར་སྤྱིར་བཏང་གི་ལས་གནས་སྟེང་ནས་སྤྱིར་བཏང་མ་ཡིན་པའི་བྱ་བ་བསྒྲུབས་ཏེ་མི་ལོ་ང་བརྒྱད་འདས་ཟིན་པས་ཁོ་ནི་ལོ་རྒྱུས་ཀྱི་བདེན་དཔང་དང་། དུས་རབས་ཀྱི་འཕོ་འགྱུར་དངོས་སུ་མཐོང་བའི་མི་སྣ་ཞིག་ཏུ་གྱུར་ཡོད།

རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།