སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱས་པས་མང་ཚོགས་ཀྱི་འཚོ་བ་འབྱོར་ཕྱུག་མངོན་འགྱུར་བྱུང་།
2018.09.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 60

མཚོ་སྔོན་ལ་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ཁུངས་དང་རང་བྱུང་གི་མཛེས་ལྗོངས་ཡོད་པས་འཛམ་གླིང་གི་ས་ཆ་སོ་སོ་ནས་ཡོང་བའི་ཡུལ་སྐོར་པ་འབོར་ཆེན་ཞིག་གི་ཡིད་དབང་འཕྲོག བསྡོམས་རྩིས་བྱས་པ་ལྟར་ན། 2017ལོར་ཞིང་ཆེན་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་སྣེ་ལེན་བྱས་ཚད་མི་ཐེངས་བྱེ་བ་གསུམ་དང་ས་ཡ་བཞི་འབུམ་བརྒྱད་ཁྲིག་བཞི་དང་སྟོང་གཅིག་ཙམ་ལ་བུད་པ་དང་། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མི་ཐེངས་ས་ཡ་གསུམ་དང་འབུམ་གཉིས་ཙམ་སྣེ་ལེན་བྱས། ཡུལ་སྐོར་མི་གྲངས་ཇེ་མང་དུ་སོང་བ་དང་བསྟུན་ནས། མཛེས་ལྗོངས་ཁུལ་གང་མང་ཞིག་གི་ཉིན་རེའི་གད་སྙིགས་ལས་ཀ་སྒྲུབ་ཚད་ཀྱིས་མི་རྣམས་ཧ་ལས་སུ་བཅུག་ཅིང་། གད་བདར་བྱེད་མཁན་རྣམས་ཤིན་ཏུ་ཐང་ཆད་པར་གྱུར།

མཛེས་སྡུག་གི་ཡུལ་ལྗོངས་ནི་དཔལ་ཡོན་གྱི་སྤུས་ཚད་དང་གཅིག་རམ་གཅིག་འདེགས་སུ་གནས། དེ་ལ་འོས་བབ་ཀྱི་བྱེད་ཐབས་སྤྱད་དེ་ཡུལ་སྐོར་པ་རྣམས་ལ་གད་སྙིགས་མི་གཏོར་བའི་གོམས་གཤིས་ཆགས་སུ་འཇུག་དགོས། གཅིག་ནས་སྒྲིག་བཀོད་སྣ་ཚོགས་འཐུས་ཚང་དུ་གཏོང་དགོས། ལྗོངས་ཁུལ་དུ་སྒྲིག་བཀོད་དང་སྒྲིག་ཆས་མཁོ་འདོན་བྱ་དགོས་ཏེ། དཔེར་ན། རིན་མི་ལེན་པར་ཡུལ་སྐོར་པ་རྣམས་ལ་ཁོར་སྲུང་གི་འགྱིག་ཁུག་སྟེར་བ་དང་། གད་སྙིགས་སྒམ་འོས་འཚམ་གྱི་གནས་སུ་འཇོག་པ། ཀུན་གྱིས་མཐོང་ཐུབ་པའི་བརྡ་སྟོན་བྱང་བུ་བཙུགས་ཏེ། ཡུལ་སྐོར་པ་རྣམས་ལ་གད་སྙིགས་དང་མཁོ་མེད་དངོས་པོ་གཙང་སེལ་བྱེད་པར་སྟབས་བདེ་བསྐྲུན་དགོས། གཉིས་ནས་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་དགོས། ལྗོངས་ཁུལ་དུ་འཕྲིན་ཐུང་སྐུར་བ་དང་། ཡི་གེ་སྦྱོར་བ། འཕྲེད་ཡིག་འགེལ་བ་སོགས་ཀྱི་ཐབས་ལམ་དང་རྣམ་པ་སྤྱད་དེ། དཔལ་ཡོན་ལྡན་པའི་ལྟ་སྐོར་སྐུལ་སྤེལ་བྱེད་པ་དང་། ལྗོངས་ཁུལ་ཁོར་སྲུང་སྐོར་གྱི་བརྗོད་དོན་བྱ་འགུལ་འོས་འཚམས་སྤེལ་བ། དམངས་ཡོངས་སློབ་གསོ་ཁྱབ་བརྡལ་དུ་གཏོང་དགོས། གསུམ་ནས་བྱ་དགའ་དང་ཆད་གཅོད་ཀྱི་བྱེད་ཐབས་ལག་བསྟར་ནན་མོ་བྱ་དགོས། མཛེས་ལྗོངས་ས་ཁུལ་དུ་ཞུ་གཏུག་ས་གནས་འཛུགས་པ་དང་། ཁ་པར་ཞུ་གཏུག་བྱེད་པ། ལྟ་སྐུལ་སྒྲིག་བཀོད་འཛུགས་པ་སོགས་བྱས་ཏེ། ཡུལ་སྐོར་པ་རྣམས་ཕན་ཚུན་ལྟ་སྐུལ་དང་། ལས་སྒྲུབ་མི་སྣར་ལྟ་སྐུལ་ཚོད་འཛིན་གྱིས་ཁྱབ་པ། ཞིབ་བཤེར་བྱས་པ་བརྒྱུད་དོན་དངོས་ཡིན་ཚེ། ལྗོངས་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གིས་ཞུ་གཏུག་ཡུལ་སྐོར་པར་བྱ་དགའ་སྟེར་བ། གད་སྙིགས་གང་སར་གཏོར་བ་སོགས་ཚུལ་ལྡན་མིན་པའི་ཡུལ་སྐོར་པར་སྒྲིག་འགལ་གྱི་ཚད་གཞི་ལྟར་འོས་བབ་ཀྱི་ཆད་པ་གཅོད་དགོས།

དེང་སྐབས་ནི། རང་ཞིང་གི་ཡུལ་སྐོར་ཆེས་མང་བའི་དུས་སྐབས་སུ་ཁེལ་ཡོད་པས། ཕྱི་རོལ་ཏུ་སོང་སྟེ་སྤྲོ་རྩེད་ལ་རོལ་བའི་ཡུལ་སྐོར་པ་རྣམས་ལ་གད་སྙིགས་གང་སར་གཏོར་དུ་མི་འཇུག་པར། “སྔོ་ལྗང་གི་རི་ཆུ་སྲུང་སྐྱོབ་བྱེད་པ་དང་། ཡུལ་སྐོར་པའི་འགུལ་སྐྱོད་ཀྱི་རྗེས་ཤུལ་མི་མཐོང”བའི་བྱ་འགུལ་དར་སྤེལ་ཤུགས་ཆེན་བཏང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་ཚིགས་སྟེང་འགྲེང་སྟེ། མུ་མཐུད་ཤུགས་འདོན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་པ་བཟང་པོ་ཞིག་བྱེད་དགོས་པ་དང་། ཚུལ་ལྡན་ཡུལ་སྐོར་བྱ་བ་ལེགས་པོར་སྒྲུབ་པའི་ལག་ལེན་པ་དང་བརྒྱུད་སྒྲོག་པ་ཞིག་བྱ་དགོས།

ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་སུ་བཏང་ན་ངལ་རྩོལ་ལས་ཚུད་རྒྱ་བསྐྱེད་ཐུབ་ལ་དཔལ་འབྱོར་ཡོང་སྒོའང་འཕར་ཐུབ། ཞིང་སྡེའི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་རྒྱུན་འཁྱོངས་བྱས་ཏེ། ཞིང་སྡེ་རུ“བཅོས་སྐྱོང་གོ་ཆོད་པ”མངོན་འགྱུར་བྱུང་། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཞི་ཧྲན་ཞང་ཡ་ཧི་སྡེ་བས་ཡུལ་སྐོར་ལ་བརྟེན་ནས་སྡེ་མི་རང་ཉིད་ཀྱི་བདེ་སྐྱིད་ཐོན་ལས་བསྐྲུན།

“ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ཞན་པ་དང་ཐོན་ལས་ཀྱི་གྲུབ་ཚུལ་སྣ་རྐྱང་ཡིན་པ། རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་དང་ཐོན་ལས་འཕེལ་རྒྱས་རྗེས་ལུས་ཡིན་པ”བཅས་ཀྱི་ཐན་སྐམ་རི་མ་ས་ཁུལ་དུ་གནས་པའི་ཡ་ཧི་སྡེ་བ་ནི་མི་མང་ལ་སྡེ་བ་ཆེ་བ། མི་རེར་ཐེམ་པའི་ས་ཞིང་ཉུང་བ། ལོ་རེའི་ཡོང་སྒོ་རྐྱང་བ་སྒོར་སྟོང་གསུམ་ལའང་མི་སླེབས་པས། ཡོང་སྒོའི་ཡོང་ཁུངས་གཙོ་བོ“གནམ་ལ་བརྟེན་པ”དང་ཕྱི་རུ“གླ་རྒྱག་པར”བརྟེན་དགོས།

ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་བྱ་བའི་ཚན་ཆུང་སྡེ་བར་བསྡད་རྗེས། སྡེ་བ་ཧྲིལ་པོ་ས་བབ་དང་བསྟུན་ནས“མཛེས་སྡུག་གི་བྱང་ཕྱོགས་སྐས་ཞིང”སྤྲོ་གསེང་སྡེ་བ་བསྐྲུན་ཏེ། འདེབས་འཛུགས་གསོ་སྤེལ་དང་ཞིང་ཕྱུགས་ཐོན་རྫས་ལས་བཟོ་བྱེད་པ། ཐོན་ལས་དང་མཉམ་འདྲེས་བྱས་ཏེ་ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བའི་རིག་ལམ་བཏོན།

ལོ་གཅིག་གི་དུས་ཚོད་ཐུང་ངུའི་ནང་དུ་ཡ་ཧི་སྡེ་བས“ཡ་ཧིའི་ཆེས་མཛེས་པའི་བྱང་ཕྱོགས་སྐས་ཞིང”བསྐྲུན་པ་དང་། “དགའ་སྤྲོའི་ཞིང་ར”ཕྱེས་པ། “ཞིང་ཞོར་ཁྱད་ལྡན་ཐོན་རྫས་གྲོང་ཁྱེར་དུ་འདྲེན་པའི”བགྲོད་ལམ་བཏོད་པ་སོགས་ཀྱི་ལས་ཀ་སྒྲུབ་པས། སྔོན་ཆད་མིང་ཡང་ཐོས་མ་མྱོང་བའི་སྡེ་བ་ཆུང་ཆུང་དེས་གྲོང་ཁྱེར་པ་མི་ཉུང་བ་ཞིག་གི་མིག་དབང་འཕྲོག་ནས་ལྟད་མོ་དང་སྤྲོ་གསེང་། ཉམས་ལེན་བཅས་བྱེད་དུ་ཡོང་བའི་ཞིང་སྡེའི་ཡུལ་སྐོར་བྱེད་ཡུལ་ཞིག་ཏུ་གྱུར།

ད་ལྟ་སྡེ་བ་ཐུན་མོང་ནས་ཧུའུ་ཀྲུའུ་ཡི་མཛེས་སྡུག་ལྡན་པའི་བྱང་ཕྱོགས་སྐས་ཞིང་ཡུལ་སྐོར་ཚད་ཡོད་ཀུང་སི་ཐོ་འགོད་བྱས་ནས་བཙུགས་པར་མ་ཟད། “ཡ་ཧིའི་ཆེས་མཛེས་པའི་བྱང་ཕྱོགས་སྐས་ཞིང”གི་ཚོང་རྟགས་དང་སྐད་འཕྲིན་སྤྱི་སྟེགས་ཀྱང་ཐོ་འགོད་བྱས། “སྤྲོ་སྐྱིད་ཞིང་ར”ཕྱེས་ཏེ་སྐད་འཕྲིན་སྤྱི་སྟེགས་བརྒྱུད་ནས་ཡུལ་སྐོར་པ་བཀུགས། ད་རུང་ཇ་གསོལ་ར་བ་གསུམ་དང་ཞིང་པའི་སྤྲོ་སྐྱིད་ཁང་སྣེ་ལེན་བྱེད་ས་དགུ་ཕྱེས་ནས། ཁྱད་ཆོས་མངོན་གསལ་གྱི་ཞིང་པའི་ཟ་མ་དང་རང་ཡུལ་གྱི་ཁྱད་ལྡན་ཐོན་རྫས་ཀྱིས་རྫོང་མཁར་དང་ཟི་ལིང་གི་ཡུལ་སྐོར་པ་མང་པོ་བཀུག

“ལོ་ངོ་གཅིག་ལྷག་རིང་གི་ཡ་ཧི་སྡེ་བའི་འགྱུར་ལྡོག་ནི་ཚང་མས་མཐོང་ཐུབ། སྔོན་ཆད་སྡེ་བའི་ནང་དུ་རྒན་པ་དང་བྱིས་པ་མ་གཏོགས་མེད། ད་ལྟ་ཕྱི་རུ་གླ་རྒྱག་ཏུ་འགྲོ་བཞིན་པའི་ངལ་རྩོལ་པ་ཚང་མ་ཕྱིར་སྡེ་བའི་ནང་དུ་ཐོན་ཡོད་ལ། ཇ་གསོལ་ར་བ་འབྱེད་མཁན་དང་ཞིང་པའི་སྤྲོ་སྐྱིད་ཁང་འབྱེད་མཁན། ད་རུང་ཁྱིམ་བྱ་གསོ་མཁན། ཞོ་བསྙལ་མཁན། ཕིང་སྦོམ་པོ་ལས་མཁན་སོགས་ཀྱི་ལས་ཀ་གཉེར་བས། འགྱུར་ལྡོག་ཆེས་ཆེ་བ་ནི་སྡེ་བའི་ནང་ཡུལ་སྐོར་ཡོང་མཁན་ཇེ་མང་དུ་སོང་ཡོད། ཚང་མས་རང་ཚང་གི་སྒོ་ཁ་ནས་སྒོར་མོ་བཙལ་ཐུབ”ཅེས་སྡེ་མི་ཝེ་ཡུང་ཧུང་གིས་དེ་ལྟར་བཤད།

ན་ནིང་གི་ལྔ་པའི་ཚེས་ལྔའི་དུས་ཆེན་ལ། ལོ་ངོ་གཅིག་ལྷག་གི་རིང་ལ་སོམ་ཉིའི་དྲ་བར་ཚུད་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་ལི་ཧྲི་ཁྲུང་གིས་རང་ཚང་གི་སྡོད་ཁང་ཞིང་པའི་སྤྲོ་སྐྱིད་ཁང་དུ་བསྒྱུར། ཁོས“ན་ནིང་གཞན་གྱིས་སྒོར་མོ་བཙལ་བ་མཐོང་ན་རང་ཉིད་བྲེལ་འཚུབ་སྐྱེས་པ་ཞིག་རེད། དབུལ་སྐྱོར་བྱ་བའི་ཚན་ཆུང་གི་རོགས་རམ་འོག་ཏུ། ད་ལྟ་ངས་ཀྱང་ཞིང་པའི་སྤྲོ་སྐྱིད་ཁང་ཕྱེས་ཡོད། སྒོར་མོ་བཙལ་ཞོར་དུ་རྒན་པ་དང་བྱིས་པའང་བདག་སྐྱོང་བྱེད་ཐུབ”ཟེར།

ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་སུ་བཏང་བ་བརྒྱུད་ནས། ཡ་ཧི་སྡེ་བའི་མང་ཚོགས་ཀྱིས་རང་ཡུལ་ནས་ལས་ལ་བརྩོན་ཏེ་ཕྱུག་བསྒྱུར་བྱས་པས། ཡོང་སྒོ་མངོན་གསལ་གྱིས་ཇེ་མང་དུ་སོང་བ་དང་། ཕྱི་རུ་གླ་རྒྱག་ཏུ་སོང་སྟེ་ཡུལ་དུ་བསྐྱུར་ཡོད་པའི་བྱིས་པའི་སློབ་གསོའི་གནད་དོན་དང་བཟའ་ཚང་བར་གྱི་བརྗེ་རེས་གནད་དོན། རྒན་གསོ་གནད་དོན་སོགས་སྤྱི་ཚོགས་གནད་དོན་མང་པོ་ཞིག་ཐག་གིས་བཅད་ནས། མང་ཚོགས་རང་ཚང་གི་སྒོ་ཁ་ནས་སྔར་བས་ཕུན་སུམ་ཚོགས་པ་དང་། སྔར་བས་འགན་སྲུང་ཡོད་པ། སྔར་བས་རྒྱུན་མཐུད་ཆོག་པའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཡོད་པར་གྱུར།

ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བ་ནི་ཞིང་པ་རྣམས་ལ་རོགས་རམ་བྱས་ཏེ་དབུལ་ཐར་ཕྱུག་བསྒྱུར་བྱེད་སྤྱད་ཀྱི་ཐབས་ལམ་གཙོ་བོ་རེད།

2015ལོར། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་ན་ལུང་ཁོག་གྲོང་རྡལ་ཁ་ཡངས་སྡེ་བས་མཚོ་སྔོན་ཞང་ཆུས་ཁ་ཡངས་རི་མགོའི་ཡུལ་སྐོར་སྤྲོ་གསེང་ལྗོངས་ཁུལ་བསྐྲུན། ལོ་ངོ་གཅིག་གི་རིང་ལ། ཀུང་སི་འདིའི་སྣེ་ཁྲིད་འོག་སྡེ་བ་ཧྲིལ་པོའི་ཡུལ་སྐོར་དང་རིག་གནས། ལུས་རྩལ་དང་ཞིང་ལས་ཐོན་ལས་བཅས་མཉམ་འདྲེས་འཕེལ་རྒྱས་བཏང་བ་བརྒྱུད་ནས། སྡེ་བ་ཧྲིལ་པོའི་དབུལ་ཕོངས་ཁྱིམ་ཚང་ཞེ་བཞིའི་སྣེ་ཁྲིད་ནས་ཚང་མ་དབུལ་ཐར་བྱུང་བ་དང་། མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་སྟོང་གསུམ་ནས་སྒོར་ཁྲི་ཡན་དུ་སླེབས།

ད་ལྟ་ཁ་ཡངས་སྡེ་བའི་ཕྱིའི་རྣམ་པ་གྲལ་དག་ལ་གཙང་མ་ཡིན་པ་དང་། གཞུང་ལམ་འགྲམ་ངོགས་ཀྱི་གློག་སྒྲོན་ལྷང་ངེར་འཚེར། ལམ་འགྲམ་གྱི་མེ་ཏོག་ལྷུག་པོར་བཞད་པ་དང་། ཐང་ཆེན་སྟེང་དུ་ལུས་སྦྱོང་སྒྲིག་ཆས་གང་མཁོ་ཚང་མ་ཡོད། སྡེ་བའི་རྣམ་པ་ཇེ་མཛེས་སུ་གྱུར་པ་དང་མི་རེའི་ཆ་སྙོམས་ཡོང་སྒོ་ལོ་རེ་བཞིན་འཕར་བ་དང་བསྟུན་ནས། སྡེ་བའི་ནང་གི་ཁྱིམ་ཚང་ཚང་མས་རླངས་འཁོར་ཉོས།

2017ལོར། ཡིའུ་ཙེ་ཝན་ཞིང་གྲོང་གི་སྤྲོ་གསེང་གནས་ཕྱེས་ནས་ཉིན་བདུན་ཅུ་ཡི་རིང་ལ་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་པ་མི་ཐེངས་ཁྲི་དྲུག་སྣེ་ལེན་བྱས། ལྗོངས་ཁུལ་གྱི་སྒོ་གླ་དང་ཞིང་པའི་སྤྲོ་སྐྱིད་ཁང་གི་བཟའ་བཏུང་། ཞིང་ལས་ཐོན་རྫས་ཕྱིར་བཙོང་སོགས་ཀྱི་ཕྱོགས་བསྡུས་ཡོང་སྒོ་སྒོར་འབུམ་དགུ་ཙམ་ལ་སླེབས་པ་དང་། ཐད་ཀར་སྡེ་བ་ཧྲིལ་པོའི་ཁྱིམ་ཚང་དྲུག་ཅུ་ལྷག་ལས་ཀར་ཚུད་དུ་བཅུག་ནས་ཁྱིམ་ཚང་རེའི་ཡོང་སྒོ་སྒོར་ཁྲི་གཅིག་འཕར་བ་དང་། དེའི་ནང་དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་སྒོར་སྟོང་བརྒྱད་འཕར་དུ་བཅུག

ཡུལ་སྐོར་ལས་རིགས་ནི་ངལ་རྩོལ་ཚགས་དམ་པའི་ཐོན་ལས་ཤིག་ཡིན་པས། ངལ་རྩོལ་པ་ལྷག་མ་མང་པོ་ཞིག་ལས་ཀར་ཚུད་དུ་འཇུག་ཐུབ། ཞིང་སྡེའི་ཡུལ་སྐོར་གྱིས་ཞིང་སྡེའི་ངལ་རྩོལ་ལྷག་མའི་ལས་ཞུགས་ཐད་གོ་སྐབས་ཆེན་པོ་འདོན་སྤྲོད་བྱེད་ཐུབ་ལ། དོ་དམ་བྱེད་པ་དང་ཞབས་འདེགས་ཞུ་བ་བརྒྱུད་ནས་ངལ་རྩོལ་པ་ལྷག་མ་མང་པོ་ཞིག་གིས་རང་ཚང་གི་སྒོ་ཁ་ནས་ལས་ཀ་ལས་ཐུབ་པར་མ་ཟད། དངུལ་གཏོང་དང་ཡུལ་སྐོར་ལས་རིགས་ཀྱི་ཚོང་གཉེར་ལ་ཞུགས་ན་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་མུ་མཐུད་དུ་རྒྱ་བསྐྱེད་ནས་ཡོང་སྒོ་མངོན་གསལ་གྱིས་འགན་སྲུང་དང་ཇེ་མཐོར་གཏོང་ཐུབ།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།